Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉམས་ལེན་སྲང་ལ་འཇུག་ཚུལ།
   
   
   


 
previousཉམས་ལེན་སྲང་ལ་འཇུག་ཚུལ། next

ཉམས་ལེན་སྲང་ལ་འཇུག་ཚུལ།

ཞར་ལ་ཉམས་ལེན་སྲང་དུ་འཇུག་པའི་ཚུལ་གཉིས་ལས། སྤྲོས་བཅས་སོགས། སྤྲོས་མེད་ནི། ཉིན་མོ་བྱ་བ་དགུ་ཕྲུགས་སུ་བཏང་ནས་བཞུགས་སྟངས་དང་མི་འབྲལ་བས་སྐུ་དང་ཐིག་ལེའི་ཀློང་དུ་རིག་པ་བརྗོད་མེད་དུ་བཞག །མཚན་མོ་ཆ་གསུམ་དུ་བྱས་པས། སྲོད་ལ་དྲང་སྲོང་གི་འདུག་སྟངས་དང་བཅས་པས། དབང་པོ་གནད་དུ་བསྡུ་བ་ནི། ལྟེ་བར་པདྨ་དམར་པོ་འདབ་བཞིའི་སྟེང་དུ་སྦྱང་བྱ་མེའི་དཀྱིལ་འཁོར་དབྱིབས་གྲུ་གསུམ་གྱི་རྣམ་པ་དེའི་དཀྱིལ་ན་ཡི་གེ་ཨ་ཐུང་དམར་པོ་ཨ་ཆེན་ལྟ་བུས་ཀྱང་ཆོག །མིན་ཀྱང་ལུགས་མང་ནི་རེད། དེའི་འོག་ཏུ་སྦྱོང་བྱེད་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་གཞུའི་མཆོག་གཉིས་སྣ་བུག་གཉིས་ལ་ཟུག་པ་འཆང་བཟུང་ལ་ཡི་གེ་ཡཾ་གྱིས་མཚན་པ་ཞིག་བསྒོམ་ཏེ། སྤྱི་བོའི་ཚོགས་ཞིང་འོད་དུ་ཞུ་ནས་ཕྱིའི་རླུང་སེམས་ལ་ཐིམ། ཕྱིའི་རླུང་སྣ་བུག་གཉིས་ནས་རོ་རྐྱང་གཉིས་བརྒྱུད་ནས་ལྟེ་འོག་གི་ཡཾ་ལ་ཕོག་པས་ལས་རླུང་གཡོས། རླུང་ཨ་ཐུང་ལ་ཕོག་པས་ཨ་ཐུང་ལས་ཡེ་ཤེས་ཀྱི་མེ་འབར་བ་དབུ་མ་ནས་ཡར་སོང་ནས་སྤྱི་བོའི་ཧཾ་ཡིག་མགོ་ཐུར་བསྟན་ལ་ཕོག་པས་དེ་ལས་ཐིག་ལེའི་ཐིགས་པས་མེའི་གསོས་བྱས་ཤིན་ཏུ་འབར་བར་བསམ། དེས་ལས་དང་བག་ཆགས་བསྲེགས། བདེ་སྟོང་གི་ངང་ལ་བཞག་སྟེ་སྟེང་རླུང་ཅུང་ཟད་མནན། འོག་རླུང་ཅུང་ཟད་བསྡམ། བར་རླུང་ཅུང་ཟད་འཛིན། རྗེས་ཐོབ་དུས་བཟའ་བཏུང་སོགས་སྤྱོད་ལམ་ཐམས་ཅད་བདེ་སྟོང་དུ་ཤར། གང་སྣང་ཐམས་ཅད་བདེ་སྟོང་དུ་ཤར། སོར་མོའི་རྩེ་ཚུན་ཆད་བདེ་དྲོད་ཀྱིས་ལུས་ལ་སྐྲ་སེན་མིན་ཚད་ཁྱབ། ལོ་གཅིག་ཙམ་ལ་དེ་ལྟར་བྱས་པས་ཁམས་གསོ་བའམ་རྒྱས་ནུས་ཀྱང་བསྡམ་མ་དོ་ནས་ཁམས་འདི་ཉམས་ཀྱི་བསྡད་ན་གང་ཟག་དེའི་རྒྱུད་དེར་ཆང་འགག་གི་སྦང་མ་ལྟ་བུ་ཞིག་མ་གཏོགས་ཡོད་ནི་མ་རེད། དཔེར་ན་རྒུན་དུས་གསེར་གྱི་རྒོད་རྒན་ཐང་ལ་སོང་ནི་འདྲ་འདྲ་ཞིག་ཡིན་ནི་རེད། རྩ་ལྟུང་བཅུ་གཉིས་པ་འབྱུང་། རྟོགས་པ་རྒྱུད་ལ་མི་སྐྱེ། ཤེས་རབ་ཞན་པ་སོགས་སོ། །འདི་མི་ཉམས་ཆེད་དུ་འདོད་ཆགས་ཀྱིས་དབང་གིས་ཡིན་ན་མི་སྡུག་པ་སྒོམ། གདོན་དབང་ལ་བསྲུང་བ་སོགས། ནད་ལ་སྨན། རྩ་རླུང་དང་འཁྲུལ་འཁོར་སོགས་ཀྱིས་བཅོས། འདི་ལྟར་དམིགས་པ་བྱས་ན་འབེབས་པ་སླ་ཡང་ཕྱིས་སུ་བསྲུང་མ་ནུས་ན་ཅང་ཕན་ཐོག་ཡོད་ནི་མ་རེད། བསྲུང་ནུས་ན་ལུས་ཀྱི་དྭངས་མ་གསོ་ནུས་ཏེ། སྙིང་གར་ཁམས་དཀར་དམར་གཉིས་ཁ་བསྡེབས་ཏེ་གཞིའི་ངང་ན་གནས། བན་ཆུང་ཁམས་མ་ཉམས་བདག་འདྲ་ཡིན་ན་དེ་ལྟར་ཅུང་ཟད་རེ་བཟུང་བས་ཀྱང་རྟགས་ལེགས་པར་འཆར་བ་སོགས་སོ། །དགུང་ལ་སེང་གེའི་འདུག་སྟངས་དང་བཅས་ཤེས་བྱ་བུམ་པར་བསྡུ་བ་སོགས་སོ། ༈ །ཨ་གཏུམ་ཨ་ཐུང་ཨ་ཤད་གསུམ་གྱི་ཁྱད་པར། ཨ་གཏུམ་ཨ་ཐུང་ཨ་ཤད་ཅེས་གསུམ་དུ་འབྱུང་ལ། དེའི་དང་པོ་ནི་ཉོན་མོངས་འཇོམས་པ་སྟེ་བྱེད་ལས་དང་། གཉིས་པ་སྐྱེ་བ་མེད་པ་སྟེ་རང་བཞིན་དང་། གསུམ་པ་ཨ་ཕྱིས་ཤུལ་གྱི་ཨ་ཤད་དབྱིབས་གསུམ་ལས་བཏགས་པ་ཡིན་ནོ། །


previousཉམས་ལེན་སྲང་ལ་འཇུག་ཚུལ། next