Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞལ་རྒྱུན་ཐོར་བུ་འགའ།


 
previousཞལ་རྒྱུན་ཐོར་བུ་འགའ།no next

ཞལ་རྒྱུན་ཐོར་བུ་འགའ།

དམ་པའི་ཆོས་འདི་མི་སྒྲུབ་ནི་རེད་མ་གཏོགས། ཆོས་འདི་བུན་བུན་ཤིག་ཤིག་ཏུ་འཆར་གི་ཡོད་ནི་རེད། དཔེར་ན་ཀ་བུམ་ལ་སོགས་པས་ང་སྣང་སྟོང་ཟུང་འཇུག་ཡིན། འདི་ན་ཡོད་ཅེས་ཟེར་བ་ལྟ་བུ་ཞིག་དང་། སྒྲས་ཀྱང་ང་གྲགས་སྟོང་བྲག་ཆ་ལྟ་བུ་ཡིན་ཞེས་ཟེར་བ་ལྟ་བུ་ཡིན་ནི་རེད། སྦྱིན་པས་ལོངས་སྤྱོད་ཞེས་ཟེར་ནི་རེད་ནི་དམན་པའི་སེམས་ཅན་དབུལ་བོ་མཐོང་ན་ངས་འདི་ནས་བྱང་ཆུབ་ཀྱི་བར་དུ་ཁྱོད་ལ་ལོངས་སྤྱོད་འཛད་མེད་དུ་སྟེར་ཟེར་བ་ལྟ་བུ་ཞིག་དང་། དགྲས་འདི་ནས་བྱང་ཆུབ་ཀྱི་བར་དུ་ཁྱོད་ལ་གཟུགས་ལེགས་པ་སྟེར་ཟེར་བ་ལྟར་རོ། །ཐུགས་ཡིད་དབྱེར་མེད་བསྲེས་ནས་མཉམ་པར་བཞག་པ་དོན་དམ་བྱང་ཆུབ་ཀྱི་སེམས་དང་། དེ་ལས་སེམས་ཅན་གྱི་ཁམས་ལ་བརྩེ་བའི་སྙིང་རྗེ་ཆེན་པོ་ཤར་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། ཀུན་རྫོབ་བྱང་ཆུབ་སེམས་ལ་སྨོན་འཇུག་གཉིས་སོ། ༈ །བྱུང་གནས་འགྲོ་གསུམ་གྱིས་ལྟ་བ་སྣང་སྟོང་ཟུང་འཇུག་ངེས་པའི་ངེས་ཤེས་ཀྱི་ངོར་ན། དགག་རྟོག་སྒྲུབ་རྟོག་ཡོད་འཛིན་མེད་འཛིན་བདག་འཛིན་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་རྣམས་ཀྱང་གྲོལ། ཡུལ་ཡོད་མེད་བདག་གཉིས་སོགས་ཀྱང་འགག །སྣང་ཆ་སྤངས་བའི་སྟོང་རྐྱང་ཆད་པ། སྟོང་ཆ་སྤངས་བའི་རྟག་པ་ཞིག་ག་ལ་ཡིན་ཏེ་མིན་ནོ། །གནས་ལུགས་ལ་ཤིན་ཏུ་ཉེ་བས་དེ་ལ་འོད་གསལ་ཟེར་ཆོག་གི་རེད་གསུངས་སོ། ༈ །ཀུན་སློང་མེད་ན་བཤད་པའི་ཚིག་ལ་མཁས་ཀྱང་མི་ཕན། སྙིང་རུས་ཞེ་བཅད་བྱས་ཀྱང་མི་ཕན། སྙིང་རྗེ་མེད་ན་དགེ་བས་གཤིན་རྗེའི་འཇིག་རྟེན་ཏུ་སྐྱེ་བའི་རྒྱུ་མཚན་མི་ཕམ་རིན་པོ་ཆེས་མཁན་ཚུལ་དགའ་ལ་གསུངས་ཚུལ་རྡོ་གྲུབ་རིན་པོ་ཆེས་གསུངས། དཔལ་སྤྲུལ་གྱི་བསྐྱེད་རིམ་ལྷའི་དཀའ་གནད་ནང་ན། སྟོང་ཉིད་ལ་གོ་བ་ཡོད་པ། བསྐྱེད་རིམ་གསལ་སྣང་ཐོན་པ། བཟླས་པའི་གྲངས་འཁྱོལ་བ། སྙིང་རྗེ་མེད་པ་རྣམས་གཤིན་རྗེའི་འཇིག་རྟེན་ཏུ་སྐྱེ་ཚུལ་བླ་མ་དེ་དག་གི་ཐུགས་དགོངས་གཅིག་རེད། བཤད་བཤད་ཀྱིས་ཐོས་པ་བལྟས། འདུག་འདུག་གིས་འབོལ་གདན་ཐེད། བཏོན་བཏོན་གྱིས་ཕྲེང་བ་ཟད་པ་ཅི་ཙམ་བྱས་ཀྱང་རང་རྒྱུད་ཉོན་མོངས་དང་མ་བྲལ་ན་དཀའ་ནི་རེད། བཀའ་གདམས་པ་རྣམས་ཀྱིས་རྡེའུ་དཀར་ནག་གིས་བསམ་པ་བརྟག་ཚུལ་ད་དུང་ཡང་ཆེན་པོ་གསུམ་གྱི་གྲུབ་མཐའ་ལ་ཤེས་སྙམ་གྱི་རློམ་སེམས་བྱས་ཀྱང་ཤིན་ཏུ་དཀའ་ནི་རེད། རང་སྐྱོན་རི་བོ་ཙམ་ཡང་མི་མཐོང་། གཞན་སྐྱོན་ཤིག་ཙམ་ཡོད་ཀྱང་མཐོང་། ཚུལ་འཆལ་རི་ན་གནས་ཀྱང་འཆལ། ཁྲིམས་ལྡན་གྲོང་ན་གནས་ཀྱང་བཙུན། ༈ ལུས་ལྷ་མིའི་ཚོགས་གྲལ་ན་བཞུགས་ཀྱང་སེམས་སངས་རྒྱས་ཀྱི་ས་ན་བཞུགས་པའི་གང་ཟག་ཡོད་གསུངས། ༈ དེ་ལྟར་དགག་བྱའི་སྣང་ཚུལ་དེ་ངེས་དགོས། དགག་བྱ་གང་ཡིན་ན་བདག་འཛིན། བདག་འཛིན་འདི་གཏན་ལ་མ་དབབ་ན་ཕྱག་རྫོགས་ཀྱི་ལྟ་བ་མ་ཚད་ཞི་གནས་ཙམ་ལ་ཡང་གེགས་བྱེད་ནི་རེད། གཡེང་བ་རྣམ་པ་དྲུག་དང་བྲལ་བའི་ཏིང་ངེ་འཛིན་དེ་ཞི་གནས་གྱི་མཚན་ཉིད་རེད། ངོ་བོ་ཉིད་ཀྱིས་གཡེང་བ་ནི་སྒོ་ལྔའི་ཤེས་པ་ཁ་ཕྱིར་བལྟས་ཏེ་གཟུགས་སྒྲ་སོགས་ཡུལ་ལ་གཡོས་ན་ཏིང་ངེ་འཛིན་ལས་ལྡང་བར་བྱེད་པས་ངོ་བོ་ཉིད་ཀྱི་གཡེང་བ། དེའི་སྟེང་དུ་ཡིད་ཤེས་མཆེད་ནས་འདས་པ་ལ་རྗེས་གཅོད། མ་འོངས་པ་ལ་སྔོན་བསུ། ད་ལྟའི་ཕྱི་ནང་གི་ཡུལ་མཚན་འཛིན་གྱི་རྟོག་པ་སྐྱེ་ན་ཕྱི༵་རོལ༵་དུ༵་གཡེང་བ། ནང་ཏིང་ངེ་འཛིན་གྱི་རོ་མྱང་ནས་བདེ་གསལ་སོགས་ལ་ཞེན་ནས་ངང་དེ་ལས་འབྲལ་མི་ཕོད་པ་ནང༵་གི༵་གཡེང་བ། ངས་རྟོགས་ཡོད་པ་འདི་གཞན་ལས་འཕགས་སོ་བསམ་ནས་ང་རྒྱལ་དང་བཅས་ཏེ་མཆོག་གོ །མཚར་རོ་བསམ་ནས་མཚན་༵མར༵་འཛིན༵་པའི༵་གཡེང་བ། དེ་ཡོད་ཉན་ནི་མ་རེད། དགེ་བར་བརྩོན་ཡང་མཆོག་འཛིན་རློམ་སེམས་མེད་ཅེས་གསུངས་ནི་རེད་ནི་དགེ་སེམས་འདི་ནས་བྱང་ཆུབ་ཀྱི་བར་དུ་འབྲལ་མེད་གོང་འཕེལ་དུ་འགྲོ་དགོས་ནི་རེད། ངར་འཛིན་དང་བཅས་པས་ང་འཁྲུལ་ང་གྲོལ་བསམ་ནས་འཛིན་པ་ནི་གནས་༵ངན༵་ལེན༵་བྱེད༵་ཀྱི་གཡེང་བ། རང་འདོད་ཡིད་བྱེད་ཀྱི་བློ་ཡོད་ན་ཡིད་ལ་བྱེད་པའི་གཡེང་བ་དང་དྲུག་པོ་བྲལ་དགོས། རང་དོན་གཞན་དོན་སོགས་ཅི་བྱས་ཀྱང་བདག་འཛིན་འདི་འདུལ་དགོས། བོད་སྔ་རབས་པས་འཁོར་རྩ་འཁོར་ལོའི་སྲོག་ཤིང་ལྟ་བུ་དེ་བདག་འཛིན་ལ་ངོས་འཛིན་ནི་རེད། བོད་ཕྱི་རབས་པས་ཆོས་བདག་དང་གཉིས་ཀ་འཁོར་རྩར་བཞག་པའི་རྒྱུ་མཚན་ཉོན་སྒྲིབ་འཁོར་བའི་རྩ་བ་འཇོག་ནི་གི་རེད་གསུངས། ༈ ཐིག་ལེ་སྟོང་སྒྲོན་ཀོ་མོའི་ཆུ་ལ་རྡོ་བོར་བའི་རྣམ་པ་ཐིག་ཟླུམ་ཁ་དོག་དམར་སེར་ཆེ་ཆུང་ཚོན་གང་བ་འོད་ལྔའི་མུ་ཁྱུད་ཅན་ཕལ་ཆེར་རྩ་དག་པ་རྣམས་ལ་པད་འདབ་ཀྱིས་བསྐོར་བ་ཞིག་སྣང་ནི་རེད། དེ་ཡང་ལོ་གཅིག་གཉིས་རེ་མ་བསྒོམས་ན་དེ་ལྟར་སྣང་ནི་མ་རེད་གསུངས། ༈ ཀུན་མཁྱེན་གྱིས་ཆོས་ཉིད་མངོན་སུམ་སྐབས་སུ་སྟོང་སྒྲོན་རེས་སྣང་རེས་མི་སྣང་བའི་ཚུལ་དང་། གོང་འཕེལ་སྐབས་སུ་སྟོང་སྒྲོན་རྒྱུན་དུ་སྣང་བར་གསུངས་སོ། ༈ །ཕྱིའི་འོད་སྣང་ལ་རྟོག་དཔྱོད་ཞུགས་པ་སོགས་ཀྱིས་ལུག་རྒྱུད་དངོས་པོར་གོལ་བའི་སྐྱོན་དང་། ཁྱད་པར་རླུང་སེམས་ཀྱིས་སྤུར་བའི་སྟོང་གཟུགས་ལ་མཆོག་འཛིན་བྱས་པས། གཟུང་འཛིན་གྱི་དབང་གིས་སྟོང་གཟུགས་བདུད་ཀྱི་རྣམ་པར་ཤར་བ་སོགས་འབྱུང་བ་ནི་ལམ་གྱི་གནད་ལེགས་པར་མ་ཟིན་པ་ཡིན་ལ། སྔོན་འགྲོའི་ཕྱིའི་རུ་ཤན་གྱི་སྐབས་སུ་གཟུང་འཛིན་གྱི་འཆིང་ཞེན་ལེགས་པར་བཤིག་ཐུབ་ཡོད་ན། འདིར་དངོས་གཞིའི་སྐབས་སུ་རྩོལ་བས་ཅི་ཙམ་དུ་གཏད་ཀྱང་མི་འཆིང་བ་འོང་བས་དེ་འདྲ་ལ་སྔོན་འགྲོས་དངོས་གཞི་དྲངས་པ་ཞེས་ཟེར་ཏེ། འདི་ལ་ལུག་རྒྱུད་དངོས་པོར་གོལ་བ་སོགས་ཀྱི་གོལ་ས་གཏན་ནས་མི་འབྱུང་ཞེས་གསུངས་སོ། ༈ །ཚོགས་སྦྱོར་ནང་དཔེ་ཡི་ཡེ་ཤེས་ནི་མངོན་སུམ་ཟེར་ཀྱང་རིག་པ་མངོན་སུམ་མ་ཡིན་ཏེ། རིག་པའི་དོན་སྤྱི་མངོན་སུམ་ལ་གོ་དགོས། ཚོགས་སྦྱོར་གྱི་སྐབས་ཆོས་ཉིད་མངོན་སུམ་ཡང་རྟགས་སྤྱོད་པས་སྟོན། ཚོགས་སྦྱོར་གྱི་སྐབས་སུ་ཚད་རྨི་ལམ་ནི། ཚོགས་ལམ་ཆོས་ཉིད་མངོན་སུམ་སྐབས་སུ་གཉིད་ཀྱི་དུས་སུ་འོད་གསལ་དུམ་རེ་ཙམ་ཟིན་པ་དང་སྐྱོན་འབྲིང་མན་ཆད་གྲོལ་ནུས། སྦྱོར་ལམ་ཉམས་གོང་འཕེལ་གྱི་སྐབས་སུ་གཉིད་ཀྱི་སུམ་ཆ་གཉིས་ཙམ་འོད་གསལ་དུ་གྲོལ་བ་དང་ཟིན། དེ་ཡང་གྲིབ་སོགས་ཀྱི་མི་ཟིན་པ་ཡང་རེ་འགའ་ཙམ་ཡོད། རྐྱེན་ངན་ཅི་ལྟ་བུ་ཡང་། རང་གྲོལ་དུ་ཤིགས་སེ་ལྷོད་དེ་གྲོལ་ནས་འོད་གསལ་ཇེ་གསལ་དུ་འགྲོ་བས་ན་རྐྱེན་ངན་གྲོགས་སུ་འཆར་བ་འོད་གསལ་གྱི་རང་བཞིན་གསུངས་པ་ལྟར་རོ། །མཐོང་ལམ་རིག་པ་ཚད་ཕེབས་ཀྱི་སྐབས་སུ་དོན་གྱི་འོད་གསལ་ཐོབ་ཚེ་ཡིད་ཤེས་ནུབ་ཏེ། ཡུལ་ཡུལ་ཅན་མེད་པར་ཡུལ་ཆོས་ཀྱི་དབྱིངས་དེ་ཡུལ་ཅན་ཡེ་ཤེས་ཀྱིས་དངོས་སུ་མཐོང་ཞིང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ཡིན། དབང་ཤེས་ཉེར་ལྔ་སོགས་མཁྱེན་པའི་ཡོན་ཏན་ཐོབ། སྒོམ་ལམ་ས་དགུ་ནི་ཆོས་ཉིད་ཟད་སའོ། །ས་བཅུའི་རྒྱུན་མཐའ་ན་འོད་གསལ་མཚན་མོའི་ཟླ་བ་ལྟ་བུའོ། །སངས་རྒྱས་ཀྱི་ས་ན་ཁམས་བདེ་བར་གཤེགས་པའི་ཡོན་ཏན་མཐའ་དག་ཐོབ་པའི་དཔེ་ཉི་མའི་དཀྱིལ་འཁོར་ལྟ་བུའོ། ༈ །འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པའི་མདོ་ལས། མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཁྱམས་དག་གི་འོག་ཏུ་བཞག་ནས་དུད་པས་བདུགས་པ་ལས་གྱུར་པ་ཡིན་ནོ། །བུ་དང་བུ་མོ་མེད་པ་ནི་སྔོན་བྱ་མང་པོའི་ཕྲུ་གུ་བསད་པ་ལས་གྱུར། མིར་གྱུར་ཀྱང་དབང་པོ་མི་གསལ་བ་དེ་ནི་སྔོན་དུད་འགྲོའི་གནས་ནས་འོང་བ་ཡིན་ནོ། །མདོ་སྡེ་སོགས་ཤེས་ཀྱང་གཞན་ལ་མི་སྟོན་པར་སེར་སྣ་བྱེད་པ་དེ་ནི་ཤི་འཕོས་ནས་ཤིང་སྲིན་དག་ཏུ་སྐྱེ་བར་འགྱུར་རོ། །ཀུ་རེ་ལ་དགའ་ཞིང་གཞན་གྱི་ཚིག་ཟློས་ནི་ནེ་ཙོར་སྐྱེ་བར་འགྱུར་རོ། །ཉལ་བ་དང་ཟ་བ་ཁོ་ན་དགའ་བ་དེ་ནི་ཕག་ལ་སྐྱེ་བར་འགྱུར་བ་སོགས་མང་ངོ་། ༈ །ཀློང་ཆེན་གྱིས་ཐིག་ལེ་སྟོང་སྒྲོན་ཁ་དོག་ལྔ་ལྡན་གྱི་མུ་ཁྱུད་རབ་ཏུ་མང་པོས་བསྐོར་བའི་དབུས་སུ་པདྨ་འདབ་བཞི་ཡོད་པ་གཅིག་འཆར་རོ། །གསུངས། །

༈ རྣམ་ཤེས་དང་ཡེ་ཤེས་གཉིས་ཀ་གསལ་ཞིང་རིག་པ་ཙམ་དུ་མཚུངས་ཀྱང་། ཡུལ་ཇི་བཞིན་མི་རིག་པར་ཕྱིན་ལོག་ཏུ་འཛིན་པ་དང་། ཇི་བཞིན་རིག་པ་གཉིས་ཀྱི་ཁྱད་ཡོད་ལ། གཟུང་འཛིན་ཅན་གྱི་རྣམ་ཤེས་ལྡོག་ཀྱང་ཡེ་ཤེས་མི་ལྡོག་པར་ཤེས་པར་བྱའོ། །མདོར་ན་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་རིག་སྟོང་གཉུག་མ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་ཐད་ཀར་རྗེན་པར་ཤར་བ་ངོ་སྤྲད་པར་བྱའོ། ༈ །འགྱུ་བའི་ཆ་ནི་སེམས་ཡིན་ལ། །རིག་པའི་ཆ་ལ་ཡེ་ཤེས་ཟེར། །ཆོས་ཀུན་གདོད་ནས་མ་གྲུབ་ཅེས། །འཛིན་པ་མེད་ཅིང་རྟོག་པ་མེད། །དྭངས་ལ་འགགས་པ་མེད་པ་ཡི། །ལྟ་བའི་ཉམས་ལེན་བོན་ལའང་ཡོད། །ཤེས་བྱ་སྒྱུ་མ་ལྟ་བུ་རུ། །འདོད་པ་མུ་སྟེགས་བྱེད་ལ་ཡོད། ༈ །མ་ཡེངས་ཙམ་དུ་བསྒོམ་པའི་ཚེ། །དྲན་པའི་རྫི་བོ་མ་བོར་ན། །བསྒོམ་མེད་རྟོགས་ཞེས་ཐོས་གསུངས་ཀྱང་། མ་ཡེངས་ཙམ་དུ་བསྒོམ་པ་ནི། །ཤེས་བྱའི་སྒྲིབ་པ་ཡིན་པར་བཤད། །དེ་ཉིད་སྤང་བར་མ་ནུས་ན། །བློ་ལས་འདས་པའི་ཆོས་ཉིད་མིན། །ཅི་ཕྱིར་མ་ཡེངས་ཙམ་བསྒོམ་པའི། །བློ་དེ་མཐའ་ལས་མ་འདས་ཕྱིར། །