Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྭངས་མ་ལྔ་སོགས་བཤད་པའི་སྐོར།
   
   


 
previousདྭངས་མ་ལྔ་སོགས་བཤད་པའི་སྐོར། next

དྭངས་མ་ལྔ་སོགས་བཤད་པའི་སྐོར།

དྭངས་མ་ལྔ་ནི་ཤའི་དྭངས་མ་དབུ་མའི་རྩ། ཁྲག་གི་དྭངས་མ་ཨ་ཐུང་མེ། རུས་པའི་དྭངས་མ་ཐིག་ལེ་ཧཾ།། དབུགས་ཀྱི་དྭངས་མ་སྲོག་གི་རླུང་། ཡིད་ཀྱི་དྭངས་མ་ཀུན་གཞིའི་སེམས་ཞེས་སོ། ༈ ཚེ་ལ་རྣམ་པ་གསུམ་ཡོད་དེ། འཕོ་ཞིང་གཡོ་བ་ཐིག་ལེའི་ཚེ། འགྲོ་དང་འོང་བ་རླུང་གི་ཚེ། འོད་གསལ་འགྱུར་མེད་གཉུག་མའི་ཚེ་ཞེས་སོ། ༈ །མངོན་བརྗོད་ལས། སྲུང་བར་བྱེད་པ་བསྙུང་གནས་ནི། །ཁ་ཟས་ཉུང་ངུར་ཟ་བའི་མིང་།། བསྙུང་བ་ཉུང་ངུ་མེད་པའི་མིང་། ཞེས་སོ། ༈ །ཁམས་དྲུག་ལྡན་ནི། པགས་པ། ཤ། ཁྲག །རུས་པ། རྐང་། ཁམས་དཀར་དམར་དང་དྲུག་གོ། ༈ །ཉོན་སྒྲིབ་ནི་ཆགས་སྡང་སོགས། ཤེས་སྒྲིབ་ནི་བདེན་འཛིན། ཤེས་སྒྲིབ་ཕྲ་བ་བག་ཆགས་ཏེ། སྣང་སེམས་བག་ཆགས་ས་བཅུའི་རྒྱུན་མཐའ་ན་སྐར་མདའ་རྒྱུག་པའི་ཆ་ཙམ་དེས་རིག་ངོ་ལ་སྒྲིབ་པས་ན་སྒྲིབ་པའོ། །ལས་སྒྲིབ་ནི་རང་བཞིན་གྱི་སྡིག་པ་དང་བཅས་པའི་སྡིག་པའོ། ༈ །ཕྲིན་བཅོལ་གྱི་སྐབས། རྒྱལ་པོ་ལྟར་སྤྱི་ལ་ཁྱབ་པ་དང་༡། བློན་པོ་ལྟར་ཕྱོགས་ལ་ཁྱབ་པ་དང་༢། ཕོ་ཉ་བ་ལྟར་གནད་ཐོག་ཏུ་འབེབས་པ་དང་གསུམ་མོ༣། ༈ །དྲོད་རླུང་གཉིས་ལ་སྲོག་ཅེས་བཤད་དོ། ༈ །སྤྱིར་འོད་གསལ་རྫོགས་པ་ཆེན་པོ་ལ་བརྒྱུད་པའི་ལོ་རྒྱུས་ཞིག་དང་། དེ་ལས་བརྒྱུད་པའི་མན་ངག་ཅིག་ཡོད་ནི་རེད། དེ་ཡང་ཆོས་སྐུ་རྡོ་རྗེ་འཆང་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པ་གསེར་གྱི་ཉག་ཐག་ལྟ་བུ་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པ་ཞིག་ཡིན་དགོས་ནི་རེད། བརྒྱུད་པ་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཞིག་དང་། དེ་ལས་བརྒྱུད་པའི་ཕྱག་བཞེས་ཀྱི་གནད་མ་འཆུག་པ་ཞིག་དགོས་ནི་རེད། བརྒྱུད་པའི་མན་ངག་ནི་སྨིན་བྱེད་དབང་བཞི་དང་གྲོལ་བྱེད་ཁྲེགས་ཐོད་དོ། །ཁྲེགས་ཆོད་ལ་ཡང་། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ། དངོས་གཞི་རིག་པའི་ངོ་སྤྲད་པ་དང་། རྗེས་ཉམས་ལེན་གྱི་སྐྱོང་ཚུལ་དང་གསུམ་མོ། །སྔོན་འགྲོ་ལ་རྟོག་པ་རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་བརྟག་པའོ། །དངོས་གཞི་དེ་ལ་དད་པ་ཅན་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱི་ངོ་སྤྲོད་པ་ནི། གང་ཟག་དད་པ་ཅན་ལའོ། །ཤེས་རབ་ཅན་ལ་གནས་ལུགས་ལྟ་བའི་སྟེང་ནས་ངོ་སྤྲོད་པ་ནི། ཁང་བུ་བཤིག་པ་སྔོན་དུ་སོང་ནས་དངོས་གཞི་ངོ་སྤྲོད་པའོ། །རིག་པ་རང་སྣང་གི་བློ་ཅན་ལྟ་ཐོག་ནས་སྒོམ་པ་བཙལ་བ་ཡིན་ནོ། །བརྩོན་འགྲུས་ཅན་ལ་ཉམས་མྱོང་སྒོམ་པའི་སྟེང་ནས་ངོ་སྤྲོད་པ་ནི། སྣང་བ་ཡུལ་གྱི་བློ་ཅན་ཡིན་པས་སྒོམ་ཐོག་ནས་ལྟ་བ་བཙལ་བའོ། །རྗེས་ཉམས་ལེན་ནི། རྨི་ལམ་དང་བར་དོ་ལམ་འཁྱེར་རོ། ༈ །ཐོད་རྒལ་ལ། སྔོན་འགྲོ་ཕྱི་ནང་གསང་གསུམ་གྱི་རུ་ཤན་ལེགས་པར་ཕྱེ་བ་དང་། དངོས་གཞི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲོད་པ་དང་། ཅོག་བཞག་བཞི་དང་། ལམ་སྣང་བཞི་མཐར་ཕྱིན་པར་བྱེད་པའོ། ༈ །སྐབས་དང་པོ་རིག་པ་རྗེན་ལ་ཕུད་ནས་ངོ་སྤྲད། སྐབས་གཉིས་པ་གནས་འཕྲོ་གཉིས་པོ་ལ་གནས་ཆ་དྭངས་ཆ་ཐོན་པ་ཉམས་ཞེན་དང་བྲལ་བ། འཕྲོ་ཆ་གྲོལ་ཆ་ཐོན་ནས་འཁྲུལ་ཆ་བྲལ་བའོ། །དེ་ལའང་འཕྲོ་གནས་ཡང་ཟེར་རིག་པ་བཞེངས་བཞུགས་ཡང་ཟེར་རོ། །ཞེས་སོ། ༈ །འཁོར་འདས་རང་གྲོལ་ལས། ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོགས་ནས་བསྒྲུབ་པ་ནི། །གཤིས་ལ་ཤོར་བ་ཞེས་སུ་བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །རྒྱུ་འབྲས་ལྷུན་གྲུབ་མ་ཤེས་པ། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོ་གཞན། །བསྒོམ་པ་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། །བློ་དང་རྣམ་རྟོག་རྗེས་འབྲངས་ནས། །རྒྱུ་འབྲས་མེད་པའི་སྐུར་འདེབས་པ། །འདི་ནི་རྒྱས་འདེབས་སྟོང་པའོ། །རུ་ཤན་སྐབས། ༈ མདོ་ལས། མི་འཛིན་པ་རིག་པའི་ངོ་བོ་འཛིན་པ་ཐམས་ཅད་བྲལ་བ་སྦྱིན་པ། མཐའ་བཞི་བརྒྱད་གང་དུའང་མི་གནས་པ་ཚུལ་ཁྲིམས། ཁྲོ་སེམས་སོགས་བྲལ་ནས་ཡུལ་གང་ལའང་མི་སྐྲག་པ་བཟོད་པ། མཐར་ཐུག་པའི་ལུས་ངག་ཡིད་གསུམ་དགེ་སྦྱོར་སོགས་གང་ལའང་མི་བརྩོན་པ་བརྩོན་འགྲུས། ཡུལ་དང་ཡུལ་ཅན་དུ་འཛིན་པའི་སེམས་མེད་པའི་མི་སེམས་པ་བསམ་གཏན། ཆོས་དང་ཆོས་ཅན་ལའང་དམིགས་བྱེད་བྲལ་བའི་ཅི་ཡང་མི་དམིགས་པ་ཤེས་རབ་ཡིན་ཞེས་སོ། ༈ །མི་མཐུན་ཕྱོགས་བྱུང་ན། སྤོང་བའི་གཉེན་པོ་འདུ་བྱེད་པ་སེམས་པ་དང་། སེམས་ཙམ་པས། སེམས་པ་རྐྱང་བ་ལ་བྱས་ན་རྒྱུན་མེད་ཅིང་བག་ཆགས་ཙམ་ལ་བྱས་ན་གཏོང་རྒྱུ་བྱུང་བའི་གནས་སྐབས་སུའང་རྗེས་སུ་འབྲང་བའི་ཕྱིར་རོ། །སེམས་གཡེང་བ་ལ་སོགས་པའི་སྐབས་སུ་སེམས་པ་དེ་མེད་ན་སྡོམ་དང་སྡོམ་པ་མིན་པ་གཉིས་ཇི་ལྟར་ཡོད་ཅེ་ན། སྡོམ་པའི་ཁྱད་པར་གྱིས་བག་ཆགས་མ་བཅོམ་པའི་ཕྱིར་སྡོམ་དང་སྡོམ་པ་མ་ཡིན་པ་གཉིས་ཀ་ཡོད་དོ། །དབུ་མ་པ་ནི་སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །ཉོན་མོངས་པ་ཐམས་ཅད་ཆོས་ཉིད་དུ་སྦྱང་ནུས་པས་མི་གནོད་པ་དང་། སྙིང་རྗེ་ཆེན་པོའི་ཐབས་མཁས་ཀྱིས་ལམ་གྲོགས་སུ་བསྒྱུར་ནུས་པ་དང་། གསང་སྔགས་ཀྱིས་བསྐྱེད་རྫོགས་ཟབ་མོའི་དོན་དུ་རྣལ་འབྱོར་བས་ཉོན་མོངས་པ་ལམ་དུ་ཁྱེར་བའོ། ༈ །འཇིགས་མེད་གླིང་བས། མཉམ་བཞག་ནམ་མཁའ་ལྟ་བུ་ལ། །དྲན་རིག་སོ་མའི་དབྱིངས་ན་ཡོད། །ཅེས་སོ། ༈ །དྲན་པ་གསུམ་ནི་རང་གསལ་འགག་མེད་ཀྱི་དྲན་པ་ཁྲེགས་ཐོད་གཉིས་ལ་དགོས། གཞི་གནས་རང་བྱུང་ཁྲེགས་ཆོད་ཀྱི་དྲན་པ། སྣང་བ་ཅེར་འཛིན་ཐོད་རྒལ་གྱི་དྲན་པ། མན་ངག་མཛོད་ན་དྲན་པ་དྲུག་གསུངས་ཀྱང་དྲན་པ་གསུམ་ལ་འདུས། ༈ ཐེག་མཆོག་མཛོད་ལས། དེ་ཡང་རྣམ་ཤེས་ཚོགས་བརྒྱད་ནི། ཀུན་གཞིའི་རྣམ་པར་ཤེས་པ་ཡུལ་དུ་མི་རྟོག་རྣམ་པ་འཆར་བའི་རྒྱུར་གྱུར་བའི་རྣམ་ཤེས་རྟོག་མེད་དྭངས་པ་དང་། དེ་ལས་མཆེད་པའི་སྒོ་ལྔའི་ཤེས་པ་ལས། མིག་གི་རྣམ་ཤེས་གཟུགས་འཛིན་རྟོག་མེད། རྣ་བའི་རྣམ་ཤེས་སྒྲ་འཛིན་རྟོག་མེད། སྣའི་རྣམ་ཤེས་དྲི་འཛིན་རྟོག་མེད། ལྕེའི་རྣམ་ཤེས་རོ་འཛིན་རྟོག་མེད། ལུས་ཀྱི་རྣམ་ཤེས་རེག་འཛིན་རྟོག་མེད་དོ། །དེ་ལས་གཟུང་འཛིན་གྱི་ཡིད་ཤེས་གཉིས་ཏེ། ཡུལ་དང་པོར་སྤྱི་འཛིན་པ་ཡིད་ཤེས་དང་། རྗེས་ལ་བྱེ་བྲག་འཛིན་པ་ཉོན་ཡིད་དེ། གཟུང་བ་དང་འཛིན་པའོ། །ཡིད་ཤེས་འདི་གཉིས་ལ་དགེ་མི་དགེ་ལུང་མ་བསྟན་གསུམ་ཡོད་ལ། རྟོག་བཅས་རྟོག་མེད་ཅི་རིགས་སུ་ཡོད་དོ། །སྒོ་ལྔ་དང་ཀུན་གཞིའི་རྣམ་ཤེས་རྟོག་མེད་ཡིན་ནོ། །ཞེས་སོ། ༈ །མངོན་སུམ་རྟགས་ལ་མ་བརྟེན་པར། །རྗེས་དཔག་འབྱུང་བ་མི་སྲིད་དོ། །ཞེས་སོ། །མོས་གུས་དང་ཡེངས་མེད་ལུས་པོ་དང་། ཞེན་ལོག་སྒོམ་གྱི་རྐང་བ་ཚང་བ་ན། སྒོམ་གྱི་མགོ་རྐང་ཚང་བས་འདོད་དོན་འགྲུབ་ཅེས་སོ། །ཐམས་ཅད་བཙས་མ་ཐག་པ་བཞིན་ཞེས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མི་མཆེད་པའོ། ༈ །ཁམས་གསུམ་དུ་སྐྱེ་བའི་གོལ་ས་དེ་དག་སྐུ་གསུམ་གྱི་ཀློང་དུ་གྲོལ་དགོས་གསུངས་སོ། །ཞབས་དྲུང་པས། ཐ་མལ་པ་ཤེས་པ་རང་འགགས་སུ་འགྲོ་བ་ཞིག་དགོས་གསུངས། ༈ །ཕྱག་ཆེན་པས། གནས་འགྱུ་གཉིས་པོ་རིག་པའི་རྒྱུན་སྐྱོང་ནི་རེད། རྫོགས་ཆེན་པས། འཕྲོ་གནས་གཉིས་པོ་དྲན་པའི་རྒྱུན་སྐྱོང་ནི་རེད། འཕྲོ་བ་དེ་ལ་འཁྲུལ་གྲོལ་གཉིས་དང་། གནས་པ་དེ་ལ་དྭངས་སྙིགས་གཉིས་སོ། །ཁྲེགས་ཆོད་ཀྱི་རིག་གདངས་ཟེར་བ་དེ་ཤེས་པ་ལ་ཟེར། ཐོད་རྒལ་རིག་གདངས་དེ་ལུ་གུ་རྒྱུད་ལ་ཟེར་གསུངས་སོ། ༈ །གཏེར་སྟོན་བོན་པོ་དྲག་རྩལ་གྱིས་གསུངས་པའི་རྫོགས་ཆེན་གུ་རུ་བཞི་ཞེས། དགའ་རབ་རྡོ་རྗེ། ཤྲི་སེང་ཧ། ཛྙ་ན་སུ་ཏྲ། འཇམ་དཔལ་བཤེས་གཉེན་བཞིའི་ལོ་རྒྱུས་ཡོད་ནི་གི་བཞི་པ་ཟེར་གསུངས་སོ། ༈ །རུ་ཤན་སྐབས། རེ་འགའ་རང་གིས་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་དང་སེམས་ཅན་ཐམས་ཅད་ཀྱིས་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཀྱི་རྣམ་སྨིན་རང་ལ་སྨིན། དམྱལ་བའི་སྡུག་བསྔལ་རང་ཐོག་ཏུ་བླངས་ནས། སྒྲ་སྐད་ཐམས་ཅད་ངུ་འབོད། ཚོར་བ་ཐམས་ཅད་སྡུག་བསྔལ། མཐར་རིག་སྟོང་ཆོས་སྐུའི་ངང་ལ་བཞག་པས་འཁྲུལ་ས་འཁྲུལ་སྣང་དང་བཅས་པ་རང་སར་དག །ཡི་དྭགས་སོགས་ཀུན་ལ་རིགས་འགྲེས། རེས་འགའ་སེམས་ཅན་ཐམས་ཅད་ཕ་མར་ཤེས་ནས་སྙིང་རྗེ་རང་རྒྱུད་པ་སྐྱེ་བཅུག་མཐར་རིག་སྟོང་གི་ངང་ལ་བཞག །དགྲ་གཉེན་བར་མ་གསུམ་ལ་དེ་ལྟར་བྱའོ། །རེས་འགའ་སྣོད་བཅུད་སྐུ་དང་ཡེ་ཤེས་སུ་ཐག་བཅད། ཐ་མལ་ལྟར་འཛིན་པའི་རྟོག་པ་དབྱིངས་སུ་ལྷོད། རེས་འགའ་གང་ཟག་གི་བདག་དང་བདག་འཛིན་སྦྱང་། རེས་འགའ་ཆོས་ཀྱི་བདག་དང་བདག་འཛིན་སྦྱང་། ནམ་ཡིན་ཡང་རིག་ཐོག་ཏུ་ས་མ་ཟིན་ན་རྒྱུག་མཆོང་འུར་དིར་བྱས་པས་དོན་མེད་ཡིན་གསུངས། །


previousདྭངས་མ་ལྔ་སོགས་བཤད་པའི་སྐོར། next