Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོའི་ཉམས་ལེན་གནད་བསྡུས་ཉག་བླ་བསོད་རྒྱལ་གྱི་ཞལ་རྒྱུན།
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོའི་ཉམས་ལེན་གནད་བསྡུས་ཉག་བླ་བསོད་རྒྱལ་གྱི་ཞལ་རྒྱུན།next

རྫོགས་པ་ཆེན་པོའི་ཉམས་ལེན་གནད་བསྡུས་ཉག་བླ་བསོད་རྒྱལ་གྱི་ཞལ་རྒྱུན།

རྫོགས་པ་ཆེན་པོའི་ཉམས་ལེན་གནད་བསྡུས་ཉག་བླ་བསོད་རྒྱལ་གྱིས་གསུངས་པ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ། དངོས་གཞི་རིག་པ་ངོ་སྤྲད་པ། རྗེས་ཉམས་ལེན་བཤད་པ་དང་གསུམ། སྔོན་འགྲོ་ལ་ཡང་སེམས་ཀྱི་རྩད་བཅད་པ། བྱུང་གནས་འགྲོ་གསུམ་བརྟག་པ། རིག་པ་ངོས་བཟུང་ཐབས་དང་གསུམ་ལས། རྩད་བཅད་ལུགས་ནི། རྒྱུ་དགེ་སྡིག་བྱེད་མཁན་འབྲས་བུ་བདེ་སྡུག་མྱོང་མཁན་གྱི་གཙོ་བོ་སེམས་དང་ལུས་ངག་གཉིས་དེ་ཡི་འཁོར་ཡིན་མོད། ལུས་ངག་ནི་སེམས་ཀྱི་ཆོ་འཕྲུལ་ཆུ་དང་ཆུ་བུར་ལྟ་བུ་ཡིན་པས་སེམས་གཙོ་ཆེའོ། ༈ བྱུང་གནས་འགྲོ་གསུམ་བརྟག་ལུགས་ནི། འདི་ལྟར་ཕྱི་སྣོད་འབྱུང་ལྔ་དང་ནང་བཅུད་སྐྱེ་འགྲོའི་སྒོ་གསུམ་གྱི་རྣམ་པ་བཟང་ངན་སྣ་ཚོགས་བདེན་བདེན་ལྟར་ཡོད་པ་འདི་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་རྨི་ལམ་ལྟར་ཡིན་ལ། རང་སེམས་དུས་གསུམ་གྱི་རྣམ་རྟོག་ཐམས་ཅད་ཀྱང་། ད་ལྟའི་རྣམ་རྟོག་སྐད་ཅིག་མ་ཞིག་དང་། བདེན་གྲུབ་ཡོད་མེད་ཚུལ་མཚུངས་པས་རྣམ་རྟོག་གཅིག་སྐྱེ་འགག་གནས་གསུམ་དང་བྲལ་བར་ཤེས་ན། ཆོས་ཐམས་ཅད་བདེན་མེད་ཀྱི་དོན་ཁོང་དུ་ཆུད་པ་སྟེ་དཔེར་ན་སྡོང་པོའི་རྩ་བ་བཅད་པ་དང་འདྲའོ། །དེས་ན་ད་ལྟ་རྣམ་རྟོག་གཅིག་ཤར་དུས། དེ་སྐྱེ་བའི་ཡུལ་དེ་བརྟག་ཅིང་དཔྱད་ནས་བདེན་མེད་ཀྱི་རང་བཞིན་དུ་ཤེས་ན། བྱུང་ས། གནས་ས། འགྲོ་ས་མེད་པ། གཟུང་བའི་ཡུལ་སྟོང་པ་ཉིད