Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སེམས་རིག་ཤན་འབྱེད།
   
   
   
   
   
   


 
previousསེམས་རིག་ཤན་འབྱེད།next

སེམས་རིག་ཤན་འབྱེད།

འོད་གསལ་གྱི་རིག་པ་དེ་ཤ་ནང་གི་རྨེན་བསའ་བསའ། ས་ནང་གི་གསེར་བཙག་ནི་འདྲ་འདྲ། སེམས་རྣམ་ཤེས་ཚོགས་བརྒྱད་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་ནང་ནས་ངོས་ཟིན་དགོས་ནི་རེད། འོ་ད་དབང་པོ་དང་ཤེས་པ་གཞི་མཐུན་ཞིག་སྲིད་ནི་མ་རེད། བེམ་པོ་ཡང་ཡིན་པ་ཤེས་པ་ཡང་ཡིན་པ་ཞིག་ག་ལ་སྲིད། རྡུལ་དྭངས་བ་དཔེར་ན་མར་མེ་དང་ཤེལ་སྦུག་ལྟ་བུ་ཞིག་གི་སྒོ་ནས་ཡུལ་མཐོང་ནི་མ་རེད། མིག་བཙུམ་ན་ཤེས་པ་འགགས་ནི་མ་རེད་དབང་པོའི་སྒོ་བཀག་ནི་རེད། ཤེས་པ་ཡང་དབང་པོ་བཀག་ན་མེད་ན་མི་འབྱུང་བའི་གཏན་ཚིགས་རེད། ཡིད་ཤེས་རྟོག་མེད་ཀྱང་སྐྱེ་འགག་བྱེད་ཀྱི་ཡོད་ནི་མ་རེད། གཙོ་སེམས་ཡིད་ཀྱི་ཤེས་པ་དེ་མཆེད་པའི་ཚེ་ན་བདེ་གསལ་མི་རྟོག་གསུམ་ཡང་འཁོར་བ་ཁམས་གསུམ་དུ་སྐྱེ་བའི་རྒྱུ་རེད། ཡིད་ཤེས་དཔེར་ན་ཕར་ཡུལ་ལ་གསལ་བ་ཡིན་ན་གསལ་བ་རེད་ཅེས་ཟེར་བ་ལྟ་བུ་མིན་པ་གསལ་བས་རང་ངོ་མི་ཤེས། སེམས་སེམས་བྱུང་དང་བཅས་པ་རྐྱེན་བཞི་ལ་བརྟེན་ནས་སྐྱེ་དགོས་ནི་རེད། རྒྱུ་སྔ་མ་ཤེས་པ་དེ་དང་འདྲ་བ་སོགས་སྔོན་སོང་ཞིག་མེད་ན་སྐྱེ་ཁ་ཉན་ནི་མ་རེད། དཔེར་ན་རྒྱུའི་རྐྱེན་དང་། ཤེས་པ་སྔ་མ་འགགས་ནས་ཕྱི་མ་སྐྱེ་བའི་གོ་མ་ཕྱེ་ན་མི་སྐྱེ་བས་ན། དེ་མ་ཐག་ཏུ་སྐྱེ་བ་ནི་དེ་མ་ཐག་རྐྱེན་ནམ། བདག་རྐྱེན་དབང་པོ་དེ་མེད་ན་མི་འབྱུང་བའི་གཏན་ཚིགས་ཡིན་པས་ན་བདག་རྐྱེན་ནམ། ཡུལ་ཨུཏྤལ་སྔོན་པོ་ལྟ་བུ་དེ་མིན་ན་སྔོ་འཛིན་མིག་ཤེས་སྐྱེ་བའི་ཡུལ་མེད་པས་ན་དམིགས་རྐྱེན་ནམ། དེས་ཀྱང་ཁྱོད་