Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་རྫོགས་ལུགས་ཀྱི་ཉོན་མོངས་ལམ་དུ་འཁྱེར་ཚུལ།
   
   
   
   
   
   
   
   
   


 
previousཕྱག་རྫོགས་ལུགས་ཀྱི་ཉོན་མོངས་ལམ་དུ་འཁྱེར་ཚུལ། next

ཕྱག་རྫོགས་ལུགས་ཀྱི་ཉོན་མོངས་ལམ་དུ་འཁྱེར་ཚུལ།

སློབ་དཔོན་གང་དྲུང་གིས་ཁར་སེང་ཨ་བོ་ལ་གཟེར་གདམས་བརྗོད་པའི་ཐུགས་དམ་གྱི་སྐོར་ལ་འཕྲལ་རྐྱེན་ཞེ་སྡང་དྲག་པོ་ལྟ་བུ་ངོ་ཐོག་ཏུ་བཞག་ཀྱང་མྱུར་དུ་རང་ཞི་ཐུབ་པ་དཀའ་བ་ཞིག་འདུག་གསུངས་པ་དེ་ཤིན་ཏུ་ཐུགས་བདེན་ཏེ། དེ་ལྟར་འཕྲལ་མར་ཞི་ཐུབ་པ་རང་གི་ཐུགས་དམ་གྱི་རྩལ་དགའ་རབ་ཡོད་པ་མ་གཏོགས་གང་ཟག་ལས་དང་པོ་བས་དེ་ལྟར་མི་ཐུབ་ཅིང་། སྤྱིར་ན་རྣམ་རྟོག་འགྱུ་བ་ཕྲ་མོའི་རིགས་རྣམས་ལ་ངོས་ཟིན་པ་ཙམ་གྱིས་རང་ཞིར་འགྲོ་བ་མ་གཏོགས་དེ་ལས་ཐབས་གཞན་མི་དགོས་པས་ངོས་ཟིན་ཐོག་ཏུ་བསྐྱར་བ་ཁོ་ནས་ཆོག །ཞེ་སྡང་དྲག་པོའི་སྡུག་བསྔལ་ན་ཚ་ཟུག་གཟེར་སོགས་ལས་ནི། དེ་ལྟ་བུའི་ཚོར་བ་དྲག་པོ་ལྷང་ལྷང་བ་དེ་ཀ་ལ་རང་སེམས་ཁོ་རང་གིས་རྩེ་གཅིག་གིས་ཕུར་ཚུགས་སུ་ཧྲིག་གེར་གཏད་ནས་རྒྱུན་བསྲིངས་བས་དེ་ལྷང་ལྷང་བར་ཚོར་བ་དང་ཚོར་མཁན་ནམ་ངོས་འཛིན་མཁན་གྱི་སེམས་དེ་གཉིས་སོ་སོ་མ་ཡིན་པའི་ཞེ་སྡང་ལྷང་ལྷང་བ་དེ་ཐུགས་དམ་ཧྲིག་གེ་བ་དེ་དང་དབྱེར་མེད་པའི་ཐོག་ཏུ་བཞག་པ་ལ་ནན་ཏན་དུ་ཡུན་བསྲིང་བ་གནད་དུ་ཟབ་པ་ལགས། ལར་ཉོན་མོངས་ཁ་ཡན་དུ་མ་ཤོར་བར་བྱེད་པ་འདི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ན་ཡང་། དེ་ལ་གདམས་ངག་ལམ་དུ་ཁྱེར་ཚུལ་མི་འདྲ་བ་ཞིག་ཐེག་པའི་རིམ་པའམ། གང་ཟག་དབང་པོའི་རིམ་པའི་ཁྱད་པར་ཡིན་ཕྱིར་ཐེག་པ་འོག་མ་ཀུན་ལ་ནི་ཉོན་མོངས་གཉེན་པོ་བསྟེན་ནས་སྤང་པའི་ཐབས་ཁོ་ནར་གསུངས། ཐེག་པ་བར་མའི་སྐབས་སུ་ནི་དེ་དག་ལ་ལྷ་དང་སྔགས་དང་དམིགས་པའི་གནད་ཀྱིས་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བའི་ཐབས་མང་དུ་གསུངས་མོད་ཀྱང་། ཐེག་པ་གོང་མའི་ཡང་རྩེ་ཕྱག་རྫོགས་ཀྱི་ཉམས་ལེན་སྐབས་སུ་ནི་གང་ཤར་ཅི་སྣང་ཐམས་ཅད་རང་སེམས་ཀྱི་འཆར་ཚུལ་ཙམ་ལས་ནི་མ་འདས། དེ་དག་ལ་ཨ་འཐས་དང་བདེན་འཛིན་གྱི་རྗེས་འབྲང་བྱས་ན། ཆོས་ཉིད་རྣམ་རྟོག་གི་དབང་དུ་སོང་བ་ཡིན་པས་ཆོས་ཀྱིས་དགོས་པ་མི་འབྱུང་བས་ན། རྣམ་རྟོག་གམ་ཞེ་སྡང་ལྟ་བུ་དེ་ཞི་ན་ཞི་ལ། མ་ཞི་ན་མ་ཞི། དེ་གཉིས་ལ་དགའ་མི་དགའ་སོགས་དགག་སྒྲུབ་གང་ཡང་མི་བྱ་བར། དེ་ཀའི་རང་ངོ་ལ་ཅེར་རེ་ཧྲིག་གེ་གསལ་བར་བསྐྱང་བ་ཉིད་ལ་གཅིག་དྲིལ་དུ་བྱེད་པ་འདི་ནི། ཉོན་མོངས་ན་ཚ་སྡུག་བསྔལ་འཇིགས་སྐྲག་སོགས་རྣམ་རྟོག་ཐམས་ཅད་ཀྱི་ལམ་ཁྱེར་ལགས།།


previousཕྱག་རྫོགས་ལུགས་ཀྱི་ཉོན་མོངས་ལམ་དུ་འཁྱེར་ཚུལ། next