་ཀྱི་དོན་མཐོང་བ་ཡིན། གང་ཤར་བའི་རྣམ་རྟོག་ཁོ་རང་ལེགས་པར་བརྟག་ནས་དེ་ཡང་རང་བཞིན་མེད་པའི་དོན་རྟོགས་ཚེ། བྱུང་མཁན། གནས་མཁན། འགྲོ་མཁན་གང་ཡང་མ་གྲུབ་པར་འཛིན་པའི་སེམས་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ཡིན། དེ་ལྟར་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད། སྐྱེ་འགག་གནས་གསུམ་ཡོད་ཡོད་ལྟར་འཁྲུལ་ངོར་སྣང་ཡང་། བརྟག་ཅིང་དཔྱད་ན་གང་ཡང་མ་གྲུབ་པར། བདེན་མེད་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་ཁོང་དུ་ཆུད་དགོས་སོ། ༈ །རིག་པ་ངོས་བཟུང་ཐབས་ནི། སེམས་རྣམ་རྟོག་གློ་བུར་བ་འདི་རྣམས་ནི་ཡུལ་དང་ཡུལ་ཅན་ཏེ། གཟུང་འཛིན་གཉིས་རེ་ཡོད་པ། རྒྱ་ཆུང་བ། འཛིན་ཞེན་དང་བཅས་པ། འགྱུར་ལྡོག་ཆེ་བ་ཡིན། སེམས་ཉིད་རིག་པའི་ཡེ་ཤེས་ནི། ཡུལ་མེད་རང་གསལ་བ་མ་གཏོགས་གཟུང་འཛིན་ཐ་དད་མེད་པ། གུ་ཡངས་ཤིང་རྒྱ་ཆེ་བ། འཛིན་ཞེན་དང་གཏད་སོ་མེད་པ། ནམ་ཡང་མི་འགྱུར་བའི་རང་བཞིན་ཡིན་པས་ནོར་མི་དགོས་སོ། །ཀུན་གཞི་སོགས་རྟོག་མེད་ཀྱི་སེམས་དང་རིག་པ་ནོར་མི་དགོས་ཏེ། རིག་པའི་རང་བཞིན་ནི། མཁྱེན་ཆ་ལྷུན་གྲུབ་དུ་ཡོད་པས་རྣམ་པར་མི་རྟོག་བཞིན་དུ་ཀུན་ཤེས་ཀུན་རིག་རྨོངས་པའི་དྲི་མ་མེད་པའོ། །

༈ དངོས་གཞི་ལ། རིག་པའི་ངོ་བོ་མ་བཅོས་རང་ཐོག་ཏུ་ངོ་སྤྲོད་པ། གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་རིག་རྩལ་རོ་གཅིག་ཏུ་ངོ་སྤྲད་ནས་ཐག་གཅིག་ཐོག་ཏུ་བཅད་པ། རྣམ་རྟོག་གང་ཤར་ཐམས་ཅད་རིག་ཐོག་ཏུ་གྲོལ་ལུགས་བཤད་པའོ། ༈ ངོ་སྤྲོད་ནི། རྣམ་རྟོག་དང་མ་ནོར་བའི་ཤེས་རིག་རང་བབ་རང་གསལ་དྭངས་སང་ངེ་བ། ཡངས་ཧ་རེ་བ། བཟོ་བཅོས་གང་ཡང་མི་དགོས་པ། བཤིག་རྒྱུ་མེད་པ། ཅི་ཙམ་བཤིག་ཀྱང་ཇེ་གསལ་ཇེ་དྭངས་འོང་བ། ངོ་བོ་འཕོ་འགྱུར་མི་འགྲོ་བ་འདི་ནི་རིག་པ་ཆོས་སྐུ་མ་ནོར་བ་ཡིན་པས་འདི་ལས་ལྷག་པའི་སེམས་ངོ་ཞིག་སྟོན་རྒྱུ་མེད་དོ། ༈ །ཐག་བཅད་ལུགས་ནི་ཡུལ་སྣ་ཚོགས་དང་། རྣམ་རྟོག་བཟང་ངན་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་རང་རྩལ་ཆུ་དང་རླབས་ལྟ་བུ་ཐ་དད་གཉིས་སུ་སྣང་ཡང་། དོན་ལ་གཉིས་སུ་མེད་པ་ཡིན་པས་སྤང་བླང་གང་ཡང་མི་དགོས་པར་རིག་པ་ཡེ་ཤེས་ཆེན་པོའི་རང་བཞིན་རོ་གཅིག་ཏུ་ཐག་ཆོད་པ་ཞིག་ནི་ཤིན་ཏུ་གལ་ཆེའོ། ༈ །གྲོལ་ལུགས་ནི། རིག་པ་བོར་ཤོར་ནས་རྣམ་རྟོག་ཁོ་ནའི་དབང་དུ་ཤོར་དུས་འཁྲུལ་བ་ཡིན། རིག་པ་མ་ཡེངས་པའི་ངང་ནས་རྣམ་རྟོག་ཐམས་ཅད་རིག་པ་ཉིད་ལས་ཤར། རིག་པའི་ངང་དུ་གནས། རིག་པ་ལ་ཐིམ་ན་གྲོལ་བ་ཡིན། དེ་ཡང་རྣམ་རྟོག་གིས་རིག་པ་ལ་ཕན་གནོད་མེད་པར་གྲོལ་ན་རབ་ཡིན། རྣམ་རྟོག་ལ་ངོས་བཟུང་བཟོ་བཅོས་མི་དགོས་པར་རང་སར་གྲོལ་བ་འབྲིང་ཡིན། རྣམ་རྟོག་གིས་རིག་པ་ལ་གནོད་པ་བྱུང་ན་ཡང་འདི་ནི་རིག་པའི་རང་རྩལ་ཡིན་ནོ་སྙམ་དུ་ངོ་ཤེས་ཤིང་རིག་ཐོག་ཏུ་བཞག་པས་གྲོལ་ན་ནི་གྲོལ་ལུགས་ཐ་མ་ཡིན་ནོ། །གང་ལྟར་ཡང་། གྲོལ་བ་རིག་པའི་ཡེ་ཤེས། གྲོལ་རྒྱུ་རྣམ་རྟོག་བཟང་ངན་ཐམས་ཅད། གྲོལ་ལུགས་རིག་པའི་ངང་དུ་རྣམ་རྟོག་རང་སར་དག་པ་ཆུ་ལ་རླབས་ཐིམ་པ་ལྟར་གྲོལ་དགོས་སོ། ༈ །རྗེས་ཉམས་ལེན་སྐྱོང་ཚུལ་ལ་ཡང་། སྒོམ་པ། སྤྱོད་པ། འབྲས་བུའོ། །

༈ སྒོམ་པ་ལ་མཉམ་རྗེས་གཉིས་ལས། མཉམ་བཞག་ནི། གནས་དབེན་པར། མཚམས་ལེགས་པར་བཅད། སྒོ་གསུམ་གྱི་བྱ་བ་གཞན་ཐམས་ཅད་བཏང་ནས་སྟན་བདེ་བ་ལ་ལུས་དྲང་པོ་བདེ་ལུགས་སུ་གཡོ་འགུལ་མེད་པར་འདུག །མིག་མི་འགུལ་བར་ཐད་ཀར་ཧ་རེ་བལྟ། རླུང་རོ་ལེགས་པར་བསལ་ཞིང་རླུང་ཁ་ནང་ནས་ཕྱིར་དལ་བུས་ཕར་བཏང་། ཀུན་སློང་ལེགས་པར་བཅོས། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་ཐུགས་ཡིད་བསྲེ། དེ་ནས་རིག་པ་བཟོ་བཅོས་མེད་པར་གསལ་ཡེ་རེ་རང་བབས་སུ་བཞག ། དེའི་ངང་དུ་ཡུལ་སྣང་བཟང་ངན་གང་ཤར་སྤང་བླང་མེད་པར་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟར་འཛིན་མེད་དུ་བཞག རྣམ་རྟོག་བཟང་ངན་གང་ཤར་ཡང་རིག་རྩལ་ཆུ་དང་རླབས་ལྟ་བུ་ཡིན་པས་མི་སྤང་། རྣམ་རྟོག་གི་རྗེས་སུ་མི་འབྲང་། རྣམ་རྟོག་ལ་ལྟ་རྟོག་ངོས་ལེན་གང་ཡང་མེད་པར་རིག་པ་མ་བཅོས་པའི་ངང་དུ་མ་ཡེངས་འཛིན་པ་མེད་པར་བཞག་གོ །རྨུགས་འཐིབ་བྱུང་ན་བཤིག་ནས་རིག་པ་གསལ་ཞིང་དྭངས་ཆ་ཐོན་པ་ཞིག་གནད་ཆེ། གོམས་འདྲིས་ཐུབ་ན་ཉམས་སྐྱེ་ཡང་། ཉམས་བཟང་ངན་ཐམས་ཅད་རེ་དོགས་སྤང་བླང་མེད་པར་རིག་པའི་ངོ་བོ་ཁོ་ན་སྐྱོང་བ་གནད་ཡིན། མཐར་བསྔོ་སྨོན་ཚད་ལྡན་རེ་བྱས་ཏེ་ཐུན་གྲོལ་བར་བྱའོ། །མཉམ་བཞག་ལ་ནན་ཏན་ཡུན་བསྲིངས་ཏེ་སྙིང་རུས་མ་ཐུབ་ན། ཁ་ལྟ་སྟོང་སྐད་ཀྱི་ལྟ་སྒོག་དང་། འགྲོ་འདུག་ལམ་ཁྱེར་གྱི་བསྒོམ་སྣང་ཙམ་གྱིས་སེམས་རྒྱུད་གྲོལ་ཤིན་ཏུ་དཀའོ། །རྗེས་ཐོབ་ལ། རིག་པ་ཅུང་ཟད་བསྒྲིམས་ནས་མ་ཡེངས་པའི་ངང་དུ། འགྲོ་འདུག་ཟ་ཉལ། གཏམ་སྨྲ་བ། ལས་བྱེད་པ། དེ་ཐམས་ཅད་ཀྱང་རིག་པའི་རང་རྩལ་འཛིན་མེད་རང་གྲོལ་གྱི་ཚུལ་དུ་རེ་དོགས་དང་བྲལ་བ། སྤང་བླང་མེད་པར་ལམ་དུ་ཁྱེར་དགོས་སོ། །སྤྱོད་པ་ལ། ཆོས་བརྒྱད་རོ་སྙོམས་ཀྱི་གསང་སྤྱོད་དང་། དགེ་སྡིག་བླང་དོར་གཞུང་བཞིན་དུ་སྤྱོད་པའོ། །གསང་སྤྱོད་ནི། རྙེད་པ། བསྟོད་པ། སྙན་གྲགས། བདེ་བ་སྟེ། འཇིག་རྟེན་མཐུན་ཕྱོགས་ཀྱི་ཆོས་བཞི་ཅི་ཙམ་བྱུང་ན་ཡང་། དེས་རིག་པའིི་ངོ་བོ་ལ་ཕན་པ་རྡུལ་ཙམ་མེད་པས། དེ་དག་ལ་རེ་བ། འབད་རྩོལ་ཆགས་ཞེན་དོན་གཉེར་གང་ཡང་མི་བྱེད་པར་རིག་ཐོག་ཏུ་རོ་སྙོམས་བྱ། མ་རྙེད་པ། སྨོད་པ། མི་སྙན་པར་གྲགས་པ། སྡུག་བསྔལ་ཏེ། འཇིག་རྟེན་མི་མཐུན་