Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྨི་ལམ་འཛིན་ཚུལ་གྱི་ཞལ་གདམས་ཉུང་བསྡུས།
   
   
   
   
   
   
   
   
   
   


 
previousརྨི་ལམ་འཛིན་ཚུལ་གྱི་ཞལ་གདམས་ཉུང་བསྡུས། next

རྨི་ལམ་འཛིན་ཚུལ་གྱི་ཞལ་གདམས་ཉུང་བསྡུས།

སྤྱིར་རྨི་ལམ་སོགས་དང་པོ་ཟིན་པ་ལ་ཕྱིས་ནི་མི་ཟིན་པར་འགྱུར་བའི་རིགས་ནི་ཁྲིད་གཞུང་རྣམས་ལས་ནི་དགེ་སྦྱོར་གྱི་འདུན་པ་ཞན་དུ་ཐལ་བ་དང་། དཀོར་ཟས་ཀྱི་རིགས་དང་ཁྱད་པར་དཀོན་མཆོག་གི་སྐུ་གསུང་ཐུགས་རྟེན་བཙོང་བའི་སྐུ་གླུད་ཟ་བའི་རིགས་དང་། དམ་ཚིག་ཉམས་ཆགས་ཀྱི་རིགས་རང་གིས་མ་ཚོར་བར་ཡོད་པའི་རིགས་སོགས་ལས་རྨི་ལམ་དུ་དགེ་སྦྱོར་འགྲིབ་འགྲོ་བར་བཤད་ཀྱང་། ཁྱེད་ལ་དེ་འདྲའི་རིགས་འཕྲལ་དུ་འོང་དོན་མེད་ཚེ་རང་བཞིན་གྱིས་ན་སོ་རྒན་དུ་སོང་བས་འབྱུང་བའི་ཆ་ཐམས་ཅད་རིམ་གྱིས་རྒུད་དུ་སོང་བའི་སྟབས་ཀྱིས་དགེ་སྦྱོར་རྩལ་ཡང་ཆུང་ངུར་འགྲོ་བར་སྣང་བས་དེ་འདྲ་ཞིག་ཡིན་ཤས་ཆེ་ཡང་། འོད་གསལ་གྱི་གོང་ལྟར་ཉིན་སྣང་གི་དགེ་སྦྱོར་དྲན་རིག་རྗེན་པ་སྐྱོང་བའི་རྩོལ་བ་ཞན་དུ་མ་སོང་ན་རྨི་ལམ་ཙམ་མ་ཟིན་ཀྱང་སྐྱོན་ཆུང་ལ། ཉིན་སྣང་གི་ཐུགས་དམ་དངོས་འདི་ཞན་དུ་འགྲོ་ན་ནི་རྨི་ལམ་ཟིན་ཐབས་ཀྱང་མེད་ལ་སྐབས་རེ་ཙམ་ཟིན་པས་ཕན་པ་མེད་པས། གཙོ་བོ་དྲན་རིག་ཡེངས་མེད་ཁོ་རང་ལ་དམར་འཇུས་བྱེད་པ་གལ་ཆེ་ཞིང་། དེའི་ངང་ལ་ཉིན་པར་གྱི་བྱ་བྱེད་སྨྲ་བརྗོད་ཟ་འཐུང་འགྲོ་འདུག་སོགས་སྣང་བ་ཅི་ཤར་ཐམས་ཅད་རྨི་ལམ་གྱི་རང་བཞིན་ཡིན་ནོ་སྙམ་པ་དང་། རྨི་ལམ་གྱི་སྣང་བ་འདི་འཁྲུལ་བ་རང་ཤར་བཏང་ན་མི་རུང་བས་ཐུགས་དམ་ཟིན་པར་བྱའོ་སྙམ་པའི་དྲན་འདུན་མ་ཆད་པར་བྱས་ན་རྨི་ལམ་ཡང་ཟིན་པར་འགྱུར་ལ། དེ་ལ་དགེ་སྦྱོར་གྱིས་ཀྱང་སླེབ་པར་འགྱུར་ཞིང་། རྨི་ལམ་ཟིན་ཡང་ཐུགས་དམ་གྱི་ངོ་བོ་མ་སླེབ་ན་དགོས་ཆེད་མེད་པས། ཐུགས་དམ་ཉིད་ལ་གཙོ་བོར་སྟོན་པ་དང་། གཉིད་དུ་འགྲོ་ཁར་རང་ཉིད་ཀྱི་སྙིང་ཁར་འཇའ་འོད་ལྔ་ལྡན་གྱི་ཐིག་ལེ་རྨ་བྱའི་མདོངས་ཙམ་གཅིག་གི་ནང་དུ། རྩ་བའི་བླ་མ་འཇའ་འོད་ཀྱི་སྐུ་ལྟ་བུ་མཉམ་བཞག་གི་ཕྱག་རྒྱ་མཛད་ནས་བཞུགས་པ་གཅིག་བསྒོམས་ལ། དད་མོས་གདུང་ཤུགས་ཆེན་པོས་ཡིད་ཀྱིས་གསོལ་བ་བཏབ་སྟེ། རྨི་ལམ་འཁྲུལ་བ་ཞི་ནས་རང་རིག་འོད་གསལ་མངོན་དུ་འགྱུར་བར་བྱིན་གྱིས་རློབས་ཤིག་སྙམ་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། ཡང་གཉིད་ནམ་སད་དུ་དམིགས་པ་དང་མོས་གུས་དེ་ཀ་འཕྲོ་མཐུད་ཅིང་གཉིད་དུ་ནམ་ལོག་ཀྱང་འདི་མ་བརྗེད་པར་རྒྱུན་ལྡན་དུ་བྱས་ན་བྱིན་རླབས་ཆེ་བ་ཡིན། དེ་ལྟར་རྒྱུན་ལྡན་དུ་བྱས་པས་རེ་འགའ་རྨི་ལམ་ཟིན་པ་བྱུང་ཡང་དགའ་བྲོད་དང་ཞེན་པ་མི་བྱ། གཏན་ནས་མ་ཟིན་ཀྱང་སྡུག་བསྔལ་དང་སྒྱིད་ལུགས་པ་སོགས་མི་བྱ་བར། ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་པར་ཤེས་པ་དང་སྐུ་ཐུགས་རྟེན་གཉིས་དབྱེར་མེད་དུ་འབུང་། གཉིད་དུ་ལོག་ཁར་དམིགས་པ་འདི་དུས་རྟག་ཏུ་རྒྱུན་མཐུད་ན་འཕྲལ་མར་ཟིན་ཐུབ་པ་མ་བྱུང་ཡང་གཏི་མུག་གི་སྒྲིབ་པ་སེལ་བའི་དགོས་ཆེད་ཡོད་པ་དང་། ཕན་ཡོན་དཔག་ཏུ་མེད་པས་དེ་ལྟར་རྒྱུན་བརྩོན་གནང་བར་ཞུ།།


previousརྨི་ལམ་འཛིན་ཚུལ་གྱི་ཞལ་གདམས་ཉུང་བསྡུས། next