Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ།
   
   
   
   


 
previousསྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ།next

སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ།

སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ། དེ་ཉིད་ལོངས་སྐུ་རྡོ་རྗེ་འཆང་གི་སྐུར་བཞེངས་ནས་སོགས། དེ་ནས་དགའ་རབ་རྡོ་རྗེས་སྤྱིར་རྒྱུད་གསུམ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དབང་དང་གདམས་པ་གསན། བྱེ་བྲག་ཡང་གསང་བླ་ན་མེད་པའི་གདམས་པ་སོགས། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་རྫོགས་པ་སོགས། སྙན་རྒྱུད་ལ་གཉིས་ཡོད་ནི་རེད། གསུམ་ཡོད་པར་གསུངས་ཀྱང་མ་མཐོང་གསུངས། ༈ སེམས་ཀློང་མན་ངག་གི་དགོངས་པའི་ཁྱད་པར་ལ། སེམས་སྡེ་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་དང་། རྩལ་དང་། རོལ་བའི་འཆར་ཚུལ་ཡིན་པས། དེ་ལས་གཞན་གྱུར་གཅོད་པ་ལ་དགོངས་པའོ། །གང་ཤར་ཐམས་ཅད་མ་བཅོས་པར་ཤེས་མཁན། གོ་མཁན། རིག་མཁན་ཁོ་རང་གི་ཐོག་ཏུ་བཞག་དགོས་གསུངས་ནས་འགྱུ་བ་གནས་དག་གི་དགོངས་པ་སྐྱོང་བ་སེམས་སྡེ་བའི་ལུགས་ཡིན། སྣང་ཕྱོགས་སོ། ཀློང་སྡེ་ནི། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་གཞན་བྱུང་འགོག་པའམ་གཅོད་པ་ལ་དགོངས་པའོ། །ཀློང་ཆེན་པོ་ནི། རྣམ་རྟོག་འགགས་པ་ཙམ་དང་རང་བཞིན་གྱི་རྐྱེན་འགའ་རེས་སྟོང་པའི་ཉམས་རེ་འཆར་བ་ཙམ་མ་ཡིན་བསམ་བརྗོད་དང་བྲལ་བ་གདོད་མའི་སྟོང་ཆེན་གྱི་དབྱིངས་ཡིན། དེ་ནི་བལྟ་རྒྱུ་མེད། བསྒོམ་རྒྱུ་མེད། བསྐྱང་རྒྱུ་ཅི་ཡང་མེད་ཅེས་གསུངས་པ་ནི་ཀློང་སྡེ་པའོ། །སྟོང་ཕྱོགས་སོ། ཟུང་འཇུག་རྩལ་དུ་བཏོན་པ་མན་ངག་གི་སྡེ་ནི། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་ནས། རིག་སྟོང་ཟུང་འཇུག་ངོ་སྤྲོད་དེ་མཉམ་པར་བཞག་པའི་དུས་ན་དྭངས་སང་ངེ་བའི་ཆ་སོགས་ཕར་བཞག་ལ། ཚུར་རིག་སྟོང་ཟུང་འཇུག་གི་རང་ས་བཟུང་བ་ཡིན་གསུངས། ༈ ཕྱག་མཆན་ནི་སྨྱོ་ཤུལ་བླ་མ་ལུང་རྟོགས་ལ་གནང་ནི་རེད། དེས་སུ་ལའང་མ་བསྟན་ནི་རེད། དེང་སང་ཨ་བསེས་ཀླུ་མོ་དགོན་ན་མཁན་སྤྲུལ་ཕྱག་ནས་བླངས་པ་ཡིན། ཞལ་རྒྱུན་ནི་ཨ་འཛོམ་འབྲུག་པ་ཚང་ལ་འཕོ་རྟ་ཕུལ་བ་དེ་ཡིན། གསུམ་པ་གསང་བ་མན་ངག་གི་སྡེ་ལ་སྐོར་བཞི་ལས། ཞལ་རྒྱུན་ལས། དེ་ཡང་ཕྱི་སྐོར་དུ་སོགས༴ ༈ དངོས་གཞི་འདི་དག་དེང་སང་མཁས་པ་སུས་ཀྱང་ཐེག་པ་འོག་མ་དང་སྦྱར་ནས་བཤད་ནི་རེད། དེ་ལྟར་མི་ཉན་ནི་རེད། གཞི་ཡིན་ལ་དངོས་མ་ཡིན་པ་ནི། རྫོགས་པ་ཆེན་པོ་ཁ་ཅིག་ཞེས་གསུངས་པ་དང་། མན་ངག་གི་སྡེའི་ནང་གསེས་ཕྱི་སྐོར་ལ་སྦྱར་དགོས། དེ་ཡང་གཞི་ཞེས་པ་གང་ཡིན་ན་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་རེད། དེ་གཏན་ལ་དབབ་པ་ལ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ་ལ། རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟགས་པ་གསུམ། ལྟ་བ་དབུ་མ་ཐལ་འགྱུར་ལས་ཁྱད་པར་འཕགས་ཚུལ་རིན་པོ་ཆེའི་གསུངས་ལྟར་ཁྱད་གཞི་ཁྱད་ཆོས་བཞག་ཏེ་དངོས་གཞི་ནི། གཞི་དྲུག་སྐྱོན་ཅན་དུ་ཕྱེ་ནས། བདུན་པ་སྐྱོན་མེད་རང་གཞུང་གི་གཞི་སྐུ་གསུམ་འདུ་འབྲལ་མེད་པ་རིག་སྟོང་ཟུང་འཇུག་ཏུ་ངོ་འཕྲོད་པ་དེ་ཡིན། དངོས་ནི་གང་ཞེ་ན་ལྷུན་གྲུབ་ཐོད་རྒལ་རེད། དེ་ཡང་ཐོད་རྒལ་གྱི་སྔོན་འགྲོ་ཕྱི་ནང་གསང་གསུམ་གྱིས་འཁོར་འདས་རུ་ཤན་ཕྱེ་ནས། མ་དག་འཁོར་བའི་རྒྱུ་ཀུན་གཞི་སེམས་གསུམ། དག་པ་མྱང་འདས་ཀྱི་རྒྱུ་དབྱིངས་ཡེ་ཟུང་འཇུག་གི་ཀློང་དུ་གཏན་ལོག་གམ་གཏན་གྲོགས་བྱས་ནས། དངོས་གཞི་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་ཆེན་པོར་ངོ་འཕྲོད་པ་ཡིན། དེ་དག་ཞིང་སྐུ་ཕོ་བྲང་གསུམ་གྱི་རང་བཞིན་འདུ་བས་ན། ངོ་བོ་སྟོང་གདངས་དབྱིངས་རྣམ་དག་གི་སྒྲོན་མ་ཞིང་ཁམས། རང་བཞིན་གསལ་གདངས་ཐིག་ལེ་སྟོང་བའི་སྒྲོན་མ་གཞལ་ཡས་ཁང། ཐུགས་རྗེའི་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲོན་མ་སྐུ་རེད། དེས་ན་ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་འོད་གསལ་རིག་གདངས་རྟོག་མེད་རྡོ་རྗེ་ལུ་གུ་རྒྱུད་ཡིན་ཚུལ་མི་ཕམ་རིན་པོ་ཆེས་གསུངས། ལྔ་ཚན་ལྔའི་ངོ་སྤྲོད་འདི་གཉིས་ཁྱད་པར་སྤུ་ཙམ་ཡང་མེད་པས་ན། ཁ་མི་མང་བར་རང་གི་སྙིང་གི་དཀྱིལ་དུ་ཚ་ར་གྱིས་ལ་ཉམས་སུ་ལོངས་ཞེས་གདམས་པའོ། །དངོས་ཡིན་ལ་གཞི་མ་ཡིན་ཞེས་པ་ནི། མན་ངག་རྫོགས་པ་ཆེན་པོ་ཞེས་འབུར་དོད་དུ་ཡོད་པ་འདི་ནི་གསང་སྐོར་དང་སྦྱར་དགོས་འོག་མ་དང་སྦྱར་མི་ཉན་ནོ། །པྲ་ཡས་པ་ཞེས་པྲའི་ལྷ་མོ་གཤེགས་པ་ལྟ་བུ་ཞེས་གསུངས་པས་སྙིང་པོ་མེད་པའོ། །དངོས་གཞི་གཉིས་ཀ་མིན་པ་ནི། ཐེག་པ་ཐུན་མོང་ཞེས་པ་ཉན་རང་ན་ལྟ་སྒོམ་རེ་ཡོད་པས་དེ་དང་མདོ་ཕར་ཕྱིན་ཐེག་པ་ནས་ཕྱི་རྒྱུད་དང་ཨ་ནུ་མན་ཆད་ལ་གོ་དགོས། མདོར་ན་གཞི་ཁྲེགས་ཆོད་ཀྱི་སྔོན་སེམས་ཀྱི་ཁང་བུ་བཤིག་པ་སྔོན་དུ་མ་སོང་། དངོས་གཞི་སྐུ་གསུམ་འདུ་འབྲལ་མེད་པ་རིག་སྟོང་ཟུང་འཇུག་ངོ་མ་འཕྲོད། ལམ་ཐོད་རྒལ་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་མ་ཕྱེད། དངོས་གཞི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ངོ་མ་འཕྲོད་པ་དེ་ཉིད་ཡིན་ནོ། །དངོས་དང་གཞི་གཉིས་ཀ་ཡིན་པ་ནི། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་སྐུ་གསུམ་འདུ་འབྲལ་མེད་པ་རིག་སྟོང་ཟུང་འཇུག་དང་དེའི་རང་གདངས་འགག་པ་མེད་པ་ལྷུན་གྲུབ་ཐོད་རྒལ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ངོ་འཕྲོད་པ་དེ་ཉིད་ཡིན་ནོ། །ཐེག་པ་རིམ་དགུའི་ལྟ་སྒོམ་ནི་གསང་སྐོར་མན་ཆོད་བཞག ༈ །རྡོ་གྲུབ་རིན་པོ་ཆེས། གསང་སྙིང་གི་ཕུག་འདི་རྫོགས་ཆེན་ལ་མ་གཏུག་གི་བར་དུ་དག་མཉམ་མཚན་ཉིད་པ་མི་ཤེས་ཏེ། ཕུང་ལྔ་དང་འབྱུང་ལྔའི་སྟེང་དུ་གནས་སྣང་རེ་ལུང་རིགས་ཀྱི་དཔྱད་པས་བཞག་རུང་གོ་བའི་ངེས་ཤེས་ཙམ་ལས་མི་འཆར་དེས་ན་འདི་ལྟར་བཞག་དགོས་ཏེ། སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས་འཆར་གཞི་འོད་གསལ་སད་དེ་ཐོག་མར་སེམས་སེམས་བྱུང་མཐའ་དག་འོད་གསལ་གྱི་རྣམ་ལྡན་དུ་ཤར་དུས་སྣང་སྲིད་དག་པ་རབ་འབྱམས་སྙིང་དབུས་ན་དག་མཉམ་དུ་སད་ཡོད་པས། གནས་སྣང་མཐུན་པའི་མགོ་དེ་ནས་རྩོམ་པ་ཡིན། དེ་ལྟར་མཐོང་དུས་ཉི་མ་སྤྲིན་སྦུབས་ལས་གྲོལ་དུས་འོད་ཟེར་ཐམས་ཅད་དྲོད་ལྡན་དུ་ཡོད་པ་དང་། རིན་པོ་ཆེ་གསེར་གླིང་དུ་ཐོན་པ་ལྟ་བུ་ཡིན་ནོ། །འཆར་གཞི་འོད་གསལ་དོན་དམ་དཀོར་བདུན་དང་། འཆར་ཆོས་སེམས་སེམས་བྱུང་ཐམས་ཅད་འོད་གསལ་གྱི་རྣམ་ལྡན་དུ་ཤར་བ་ལྷག་པའི་ཀུན་རྫོབ་བདེན་པ་དང་། དེ་གཉིས་དབྱེར་མེད་པ་ལྷག་པའི་བདེན་གཉིས་དབྱེར་མེད་དམ་ཟུང་འཇུག་རེད། ཡུལ་ཐོག་ན་གཉེན་པོས་སྦྱང་བསྒྱུར་མི་དགོས་ཏེ། དུང་སེར་པོར་མཐོང་དུས་མཁྲིས་ནད་དག་དུས་དུང་གི་སེར་སྣང་དག་པ་དང་། མིག་སྐྱོན་རབ་རིབ་དག་དུས་སྐྲ་ཤད་དག་པ་ལྟར། མ་རིག་པ་དག་པས་དེས་བསྐྱེད་པའི་མ་དག་པའི་ཡུལ་སྣང་ཐམས་ཅད་གཉེན་པོ་གཞན་བསྟེན་མི་དགོས་པར་དག་པར་འགྱུར་རོ་ཞེས་གདམས་སོ། །དེས་ན་མ་དག་པའི་སྣང་བ་འདི་ཐོག་མའི་གཞི་དུས་ན་མེད། མཐར་ཕྱིན་འབྲས་བུའི་དུས་ན་མེད་པས་ན། རྣལ་འབྱོར་བའི་རིག་པ་གཤིས་ཐོག་ཏུ་ཕེབས་པ་དེའི་ཚེ་སྣང་བ་ཐམས་ཅད་ཧྲལ་ཧྲོལ་ཁྲལ་ཁྲོལ་ཙམ་ལས་མེད་པར་འགྱུར་བ་འདི་ཉིད་འཁྲུལ་སྣང་འདི་དག་ཐོག་མཐའ་ན་མེད་པའི་རྟགས་ཡིན་ཞེས་རིན་པོ་ཆེས་གསུངས། དོན་དཔྱོད་སྔོན་དུ་སོང་བའི་ལག་རྗེས་ལས་ཀུན་རྫོབ་ཀྱི་སྣང་བ་འདི་དག་སྣང་ཙམ་བཏགས་ཙམ་ཞིག་ལས་མེད་པར་རྟོགས་པའི་གང་ཟག་ལ། འཁྲུལ་སྣང་ཀ་ནས་དག་པའི་ཡེ་ཤེས་ངོ་འཕྲོད་སླ་བ་ཡིན་གསུངས་སོ། ༈ །གཙོ་སེམས་མིག་ཤེས་དང་འཁོར་ཀུན་འགྲོ་ལྔས་ཡུལ་སྔོན་པོ་མཐོང་དུས། དང་པོ་མིག་ཤེས་ཡུལ་ལ་གཡོ་བའི་ཆ་དེ་སེམས་པ། ཡུལ་ལ་གཏོད་པའི་ཆ་དེ་ཡིད་བྱེད། ཡུལ་དང་དབང་པོ་ཤེས་པ་གསུམ་འཕྲད་པའི་ཆ་དེ་རེག་པ། གཟུགས་ཡིད་འོང་མི་འོང་བར་མ་གསུམ་གང་རུང་ཉམས་སུ་མྱོང་བའི་ཆ་དེ་ཚོར་བ། སྔོ་སེར་སོགས་སོ་སོར་མ་འདྲེས་པར་ཤེས་པ་འདུ་ཤེས་དང་ལྔ་ནི་ཀུན་འགྲོ་ལྔ་ཡིན། ༈ ཤེས་རབ་རྣོ་བ་སྤུ་གྲི་ལྟ་བུ་མྱུར་བ་གློག་ཞགས་ལྟ་བུ་ཡོད་ན། སྔགས་རྫོགས་ཀྱི་དགོངས་པ་རྒྱ་ཆེ་བ་ནམ་མཁའི་ཕ་མཐའ་ལས་ཀྱང་རིང་བ། གཏིང་ཟབ་པ་རྒྱ་མཚོའི་གཏིང་མཐའ་བས་ཀྱང་ཟབ་པ། དེ་ཉིད་ཀྱི་གནད་དོན་རྟོགས་ནུས་ནི་རེད་མ་གཏོགས་དེ་མིན་དཀའ་ནི་རེད། བྱ་བའི་ཡུལ་ལ་ཡོད་པ་ཕྲིན་ལས་དང་། བྱེད་པ་པོ་ལ་ཡོད་པ་ཐུགས་རྗེ་གཉིས་ལྡན་དགོས་ནི་རེད་གསུངས། ༈ འདུན་པས་འགྲོ་བ་ནི་མཐོ་རིས་ཀྱི་བདེ་བ་ལ་དོན་དུ་གཉེར་བ་དང་། ཞེ་སྡང་གིས་ནི་གཞན་འབྱོར་ལ་སྡང་བ་དང་། གཏི་མུག་གིས་ལས་འབྲས་ལ་རྨོངས་པས་སྐྱབས་སུ་འགྲོ་བའོ། ༈ །ཉག་གཏེར་རིན་པོ་ཆེས་མཉམ་བཞག་གཅིག་གི་སྟེང་དུ་ལྟ་བའི་གནས་ལ་སྒྲོ་འདོགས་ཆོད་པ་ཐི་བྱས་ཚང་བཙལ་བ་ལྟ་བུའི་སྤྱོད་པ་དང་། བླ་མའི་གདམས་ངག་རྣམས་དྲན་པ་ནི་བུང་བ་ལྟ་བུའི་སྤྱོད་པ་དང་། འཁྲུལ་རྟོག་ལས་དབེན་པ་རི་དྭགས་ལྟ་བུ། སྨྲ་བརྗོད་ཀྱི་རྟོག་པའི་སྤྲོས་པ་བསྐྱུང་བ་ལྐུག་པ་ལྟ་བུ་ངག་གི་སྐྱོད་བྱེད་ཀྱི་རྩ་བ་ལས་རླུང་ཡིན་པས་རླུང་དེངས་སུ་བཅུག་སྟེ་གང་ཤར་རྟོགས་པའི་སྣ་མི་བསྐྱིལ་བར་ཤར་གྲོལ་དུ་གཏོང་བ་སྨྱོན་པ་ལྟ་བུ། མཉམ་བཞག་གི་ཡེ་ཤེས་དེ་མི་འཇིགས་པའི་གདེངས་དང་ལྡན་པ་སེང་གེ་ལྟ་བུ། གཙང་སྨེ་གཉིས་འཛིན་གྱི་རྟོག་པ་དང་བྲལ་བ་ཁྱི་ཕག་ལྟ་བུའི་སྤྱོད་པ་བདུན་ནོ། ༈ །དབྱིངས་ཀྱི་ནང་དུ་ཐིག་ལེ། ཐིག་ལེའི་ནང་དུ་ལུག་རྒྱུད་གཡོ་འགུལ་ཅན་ཡིན་ཀྱང་མི་འབྲལ་བ་ཆོས་ཉིད་མངོན་སུམ། དེ་ལས་གོང་འཕེལ་དུ་སོང་ནས་ཅུང་ཟད་འགུལ་འཕྲིག་གི་རྣམ་པ་ཅན་ཉམས་གོང་འཕེལ། དབྱིངས་ཐིག་སོགས་ལྷུན་གྲུབ་ཀྱི་སྣང་ཆ་གཡོ་འགུལ་མེད་པ་རིག་པ་ཚད་ཕེབས་ཡིན། སྤྱིར་སྣང་བ་འདི་དག་འོད་ལྔའི་རང་བཞིན་ཡིན་ཡང་སོ་སྐྱེས་ལ་མ་དག་པ་ལྟར་སྣང་། སྣང་བ་ལྟར་དུ་ཞེན། ཞེན་པ་ལྟར་ཨ་འཐས། རིག་པ་ཚད་ཕེབས་དུས་གནས་ཚུལ་ཇི་བཞིན་སྣང་བ་ཡིན་ལ། ནང་དུ་རིག་སྟོང་ཟུང་འཇུག་དུ་འབྲེལ་བའི་རྟགས་ཕྱི་རུ་ཐིག་ལེ་ཟུང་འབྲེལ། ཡེ་ཤེས་ལྔ་ཕྱོགས་ཙམ་རྟོགས་པའི་རྟགས་ཐིག་ལེ་ལྔ་འབྲེལ། འདིར་མ་དག་ས་བདུན་གྱི་སྤང་བྱ་སྤངས་ནས་དག་པ་ས་གསུམ་དང་སྐལ་བ་མཉམ་ནའང་དོན་ལ་ས་དང་པོ་ཡིན་པ་གོ་དགོས། དེ་དག་གི་འཕེལ་བ་ཟད་ནས་སྐྱེ་འཇུག་གཉིས་ལ་དབང་ཐོབ། ནང་དབྱིངས་སུ་ཐིམ་པ་ནི་ཆོས་ཉིད་ཟད་པའོ། ༈ །ཐོག་མར་དགེ་བ་སྐྱབས་འགྲོ་སེམས་བསྐྱེད། བར་དུ་དགེ་བ་ཐུགས་ཡིད་དབྱེར་མེད། ཐ་མ་དགེ་བ་བསྔོ་བ་སྨོན་ལམ་གསུམ་ཚང་དགོས། ༈ རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་སྡེའི་བྱང་ཆུབ་སེམས་ཀྱི་ངོ་བོ་དང་། རྩལ་དང་། རོལ་པ་གསུམ་པོ་གཞུང་དོན་ཡིན་གསུངས། རྩལ་ལས་རོལ་པ་གང་ཤར་ཐམས་ཅད་ཀྱི་ངོ་ལ་བལྟ། ངང་ལ་བཞག །མ་བཅོས་པར་བཞག་པས་རྟོག་ཚོགས་དྭངས་སོང་བའི་ཆ་བསྒོམས་པས་སྟོང་ཉིད་རྒྱས་འདེབས་སུ་ཤོར་བའམ་སྟོང་ཉིད་གཉེན་པོར་ཤོར་བ་ཡིན་གསུངས། ༈ སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱིས་རྟོག་དཔྱོད་མ་ཞུགས་པ། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཞེས་སོ། ༈ །གཞི་ཁྲེགས་ཆོད་ཀྱི་ངོ་སྤྲད་བྱ་རིག་སྟོང་ཟུང་འཇུག་སྐུ་གསུམ་འདུ་འབྲལ་མེད་ཚུལ་ལོ། །ཐོད་རྒལ་གྱི་ངོ་སྤྲད་བྱ་ཞིང་སྐུ་ཕོ་བྲང་གསུམ་པོ་ངོ་སྤྲོད་པ་ཡིན་གསུངས། ༈ སྣང་ཆ་གང་ཤར་མི་འགག་པར་སྤྱོད་པས་ན་སྤྱོད་པའོ།།


previousསྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནི་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ།next