Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིགས་དྲུག་བསྲེག་སྦྱོང་གནད་བསྡུས།
   
   
   
   
   
   
   
   
   
   
   


 
previousརིགས་དྲུག་བསྲེག་སྦྱོང་གནད་བསྡུས། next

རིགས་དྲུག་བསྲེག་སྦྱོང་གནད་བསྡུས།

སྐལ་ལྡན་འཇུག་ངོགས་ལས། ལྷའི་ས་བོན་ང་རྒྱལ་ཏེ། དེ་ལ་དབྱེ་ན་བདུན། ལྷ་མིན་གྱི་ས་བོན་ལྟ་བ་སྟེ་དེ་ལ་དབྱེ་ན་ལྔ། མིའི་ས་བོན་ཐེ་ཚོམ། དུད་འགྲོའི་ས་བོན་གཏི་མུག་གམ་མ་རིག་པ་སྟེ་འདི་གཉིས་དོན་གཅིག་པར་མདོ་ལས་བཤད་དོ། །ཡི་དྭགས་ཀྱི་ས་བོན་འདོད་ཆགས། དམྱལ་བའི་ས་བོན་ཁོང་ཁྲོའམ་ཞེ་སྡང་སྟེ། དེ་དག་གི་འཁོར་ནི་ཁྲོ་བ་ལ་སོགས་པ་ཉེ་ཉོན་རྣམས་ལས་ཅི་རིགས་པར་སྦྱང་བ་རྣམས་སོ། །ཞེས་གསུངས།

ང་རྒྱལ་བདུན་ནི། རང་ལས་ཡོན་ཏན་ཆུང་བ་ལ་དམིགས་ནས་འདི་ལས་བདག་ཆེ་ལ་མཚུངས་པ་དང་མཉམ་མོ་སྙམ་པ་ང་རྒྱལ་ཙམ་མམ་ཆུང་བའི་ང་རྒྱལ། མཚུངས་པ་བས་ཀྱང་བདག་ཆེའམ་འཕགས་ལ་ཆེ་བ་དང་མཉམ་པར་འཛིན་པ་ཆེ་བའི་ང་རྒྱལ། ཆེ་བ་ལས་ཀྱང་བདག་འཕགས་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ང་འོ་སྙམ་དུ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བདག་དང་བདག་གིར་ལྟ་བ་ང་འོ་སྙམ་པའི་ང་རྒྱལ། གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་པ་མངོན་པའི་ང་རྒྱལ། ཆེས་འཕགས་པ་བས་བདག་ཅུང་དམན་མོད་ཀྱི་འོན་ཀྱང་བཟང་ངོ་སྙམ་པ་ཅུང་ཟད་སྙམ་པའི་ང་རྒྱལ། ཡོན་ཏན་མིན་པའི་སྐྱོན་ཉིད་ཡོན་ཏན་དུ་རློམ་ནས་ང་རྒྱལ་བ་ལོག་པའི་ང་རྒྱལ་བའོ། །

ལྟ་བ་ལྔ་ནི། མཁས་འཇུག་རྩ་བ་ལས། འཇིག་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གི་བར་ལྟ་བ་སྟེ། ལྟ་བ་གཞན་གྱི་རྟེན་བྱེད་པའོ། །མཐར་འཛིན་པའི་ལྟ་བ་ནི་བདག་གམ་ཕུང་པོ་ལྔ་ལ་རྟག་པ་དང་ཆད་པར་འཛིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་ནི། ལས་རྒྱུ་འབྲས་སོགས་ཡོད་པའི་དོན་ལ་མེད་པར་ལྟ་བ་སྟེ། དགེ་རྩ་གཅོད་པར་བྱེད་པའི་ལས་ཅན་ནོ། །ལྟ་བ་མཆོག་འཛིན་ནི། གོང་གི་ལྟ་བ་ངན་པ་གསུམ་དང་ལྟ་བའི་གནས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་མཆོག་དང་དམ་པར་ལྟ་བ་སྟེ་ལྟ་ངན་ལ་མངོན་པར་ཞེན་པར་བྱེད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། །འདག་གྲོལ་མ་ཡིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཕུང་ལྔ་ལ་འདག་གྲོལ་ངེས་འབྱིན་དུ་ལྟ་བ་སྟེ། ངལ་བ་འབྲས་བུ་མེད་པར་བྱེད་པའི་ལས་ཅན་ནོ། །ཞེས་དང་། ཐེ་ཚོམ་ནི། བདེན་པའི་དོན་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་ལ་མི་འཇུག་པའི་ལས་ཅན་ནོ། །ཞེས་གསུངས། སྐལ་ལྡན་འཇུག་ངོགས་ལས། འདིར་སྦྱོང་བྱེད་ཀྱི་གཉེན་པོ་སྒོམ་པ་ནའང་། བརྟེན་པའི་ས་བོན་དྲུག་པོ་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མེས་བསྲེག་པ་དང་། རྟེན་གྱི་ས་བོན་དྲུག་པོ་དེ་ཡི་གེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱི་མེས་བསྲེག་པ་སྟེ། དེ་ལྟ་བུའི་རིགས་དྲུག་སྲེག་སྦྱོང་བྱས་ན་དོན་ལ་གནས་པ་ཡིན་ནོ། །ཞེས་གསུངས་སོ།།


previousརིགས་དྲུག་བསྲེག་སྦྱོང་གནད་བསྡུས། next