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་གཉིས་ཀྱང་གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་ཅན་ཞིག་ཡིན་ཡང་བྱེ་བྲག་མི་ཤེས་ཤིང་། སྤྱི་ཙམ་འཛིན་པ་སྣ་ཚོགས་སྣང་བའི་ཡུལ་ལ་ཁ་ཕྱིར་བལྟས་ཀྱི་ཚུལ་དུ་ཡོད་པ་བླུན་ཞིང་རྨོངས་པ་ཞིག་ཡིན་ནི་རེད། ཡིད་ཤེས་དེས་ཡུལ་གཟུགས་ཀ་བ་ལྟ་བུ་ཞིག་བཟུང་ཡོད་དུས་གཞན་གཅིག་སྐྱེ་ཁ་ཉན་ནི་མ་རེད། གཙོ་སེམས་མིག་གི་ཤེས་པ་དང་ཡིད་ཤེས་གཟུགས་ལ་གཏད་ཡོད་དུས་གཞན་རྣམས་སྣང་ལ་མ་ངེས་པ་ཟེར་རྒྱུ་དེ་རེད། ཡིད་ཤེས་ནི་སྐྱེ་ཡང་མེད་མ་སོང་གི་བར་དུ་གཞན་གཅིག་སྐྱེ་ཁ་མི་ཉན་པར་སྐྱེ་བའི་གོ་བཀག་ནི་རེད། རྣམ་རྟོག་སྐྱེ་ཚད་ཐམས་ཅད་ཡིད་ཤེས་གཅིག་པུ་རེ་སྐྱེ་དུས་ནི་བཀག་ནི་རེད། མ་སྐྱེས་དུས་ནི་མེད་ནི་རེད། སྐྱེ་ན་ཤེས་པ་རང་སྐྱེས་ནི་རེད། མེད་ན་རང་ཉིད་མེད་འགྲོ་ནི་རེད། དེ་མིན་གཞན་ཞིག་ཡོད་ནི་མ་རེད། འོ་ད་སྟོང་སང་ངེ་ཡོད་རྒྱུ་དེའི་ངང་ན་ཤེས་པ་འཁྲུལ་མི་ཤེས་ནི་ཞིག་ཡོད་ནི་གོ་དགོས་ནི་རེད། དེ་ཉིད་རྐྱེན་བཞི་ལས་སྐྱེ་དགོས་ནི་མ་རེད། འདུས་བྱས་ཡིན་ནི་མ་རེད། འདུས་བྱས་ནི་རྐྱེན་བཞི་ལས་བྱུང་ནི་རེད། རྟེན་ཅིང་འབྲེལ་འབྱུང་ཡིན་ནི་རེད། རིག་པ་ཡང་རྟེན་ཅིང་འབྲེལ་འབྱུང་མིན་ཟེར་ཉན་ནི་མ་རེད། ཤར་ཆ་འགག་མེད་རྟེན་འབྲེལ་གྱི་ཚུལ་དུ་འཆར་ནི་རེད། འོད་གསལ་རིག་པའི་དབྱིངས་ནས་ཤར་ཆ་ཤར་ཡང་ཁུར་རྩལ་ལས་འཆར་ནི་རེད། རང་ཉིད་ཡིན་ནི་མ་རེད། དཔེར་ན་མར་མེའི་འོད་ཟེར་ཡང་། འོད་ཀྱིས་མར་མེར་མི་གནོད། མར་མེས་འོད་ལ་མི་གནོད་པར་འདུག་ནི་རེད། དེ་བཞིན་ཏུ་འོད་གས ལ་རིག་པའི་དབྱིངས་སུ་ཅི་ཙམ་ཤར་ཡང་། འཆར་གཞི་ལ་མི་གནོད། གནོད་ནི་མི་དགོས་ལྷ་མཛེས་པས་རྒྱན་བཏགས་ནི་འདྲ་འདྲ་རྩལ་ལས་ཤར་བ་ཡིན་པས་རྩལ་ཇེ་འབར། ངར་ཆ་ཇེ་བཟང་དུ་སོང་ནི་རེད། ཁྱེད་ཀྱི་སྔོན་ལ་མི་ཞིག་སོང་ཡང་ཁྱོད་མེད་འགྲོ་ཁ་ཉན་ནི་མ་རེད། དེ་བཞིན་དུ་ཅི་ཙམ་ཤར་ཡང་ཟུར་དུ་འཆར་གྱི་ཡོད་ནི་འདྲ་འདྲ་ཞིག་ཡིན་ནི་རེད། ཡིད་ཤེས་དེ་དཔེར་ན་མི་རང་ཉིད་འགྲོ་གི་ཡོད་ནི་འདྲ་འདྲ་ཞིག་ཡིན་ནི་རེད། འདུག་ན་རང་འགྲོ་ན་རང་གཅིག་པུ་ལྟ་བུ། ཤེས་རིག་རང་ཚུགས་མ་ཤོར་བའི་དུས་ན་བདེ་གསལ་མི་རྟོག་གསུམ་ཡང་སྐུ་གསུམ་གྱི་ཉམས་ཞེས་ཟེར་ནི་རེད། སྐུ་གསུམ་ཉམས་ནི་ནམ་མཁའི་མཐའ་དང་མཉམ། །ཞེས་པའི་དོན་ནོ། །དེ་ཡི་དུས་ན་ཡུལ་དང་ཡུལ་ཅན་སེམས་སེམས་བྱུང་དང་བཅས་པ། ཡེ་ཤེས་ཀྱི་རོལ་པ་ཡིན་ནི་རེད། རྩལ་ལས་རོལ་པ་ཟེར་རྒྱུ་དེ། དཔེར་ན་མིག་ཤེས་དེས་གཟུགས་དེ་རོལ་ནི་རེད། ལྷ་ཡབ་ཡུམ་བཞག་ན་མིག་ཤེས་ཡབ་དེས་གཟུགས་ཡུམ་དེ་ཚུར་རོལ་ནི་རེད། དཔེར་ན་མར་མེ་ལྟ་བུ་ཞིག་ཡིན་ན། ནང་དུ་སྡོང་ཤིང་དང་ཕྱི་རུ་སྤུ་ཉག་ཁྲི་ཕྲག་ཞིག་ཡོད་ཀྱང་། མེ་གཅིག་གི་རྣམ་ལྡན་དུ་འབར་གི་ཡོད་ནི་ལྟ་བུ་སེམས་དང་རིག་པ་གཉིས་སྣང་བ་དང་མུན་པའི་ཁྱད་པར་ཙམ་ཞིག་ཡོད་ནི་རེད། རིག་པ་ནི་ཁྱིམ་ནང་མར་མེ་བཞག་པ་ལྟ་བུ་གསལ་ཁྱེར་འཁྱིལ་ལེ་ཡོང་ནི་རེད། རྩལ་ལས་ཤེས་རབ་སྙིང་རྗེ་དད་པ་སོགས་རྩོལ་མེད་དུ་རྒྱས་ཡོང་ནི་རེད། སེམས་ནི་མ་རིག་པ་གློ་བུར་དྲི་མ་འཛིན་ཞེན་ཅན་ཡང་གཅིག་གི་རྒྱབ་ན་གཅིག་ཡོད་ནི་རེད། གཅིག་པུ་ནི་སྤུས་གཙང་བ་དེ་ལྟ་བུ་ཞིག་གཏན་ནས་ཡིན་ནི་མ་རེད། རིག་ཐོག་ཏུ་ཡོད་དུས་སེམས་སེམས་བྱུང་དང་བཅས་པ་ཡེ་ཤེས་ཀྱི་རྣམ་ལྡན་དུ་ཤར་དགོས་སྤྱད་དེ། དཔེར་ན་རྩྭ་ཕུང་ཞིག་མེ་ལ་བསྲེག་དགོས་ན། རྩྭ་དེ་ལ་མེ་ལེན་པའི་ནུས་པ་ཞིག་ཡོད་ནི་རེད། དེ་བཞིན་དུ་སེམས་སེམས་བྱུང་དང་བཅས་པ་དེ་གསལ་ཞིང་རིག་པ་ཞིག་ཡིན་རྒྱུ་དེ་གང་གི་ཆ་ནས་འཇོག་