པའི་ཕྱོགས་ཀྱི་ཆོས་བཞི་པོ་ཤུགས་དྲག་ལ་ཡུན་རིང་བ་ཅི་ཙམ་ཞིག་རང་ཐོག་ཏུ་བྱུང་ཡང་། དེས་རིག་པའི་ངོ་བོ་ལ་ཅུང་ཟད་ཀྱང་མི་གནོད་པས། དེ་དག་ལས་དགོས་པ་བཟློག་ཐབས། སེམས་ནད་གནོད་ལན་སོགས་རྩོལ་སྒྲུབ་གང་ཡང་མི་བྱེད་པར་རིག་ཐོག་ཏུ་རོ་སྙོམས་ཐུབ་ན་གསང་སྤྱོད་དེ་ལྷག་མི་དགོས་སོ། །དེ་མ་ཐུབ་ན་ལྟ་མཚང་སྤྱོད་པས་ཕུད་ཟེར་བ་དེ་དང་། ལྟོ་འགྲང་ཉི་མས་དྲོ་དུས་ཆོས་པའི་གཟུགས། །རྐྱེེན་ངན་ཐོག་ཏུ་བབ་དུས་ཐ་མལ་བ། །ཟེར་བ་དེ་ཡིན་ནོ། །དགེ་སྡིག་བླང་དོར་གྱི་སྤྱོད་པ་ནི། བདེ་སྡུག་གི་རྒྱུ་དགེ་སྡིག་གཉིས་ཀ་རིག་རྩལ་ཡིན་མོད། སྙིང་རྗེ་དང་སྒོམ་བྱུང་གི་ཤེས་རབ་སོགས་དགེ་ཚོགས་ཐམས་ཅད་གཞན་ལས་ཁྱད་དུ་འཕགས་པ་རྩོལ་མེད་དུ་འཕེལ་བ་དང་། གཏི་མུག་དང་བདག་འཛིན་ལོག་ལྟ་སོགས་སྤང་བྱ་ཐམས་ཅད་གཉེན་པོ་གཞན་མི་དགོས་པ་རྩད་ནས་དག་འགྲོ་བ་ཞིག་དགོས་ཀྱི། དགེ་བ་སྤང་སྡིག་པ་བླང་ཡང་སྐྱོན་མེད་ཟེར་ན། དེ་ནི་ནག་པོ་ཁ་འབྱམས་བདུད་ཀྱི་ལས་བཅོས་དཀའ་བ་ཡིན་ཏེ། རྒྱུ་དགེ་བ་སྤངས་ན་དེའི་རང་འབྲས་མཐོ་རིས་ཐར་བའི་གེགས་བྱེད། རྒྱུ་མི་དགེ་བ་བསྒྲུབས་ན་དེའི་རང་འབྲས་ངན་སོང་འཁོར་བའི་སྡུག་བསྔལ་གྱི་གཞི་ཚུགས་པ་ཐེ་ཚོམ་མེད་དེས་ལས་འབྲས་བསླུ་མེད་ཀྱི་དྲང་ལམ་འདི་ནི། རྒྱལ་བའི་ཕྱག་གིས་ཀྱང་བསྒྱུར་དུ་མེད་པས་སོ། །དེས་ན་བླ་མ་དཀོན་མཆོག་གསུམ་པོར་བློ་ཕུག་གཏད། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་སྙིང་ལ་འཆང་། ལྟོ་གོས་གཏམ་གསུམ་སོགས་ཚེ་འདིའི་བདེ་སྐྱིད་ལ་གྱོང་བསྐུར། གནས་དབེན་པར་བརྟེན། གྲོགས་ཆོས་མཐུན་དང་འགྲོགས། དམ་པ་གོང་མ་རྣམས་ཀྱི་རྗེས་སུ་བསླབས་ཏེ། གཏོང་ཕོད་སྙིང་རུས་བརྩོན་འགྲུས་ཐམས་ཅད་དམ་པའི་ཆོས་ཁོ་ན་ལ་བྱེད། དུས་དང་རྣམ་པ་ཐམས་ཅད་དུ་སྒོ་གསུམ་གྱི་དགེ་རྩ་ཕྲ་མོ་ཙམ་ཡང་ཁྱད་དུ་མི་བསད་པར་རིག་པའི་ངང་ནས་དམ་པ་གསུམ་ལྡན་རྣམ་པར་དག་པ་ཁ་ཞེ་མཚུངས་པ་རེ་བྱས། དེ་ལ་བརྟེན་ནས་རང་རྒྱུད་ལ་ཡོན་ཏན་བཟང་པོ་ཅི་ཙམ་སྐྱེས་ཀྱང་དགེ་བ་དང་ཡོན་ཏན་ཚད་བཟུང་དང་ཆོག་ཤེས་མི་བྱ། རང་རྩིས་དང་མངོན་ཞེན། རློམ་སེམས་དང་ང་རྒྱལ་ངོམ་ཆོས་མི་བྱ་བར། རང་སྐྱོན་ལ་བསམ་ནས་དམན་ས་བཟུང་ཞིང་། མི་ཚེ་ལྷག་མ་འདི་དམ་པའི་ཆོས་ཀྱིས་འདའ་བ་ཞིག་ལ་སྙིང་ནས་འབད་དགོས་ལགས། སྒོ་གསུམ་གྱི་མི་དགེ་སྡིག་ལྟུང་ཕྲ་རགས་ཐམས་ཅད་ལ་དུག་བཞིན་འཛེམ་ནས་སྡིག་སེམས་དང་པོ་སྐྱེ་བའི་དུས་སུ་ཤར་གྲོལ་དུས་མཉམ་དུ་བཏང་། དེ་ཙམ་མ་བྱུང་ཡང་ཆོས་ཞུས་པའི་དོན་སྒོ་སྡིག་སེམས་ཁ་ཡན་དུ་མི་གཏོང་བ་ཞིག་དགོས་པས་གཉེན་པོས་འཕྲལ་དུ་སྤང་། གལ་ཏེ་སྡིག་པ་དབང་མེད་དུ་ཤོར་བའམ་ཚེ་རབས་སྔོན་གྱི་སྡིག་སྒྲིབ་ཀྱི་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་ཐབས་ལ་འབད། ཚེ་འདིའི་སྣང་བ་སྐད་ཅིག་ཙམ་རྨི་ལམ་ལྟར་ཡིད་རྟོན་མི་རུང་ཞིང་སྙིང་པོ་གང་ཡང་མེད་པ་འདི་ཡི་དོན་དུ། ཚེ་ཕྱི་མར་སྡིག་པ་ངན་པ་ཞིག་རང་ཐོག་ཏུ་ཁུར་མི་དགོས་པ་རེ་བྱེད་དགོས་ལགས། དེ་ལྟར་དགེ་སྡིག་བླང་དོར་གྱི་གནས་མི་བརྗེད་པ་དྲན་པ། རང་གི་སྒོ་གསུམ་གྱི་བྱ་བ་ལ་བརྟག་པ་ཤེས་བཞིན། འཇུག་ལྡོག་གི་གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་རྣམས་དང་ལྡན་པས་དུས་རྟག་ཏུ་རང་གིས་དགེ་བ་སྒྲུབ། གཞན་ལ་བསྐུལ། བྱས་པ་ལ་ཡི་རང་ཡང་བྱ། རང་གི་སྡིག་པ་སྤང་། གཞན་ལ་སྡིག་སྤང་བསྐུལ། བྱས་པ་ལ་འགྱོད་བཤགས་དང་སྡོམ་སེམས་བྱ། མདོར་ན་གཡོ་སྒྱུ་མེད་པར་རྒྱུད་དྲང་པོས་མི་ཚེ་ནམ་གནས་ཀྱི་བར་དུ་དགེ་སྒྲུབ་སྡིག་སྤང་སྣ་རེ་ཡན་ཆོད་ལ་ཅི་ནུས་སུ་འབད་པར་བྱས་ན། རང་གཞན་ཀུན་ལ་ཕན་ཞིང་གཏན་བདེའི་གཞི་ཚུགས་པའི་སྤྱོད་པ་ཡང་དག་མ་ནོར་བ་ཡིན་ནོ། ༈ །འབྲས་བུ་ནི། སྤང་རྟོགས་ཀྱི་ཡོན་ཏན་ཏེ། དེ་ཡང་ད་ལྟ་ནས་རང་རྒྱུད་ཀྱི་སྤང་བྱ་ཉོན་མོངས་ཅུང་ཟད་ཇེ་ཆུང་ལ་འགྲོ་བ་དང་། དད་པ་ངེས་འབྱུང་། བྱམས་སྙིང་རྗེ་སོགས་དགེ་སེམས་གོང་འཕེལ་དུ་འོང་བ་ཞིག་ཡོད་དགོས། དེ་མ་བྱུང་ན་ལྟ་སྒོམ་བཟང་པོར་རློམས་ན་ཡང་རང་རྒྱུད་ལ་མ་ཕན་ན་དགོས་པ་གང་ཡང་མེད་དེ། དེ་ཡང་མངོན་ཤེས་རྫུ་འཕྲུལ་སོགས་རྟགས་སྣ་ཚོགས་བྱུང་ན་ཡང་། དེ་ལ་བརྟེན་ནས། རྣམ་གཡེང་སོགས་སྡིག་པ་ཇེ་འཕེལ་ཆོས་དང་ཇེ་འགལ། ཉམས་རྟོགས་ཇེ་དམན། རང་གཤིས་ཇེ་ངན་བྱུང་ན་བར་ཆད་བདུད་ཀྱི་རྟགས་ཡིན་པས་སྤང་དགོས། བཟང་ངན་མ་ངེས་སྣ་ཚོགས་བྱུང་ཞིང་དེ་དག་ལ་རེ་དོགས་དང་ཞེན་པ་ཇེ་ཆེ་བྱུང་ན་འཕེལ་འགྲིབ་ཉམས་ཀྱི་རྟགས་ཡིན་པས་གང་ལའང་རེ་དོགས་མེད་པ་ཞིག་གལ་ཆེ། རང་འདོད་ཆུང་ཞིང་སྙིང་རྗེ་བཅོས་མིན་དང་། བསྒོམས་བྱུང་རིག་རྩལ་གྱི་ཤེས་རབ་སོགས་ཡོན་ཏན་གོང་འཕེལ་ཇི་ཙམ་བྱུང་ཡང་། དེ་དག་ལ་ང་རྒྱལ་དང་ཞེན་པ། འཛིན་ཆགས་མེད་ཅིང་རྟོགས་པ་ཇེ་བཟང་ཇེ་བརྟན། རང་གཤིས་ཇེ་བཟང་། འཁོར་བ་ལ་བློ་ཇེ་ཐོང་། ཆོས་དང་བླ་མ་ལ་ཡིད་ཇེ་ཆེས། རང་རྒྱུད་དམ་པའི་ཆོས་དང་ཇེ་མཐུན་བྱུང་ན་ཡང་དག་པའི་རྟགས་ཡིན་ནོ། །ཉིན་གྱི་ཉམས་ལེན་མཉམ་རྗེས་གཉིས་ཁྱད་མེད་ལྟ་བུ་བརྟན་པ་ཐོབ་ཚེ། མཚན་མོར་གཉིད་སྲབ་འཐུག་གི་འོད་གསལ་ཅི་རིགས་ཀྱང་ཤུགས་ཀྱིས་ཟིན་པའོ། །དེ་ལས་ཀྱང་ཉམས་ལེན་གཟབ་ན་ཉིན་མཚན་འོད་གསལ་འཁོར་ཡུག་ཏུ་འགྲོ་བ་ཡང་ཡོད་པ་འདྲ། གལ་ཏེ་མཚན་མོའི་རྣལ་འབྱོར་གྱི་མན་ངག་གིས་རྨི་ལམ་ཟིན་པའམ། ནུབ་རེ་རེ་ཙམ་ལ་འོད་གསལ་ཟིན་པ་རེ་བྱུང་ན་ཡང་མཉམ་བཞག་ལ་བརྟན་པ་མ་ཐོབ་ན། རྟག་མི་ཐུབ་པར་འཇའ་ཡལ་བ་ལྟར་ཡལ་འགྲོ་བ་མང་པོ་ཡོད་པ་འདྲ། འབྲས་བུ་ཡོན་ཏན་ལ་རེ་བ་ཆེ་བས་གང་ཡང་མི་ཕན། ཡོན་ཏན་འབྱུང་བའི