སེམས་ཀྱི་དྲན་འཛིན་ཕྲ་མོ་ལ། །དམིགས་པའི་ཏིང་འཛིན་ཡོད་ཅེས་སྨྲ། །དྲན་བྱ་བྲལ་བའི་ཆོས་ཉིད་ལ། །བསྒོམ་མེད་ཅེས་སུ་གྲགས་ན་ཡང་། །དྲན་པའི་རྫི་བོ་མ་བོར་ན། །དེ་ལ་བསྒོམ་མེད་ཇི་ལྟར་རུང་། །བསྒོམ་མེད་ཅེས་པའང་ཐ་སྙད་ཙམ། །དོན་ལ་མེད་པ་ཉིད་འདོད་ན། །མེད་པའི་མཐའ་ལ་གནས་པའི་ཕྱིར། །ལྟ་དེ་ཡང་དག་མ་ཡིན་ཏེ། །སྤྲོས་བྲལ་ཉིད་དུ་བཟུང་བ་མིན། །གལ་ཏེ་ཆད་པར་ལྟ་བ་དེ། །ཡང་དག་ལྟ་བ་ཉིད་ཡིན་ན། །མུ་སྟེགས་ཆད་ལྟའང་གྲོལ་བར་འགྱུར། །དེ་རྣམས་གཡུ་ཁོག་བྱ་བྲལ་གསུང་ཡིན། ༄༅། །རྣམ་རྟོག་སྔ་ཕྱི་འགགས་པའི་བར། །སྟོང་པའི་གནས་ཆ་ངོ་འཕྲོད་ན། །མཉམ་ཉིད་ལྟ་བར་འདོད་གསུངས་ཀྱང་། །ཆེད་འཛིན་བྱས་པའི་སྟོང་ཉམས་ཏེ། །མཉམ་པ་ཉིད་ཀྱི་ཡེ་ཤེས་མིན། ༈ །སྲིད་མཐའ་འགོག་པའི་ལྷག་མཐོང་དང་། །ཞི་མཐའ་འགོག་པའི་སྙིང་རྗེ་གཉིས། །ཟུང་འཇུག་འོད་གསལ་འདུས་མ་བྱས། །ཚུལ་འདི་ཐེག་པ་མཆོག་གི་ལམ། །ཆོས་རྣམས་རང་བཞིན་སྟོང་པ་ཉིད། །སྐྱེ་འགག་གནས་གསུམ་དང་བྲལ་བའི། །རྐྱེན་གྱིས་མ་བསྐྱེད་འདུས་མ་བྱས། །སྟོན་པ་བདེ་བར་གཤེགས་པའི་གསུང་། །སྙིང་པོ་བསྟན་པའི་མདོ་སོགས་ནས། །བདེ་གཤེགས་སྙིང་པོ་རྒྱ་ཆེར་བཤད། །འཁོར་ལོ་བར་མའི་མདོ་རྣམས་སུ། །རྣམ་པར་ཐར་པའི་སྒོ་གསུམ་བསྟན། །དེ་ཉིད་གསང་སྔགས་ཐུན་མོང་ལས། །རང་བཞིན་གཞི་ཡི་རྒྱུད་ཅེས་བྱ། །ཐུན་མིན་སྔགས་ཀྱི་རྒྱུད་སྡེ་ལས། །རང་བྱུང་གདོད་མའི་ཡེ་གཞི་ཞེས། ༈ །ཁྲེགས་ཆོད་སྟོང་པའི་ཡེ་ཤེས་དང་། །ཐོད་རྒལ་སྣང་བའི་འོད་གསལ་གཉིས། །ཟུང་འཇུག་ཆེན་པོར་བཞུགས་པ་ལ། །འཕགས་ལམ་རྫོགས་པ་ཆེན་པོར་གྲགས། ༈ །སྔ་མའི་རྟོག་པ་དེ་འགགས་ནས། །ཕྱི་མའི་རྟོག་པ་ཡང་མ་སྐྱེས། །བར་གྱི་སྟོང་ཉམས་ལ་ཞེན་ནས། །མི་ཚེ་སྟོང་ཟད་དུ་མ་གཏོང་།།དགེའོ།། །


previousཞལ་རྒྱུན་ཐོར་བུ་འགའ།no next