དགོས་ན། འོད་གསལ་རིག་པའི་ཆ་ནས་འཇོག་དགོས་ནི་རེད། མེ་དང་ཚ་བ་ཆུ་དང་རླན་བཞིན་དུ་ཁྱབ་བྱ་ཁྱབ་བྱེད་ཀྱི་ཚུལ་དུ་ཁྱབ་ཡོད་ནིས་གནད་ཀྱིས་སྒོམ་པའི་ཚེ་ན་ཡེ་ཤེས་ཀྱི་རྣམ་ལྡན་དུ་འཆར་ནི་རེད། གནས་ཚུལ་དེའི་དབང་གིས་གཙོ་ཆེ་འགྲོ་སྟེ། མ་རིག་ཞེན་འཛིན་སོགས་གློ་བུར་གྱི་དྲི་མ་ཡིན་པས་གཙོ་ཆེ་བར་མི་འགྲོ། བཞུགས་ཚུལ་ལ་ཡེ་ནས་བཞུགས་ཀྱང་མཐོང་ཚུལ་ལ་སྐད་ཅིག་མར་མཐོང་ནི་རེད། དེའི་ངོ་དེ་ན་ཡུལ་དང་ཡུལ་ཅན་གཟུང་འཛིན་ནམ་རང་རྒྱུད་ཅན་གཅིག་སྐྱེ་ནུས་ནི་མ་རེད། སྒོ་ལྔའི་ཤེས་པའི་སྟེང་ནས་སེམས་དཔའ་བརྒྱད་བཞག་ན་དེ་ལྟར་ཤེས་དགོས་ནི་རེད། རིག་པ་སྐུ་གསུམ་སྟོན་པའི་སྐུ། འཁོར་སེམས་བྱུང་དང་བཅས་པ་འཁོར་གྱི་ཚུལ་དུ་བཞུགས་ནི་རེད། དཀྱིལ་འཁོར་གསུམ་ལྡན་དགུ་ལྡན་སོགས་ཀྱང་དེ་ལྟར་རོ། །དཔེར་ན་ལྕེ་ཐོག་བུ་རམ་ཞིག་བཞག་ན་སེམས་སེམས་བྱུང་དང་བཅས་པ་མངར་བའི་རྣམ་ལྡན་དུ་འགྱུར་ནི་རེད། རྟོགས་ལྡན་ཞིག་ཡིན་ན་ཡུལ་དང་ཡུལ་ཅན་ཡེ་ཤེས་འབའ་ཞིག་ཏུ་ཤར་ནི་རེད། རིན་ཆེན་གསེར་གླིང་སོགས་མཐུན་དཔེ་བཞག་ཡོད་ནི་རེད། ཆབ་རོམ་ལ་ཆུའི་རྒྱས་ཐེབས་ཡོད་ནི་འུ་ནམ་ཞིག་ཆུ་རུ་འགྱུར་བ་བཞིན་དུ་ཆོས་རྣམས་ཆོས་ཀྱི་དབྱིངས་ཀྱིས་རྒྱས་མ་ཐེབས་པ་ཞིག་མེད་ནི་རེད། ཆུ་གཅིག་ལ་ཡང་ས་རྡུལ་མེ་རྡུལ་སོགས་རྡུལ་རྫས་བརྒྱད་འདུས་དྲུག་འདུས་སོགས་ཡིན་ཀྱང་ཆུའི་ཤུགས་ཆེ་བ་བཞིན་དུ་ཁྱབ་བྱའི་ཤུགས་མི་ཆེའོ། །ཤར་བས་གཞི་ལ་མི་གནོད་པ་མེ་ལས་དུ་བ་མཆེད་པ་ལྟ་བུ་དུ་བས་མེ་ལ་མི་གནོད་མེས་དུ་བར་མི་གནོད་དོ། །རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཟེར་རྒྱུ་དེ་རེད། རང་རིག་རང་ཤེས་འཁྲུལ་བ་བྲལ། །ཞེས་པའི་དོན་ཡིན་ནོ། །སྣང་སྲིད་དག་པ་རབ་འབྱམས་ཟེར་རྒྱུ་དེ་རེད། དེ་མིན་བླ་མ་ཕལ་ཆེར་ལ་དད་པ་རེས་འགའ་བ་ཞིག་ཡོད་རྒྱུ་དེ་རྒད་པོ་རྒན་མོ་རྣམས་ལའང་ཡོད་ནི་རེད། སྣང་སྲིད་རྣམ་དག་གི་དག་སྣང་ཟེར་རྒྱུ་དེ་ཐོག་ཡོག་བརྗེ་འཇོག་ནི་རེད། དང་པོ་ངེས་པ་འདྲོང་དགོས་ནི་རེད། ངེས་པ་རྙེད་ནས་མྱོང་བ་ཐོན་དགོས་ནི་རེད། དཔལ་སྤྲུལ་གྱིས། རྟོགས་ལྡན་ཞིག་ཡིན་ན་ལུས་མ་སྤངས་ཉིད་དུ་དག་པ་མཁའ་སྤྱོད་ན་བཞུགས་ཡོད་ནི་རེད། མ་དག་མི་དགེའི་ལས་བྱེད་ནི་ཞིག་ཡིན་ན་ལུས་མ་སྤངས་ཉིད་དུ་སྲིན་པོའི་ཁྲོད་གསུངས་པ་ལྟར་རོ། །སྔོན་རྒྱལ་བ་གོང་མ་ཞིག་ཡིན་ན་དམ་ཚིག་སྙིང་ལྟར་བསྲུང་། དབྱར་དགུན་སྟོན་དཔྱིད་དུས་བཞིར་གནས་བཞི་རེ་བསྟེན་པ་དང་། ལྟོ་ཡང་འགྲང་ཆེས་ན་དུབ་ཡོང་ནི་རེད། ལྟོ་ཚད་ལ་ཕབ། རྗེ་བཙུན་མི་ལས། དབྱར་དྲོ་བའི་དུས་སུ་གངས་རྩར་བྱོན། དགུན་གྲང་བའི་དུས་སུ་དམའ་མོའི་ལུང་གཞུང་དུ་བཞུགས་ནི་རེད། ལུས་ཀྱི་ལས་གསུམ་བླ་མའི་སྐུའི་དམ་ཚིག །ངག་གི་བཞི་གསུང་གི༴ ཡིད་ཀྱི་གསུམ་ཐུགས་ཀྱི༴ ཤིག་གཅིག་བསད་ན་སྐུའི་དམ་ཚིག་ཉམས་ནི་རེད། ལྟ་བ་ཡིད་ལ་མ་བྱས་ན། ཉིན་ཞག་གཅིག་སོང་ན་རན་ནི་རེད། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཅེས་གསུངས་ནི་རེད། ཡང་ན་ཡར་ཡང་ན་མར་དེ་མིན་བར་དེ་ནི་འདུག་ནི་ལྷ་རེད་ན། སྔགས་ན་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ཞེན་མེད་དུ་རོལ། འགག་མེད་དུ་མྱོང་། རྟོག་མེད་དུ་གྲོལ། ཡང་མིག་ཤེས་ལྷོད་སེ་བཞག་ཏེ་ནམ་མཁའ་ལ་གཏད་ན་ནམ་མཁའ་དང་འདྲེས་པ་ལྟ་བུའི་ཉམས་ཤར་ན་ནོར་ས་གཅིག །ཡིད་ཤེས་ཀྱིས་སྟོང་པའོ་སྙམ་པ་དང་། གསལ་བ་དང་། བདེ་བ་དང་། མི་རྟོག་པའོ་སྙམ་པས་ནོར་ས་གཅིག །དེ་མིན་ནོར་ས་མེད་པ་དང་འདྲ། དགེའོ། །བཀྲ་ཤིས། །


previousསེམས་རིག་ཤན་འབྱེད།next