་རྒྱུ་དགེ་སྒྲུབ་སྡིག་སྤང་རེ་གཟབ་པ་དང་། ཉམས་ལེན་ལ་སྙིང་རུས་ཁ་ཙམ་མིན་པ་རེ་བྱ་བ་ནི་གནད་མ་ནོར་བ་ཡིན་ནོ། །མཐར་ཐུག་གི་འབྲས་བུ་ནི། སྤང་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཉིད་ཡིན་ལ། དེ་ཡང་སྤང་བྱ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལྷག་མེད་ཡོངས་སུ་དག་ཅིང་། རྟོགས་བྱ་ཡེ་ཤེས་ཡོན་ཏན་མ་ལུས་པ་ཐམས་ཅད་ཡོངས་སུ་རྫོགས་ནས། རང་དོན་ཆོས་སྐུ་མངོན་དུ་གྱུར། གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱིས་གདུལ་བྱ་གང་ལ་གང་འདུལ་གྱི་ཕྲིན་ལས་ཚད་མེད་པ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་རང་བཞིན། རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ། རྒྱུན་རིང་བ་འཁོར་བ་མ་སྟོང་གི་བར་དུ་འབད་རྩོལ་མེད་པར་འབྱུང་བ་ཡིན་ནོ། །འདི་རྣམས་གནད་ཟབ་ཉུང་བསྡུས་གོ་བདེར་བྲིས་པ་ཡིན་པས་རང་གིས་གཟིགས་རྟོགས་མཛོད། དཔེ་ཆའི་ནང་ཡོད་སྙམ་ནས་བསྐྱུར་མ་བཞག །གཞན་དག་སུ་ལའང་མ་སྟོན། དམ་ཚིག་གི་རྒྱ་ཡིན་ནོ། །ཉག་བླ་བསོད་རྒྱལ་གྱི་ཞལ་རྒྱུན་ནོ། །དགེའོ།།

༈ ཐོད་རྒལ་ཐད། གཏེར་ཆེན་རིན་པོ་ཆེའི་ཞལ་ནས། དབྱིངས་ཐིག་རིག་གསུམ་གྱི་སྣང་བ་མཐོང་ཚེ་དེ་ལ་བདག་གཉེར་གང་ཡང་མེད་པར་རིག་པ་ཀློད་དེ་འཇོག་པ་དེ་ཐོད་རྒལ་བསྒོམ་ལུགས་ལེགས་ཤོས་མིན་པར་གོ །ལུ་གུ་རྒྱུད་དབྱིངས་ཐིག་གི་ར་བར་གཟེར་བཏབ་པ་ལྟར་ཨར་ལ་གཏད་ནས། དེ་འདྲའི་ལུག་རྒྱུད་དེ་ལ་ནང་གི་རིག་པ་ཙིར་བཟུང་ལྟ་བུར་མདུང་ཚུགས་སུ་གཏད་པའམ། རིག་པ་ཁ་ཡན་དུ་མི་གཏོང་བར་ལུ་གུ་རྒྱུད་དེ་དང་བསྲེས་ནས་ཕུར་ཚུགས་སུ་ཧུར་ཐག་བྱས་ཏེ་བསྒོམ་པ་འདི་ལེགས་ཤོས་ཡིན་ནོ། །


previousརྫོགས་པ་ཆེན་པོའི་ཉམས་ལེན་གནད་བསྡུས་ཉག་བླ་བསོད་རྒྱལ་གྱི་ཞལ་རྒྱུན།next