Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
སྟོན་པ་འཚང་རྒྱ་ཚུལ་གྱི་རྣམ་བཞག་མདོ་དང་སྔགས་ཀྱི་བཞེད་པ་མི་འདྲ་བའི་སྐོར།
   
   
   
   
   
   
   
   
   


 
no previousསྟོན་པ་འཚང་རྒྱ་ཚུལ་གྱི་རྣམ་བཞག་མདོ་དང་སྔགས་ཀྱི་བཞེད་པ་མི་འདྲ་བའི་སྐོར། next

སྟོན་པ་འཚང་རྒྱ་ཚུལ་གྱི་རྣམ་བཞག་མདོ་དང་སྔགས་ཀྱི་བཞེད་པ་མི་འདྲ་བའི་སྐོར།

ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཉི་འོད་ལས། དེ་ཡང་བསྟན་པའི་བདག་པོ་ཐུབ་པའི་དབང་པོ་འདིས། དང་པོར་ཐུགས་བསྐྱེད་ཅིང་ཚོགས་བསགས། ལམ་ལེགས་པར་མཐར་ཕྱིན་ནས། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱས་པ་ནི་སྐུ་གསུམ་གྱི་ཚུལ་ཏེ། དེ་ཡང་ཆོས་སྐུ་དང་ལོངས་སྐུ་སངས་རྒྱས་པའི་གནས་ནི་འོག་མིན་ཡིན་ལ། འཛམ་བུའི་གླིང་ནི་སྤྲུལ་པའི་སྐུ་སངས་རྒྱས་པའི་ཚུལ་སྟོན་པའོ། །དེ་ལ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སོ། །མཚན་ཉིད་ཀྱི་ཐེག་པ་ལ་ཡང་། ཉན་རང་ཐེག་ཆུང་དང་། མཚན་ཉིད་ཐེག་པ་ཆེན་པོའོ། །དེ་ལ་ཐེག་ཆུང་བ་ནི། རྒྱལ་བུ་དོན་ཐམས་ཅད་གྲུབ་པ་སྟེ། ས་བཅུ་རང་རྒྱུད་པ་གཅིག །འོག་མིན་ནམ་རྡོ་རྗེ་གདན་དུ་སངས་རྒྱས་པར་འདོད་དོ། །ཐེག་པ་ཆེན་པོ་ནི། རྒྱལ་བ་འདི་བསྐལ་པ་གྲངས་མེད་པའི་སྔོན་རོལ་དུ་སངས་རྒྱས་ཟིན་པར་འདོད་དེ། མདོ་སྡེ་པདྨ་དཀར་པོ་ལས། རིགས་ཀྱི་བུ་ང་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོ་འདས་པའི་སྔོན་རོལ་དུ་སངས་རྒྱས་སོ། །ཞེས་པ་དང་། མདོ་ཡབ་སྲས་མཇལ་བ་ལས། ཤཱཀ་ཐུབ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ཟིན་ནས། ཕྱིས་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་ཕྱིར་སངས་རྒྱས་ཚུལ་བསྟན་ཏེ། དེ་སྐད་དུ། བྱེ་བ་བརྒྱ་རུ་རྒྱལ་བ་འདིས། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་རུང་ཆོག་པའི་འདུ་ཤེས་མེད། །སླར་ཡང་བྱང་ཆུབ་ཐུགས་ཀྱང་འཇུག །ཅེས་སོ། །འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཡང་གཉིས་ཏེ། སྔགས་ཕྱི་རྒྱུད་དང་། ནང་རྒྱུད་དོ། །ཕྱི་པ་རྣལ་འབྱོར་རྒྱུད་ཀྱི་ལུགས་ཀྱི་ཆོས་སྐུ་དང་ལོངས་སྐུ་ནི་སངས་རྒྱས་ཡིན་ལ། སྤྲུལ་སྐུ་ནི་སངས་རྒྱས་སུ་མི་བཞེད་དེ། དེ་བས་ན་ལོངས་སྐུ་ནི་འདོད་པའི་ཁམས་སུ་ཡང་སངས་མ་རྒྱས་ཤིང་། སྐྱེ་བའི་སྲིད་པ་ཡང་མི་བཞེད་དེ། གཟུགས་ཁམས་ཀྱི་འོག་མིན་སྡུག་པོ་བཀོད་པ་དེ་ཉིད་དུ་སངས་རྒྱས་ཤིང་། སྐྱེ་བའི་སྲིད་པ་ཡང་དེ་ཉིད་དུ་བཞེས་པར་བཞེད་དོ། །དེ་ཁོ་ན་ཉིད་རྣལ་འབྱོར་གྱི་རྒྱུད་ལས། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་རྣམ་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་སོ། །འོ་ན་འཛམ་བུའི་གླིང་དུ། ཆུ་བོ་ནཻ་རཉྫ་ནའི་དྲུང་དུ་དཀའ་ཐུབ་སྤྱད་ནས། མཐར་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་པ་དང་འགལ་ལོ་སྙམ་ན། མི་འགལ་ཏེ་དཀའ་ཐུབ་ཀྱི་ངང་དེ་ཉིད་ནས་འོག་མིན་དུ་བྱོན་ནས། དེ་ན་དེ་བཞིན་གཤེགས་པ་ཏིལ་གྱི་གོང་བུ་བཞིན་དུ་བཞུགས་པ་ལ་ཕྱག་བྱས་ནས། སེང་གེའི་ཁྲི་ལ་འདུག་སྟེ། སྟོང་པའི་ངང་ལ་ཡུན་རིང་པོར་མཉམ་པར་བཞག་ཀྱང་གསང་སྔགས་ཀྱི་གདམས་ངག་མེད་པས། མངོན་པར་རྫོགས་པར་སངས་རྒྱས་པར་མ་ནུས་ནས། ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད། བྱང་ཆུབ་སེམས་དཔའི་མདུན་དུ་བྱོན་ནས་ཏིང་ངེ་འཛིན་ལས་བསླངས་ནས་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཀྱིས་གསང་སྔགས་ཀྱི་དོན་མི་ཤེས་པར་ཇི་ལྟར་འཚང་རྒྱ་བར་བྱ་སྙམ་ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་ལས་ལངས་ནས་དེ་བཞིན་གཤེགས་པ་དེ་དག་ལ་ཕྱག་བྱས་ཏེ། ཐལ་མོ་སྦྱར་ནས་གསང་སྔགས་དོན་ཇི་ལྟར་ལགས་ཞུས་པ་དང་། མངོན་པར་བྱང་ཆུབ་པ་ལྔའི་གདམས་ངག་གསུངས་ནས། དེ་མ་ཐག་ཏུ་དེ་བསྒོམས་པ་དང་སངས་རྒྱས་སོ་སྐད། དེ་ལྟར་སངས་རྒྱས་ནས་དཀའ་ཐུབ་ཀྱི་ཁོག་པ་ལས་བཞེངས་ནས། བདུད་བཏུལ་བ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་འཛམ་བུའི་གླིང་འདིར་མཛད་པ་ཡིན་ཏེ། སྟུག་པོ་བཀོད་པའི་མདོ་ལས། །སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་པས་མངོན་ནོ། །གསང་སྔགས་ནང་པ་རྣལ་འབྱོར་བླ་མེད་ཕ་རྒྱུད་པ་ནི། འོག་མིན་དུ་རྣམ་པར་སྣང་མཛད་ཆེན་པོ་ལ་དབང་ཞུས་ནས་དེར་སངས་རྒྱས་ལ། དེའི་སྤྲུལ་པ་པོ་འདིར་སངས་རྒྱས་པར་འདོད་དེ། ཟླ་གསང་ཐིག་ལེ་ལས། གཙང་མའི་རིས་དག་སྤངས་ནས་ནི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་སོ། །ཡང་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེ་འོག་མིན་མཆོག་གི་གནས་སུ་རྡོ་རྗེ་འཆང་ལ་དབང་ཞུས་ནས་དེ་ཉིད་ཀྱིས་དབང་བསྐུར་བས་སངས་རྒྱས་པར་འདོད་དོ། །འདུལ་བ་དོན་ཡོད་པའི་རྒྱུད་ལས། གསང་བའི་གནས་མཆོག་འོག་མིན་ཉམས་དགར་ནི། །བྱང་ཆུབ་སེམས་དཔའ་གཙོ་ཆེན་དབང་ཕྱུག་དེས། །ཆོས་ཀྱི་ཕོ་བྲང་དེར་ནི་དབང་བསྐུར་བ། །ཀུན་ཏུ་བཟང་པོ་རྡོ་རྗེ་དབྱིངས་ཀྱི་སྐུར། །བྱང་ཆུབ་སེམས་དཔའ་རྡོ་རྗེས་བྱིན་བརླབས་ནས། །དེ་ཉིད་དུ་ནི་མངོན་པར་བྱང་ཆུབ་པས། །བླ་མེད་སྙིང་པོ་རྡོ་རྗེ་འཆང་དུ་གྱུར། །རང་བྱུང་བདེ་བ་ཆེན་པོར་མངོན་སངས་རྒྱས། །ཞེས་སོ། །མ་རྒྱུད་པ་ནི་གྲགས་ཆེན་གྱི་སངས་རྒྱས་ས་བཅུ་གཅིག་པ་དེ་ཉིད་འོག་མིན་བཙུན་མོའི་གཞལ་ཡས་སུ་དབང་བཞི་ཡོངས་རྫོགས་ཞུས་ནས། བུད་མེད་མཆོག་ལ་བརྟེན་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། རབ་ཏུ་མི་གནས་པའི་རྒྱུད་ལས། བཅུ་གཅིག་སངས་རྒྱས་རྣམས་ཀྱིས་ཀྱང་། །བུད་མེད་ཕྱག་རྒྱར་བརྟེན་བྱས་ནས། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། ཡང་ན་ས་བཅུ་པའི་བྱང་ཆུབ་སེམས་དཔའ་དེས། འོག་མིན་དུ་ལོངས་སྐུ་བདེ་བ་ཆེན་པོའི་སྐུ་དྲུག་པ་རྡོ་རྗེ་འཆང་ལ་དབང་བཞི་རྫོགས་པར་ཞུས་པས་ས་བཞི་བགྲོད་དོ། །རྡོ་རྗེ་བདེ་བ་ཆེན་པོའི་རྒྱུད་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བུམ་པའི་དབང་ནི་བཅུ་གཅིག་སྟེ། གསང་བའི་དབང་ནི་བཅུ་གཉིས་མཆོག །ཤེས་རབ་ཡེ་ཤེས་བཅུ་གསུམ་པ། །དེ་ལྟར་དེ་བཞིན་བཅུ་བཞི་པ། །དབང་རེ་ལ་ནི་ས་རེ་སྟེ། །འདི་རྣམས་ས་ཡི་དབང་ཕྱུག་བདག །ཅེས་སོ། །གཞན་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཚུལ་ལ། ཐེག་དམན་ཉན་ཐོས་རྣམས་ཀྱིས་གྲངས་མེད་གསུམ་དུ་ཚོགས་བསགས་པའི་མཐར་སངས་རྒྱས་སྐར་རྒྱལ་ལ་བསྟོད་པས་བསྐལ་པ་དགུའི་ཚོགས་འདུམ། དེ་ནས་བསྐལ་པ་འདིའི་སངས་རྒྱས་འོད་སྲུང་བསྙེན་བཀུར་བ་ཡན་ཆད་ལ་བསྐལ་པ་དགུ་བཅུ་གོ་གཅིག་སྟེ་བསྐལ་ཆེན་བརྒྱར་མཚན་དཔེའི་རྒྱུ་བསྒྲུབ་ནས་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐུ་འཁྲུངས་ཤིང་། དེ་ནས་དགའ་ལྡན་གྱི་གནས་ནས་འཕོ་བ་སོགས་མཛད་པ་བཅུ་གཉིས་བསྟན་པ་སྟེ། དེའང་སྲིད་པ་ཐ་མ་པ་རྒྱལ་བུ་དོན་གྲུབ་ཀྱི་དུས་སུ་གྲངས་མེད་གསུམ་གྱི་ཚོགས་རྫོགས་ཀྱང་ཚོགས་ལམ་ཆེན་པོའི་རྟེན་ཙམ་ཡིན་ཞིང་། དེ་ནས་རྡོ་རྗེའི་གདན་ལ་བཞུགས་པ་ཚུན་ཆད་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཡིན་ལ། བྱང་ཆུབ་ཀྱི་ཤིང་དྲུང་དུ་སྲོད་ལ་བདུད་དཔུང་བྱེ་བ་ཕྲག་སོ་བདུན་བཏུལ། སྟན་ཐོག་གཅིག་དེ་ཁོ་ནར་བདེན་བཞི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་གྱིས་སྦྱོར་མཐོང་སྒོམ་པ་མི་སློབ་པའི་བར་ལམ་བཞི་མཐར་ཕྱིན་པར་མཛད་ཅིང་སངས་རྒྱས་པར་འདོད་དོ། །ཐེག་ཆེན་ངེས་པའི་དོན་ཁོ་ནའི་དབང་དུ་བྱས་ན། བསྐལ་པ་དཔག་ཏུ་མེད་པའི་གོང་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོར། སྔོན་འདས་པའི་དུས་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་དུ་འཇིག་རྟེན་ཁམས་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་པ་དེར། དེ་བཞིན་གཤེགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དེ་མྱ་ངན་ལས་འདས་ནས། སླར་ཡང་དེ་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་བསྐལ་པ་འདིའི་བར་དུ་བསྟན་ཅིང་། ད་དུང་ཡང་སོ་སོ་སྐྱེ་བོ་སེམས་དང་པོ་བསྐྱེད་ནས་བཟུང་སྟེ་སངས་རྒྱས་པའི་ཚུལ་འཁོར་བ་མ་སྟོང་བར་དུ་མཛད་དོ། །ཞེས་པ་ནས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་སོ། །དེ་ལ་ཐེག་ཆེན་པ་རྣམས་ཀྱི་ལུགས་སུ་གྲངས་མེད་དང་པོར་ཚོགས་སྦྱོར། གཉིས་པར་མ་དག་ས་བདུན། གསུམ་པར་དག་པ་ས་གསུམ་བགྲོད་ནས་སྲིད་པ་ཐ་མ་པའི་སྐབས་སུ་འོག་མིན་དུ་ཕྱོགས་བཅུའི་རྒྱལ་བ་རྣམས་ལས་འོད་ཟེར་ཆེན་པོའི་དབང་བསྐུར་ནོད་ཅིང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྐྱེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་ནས་རིང་པོར་མ་ལོན་པར་སྤྲུལ་པའི་གཟུགས་ཀྱིས་རྡོ་རྗེའི་གདན་དུ་འཚང་རྒྱ་བའི་ཚུལ་བསྟན་ཏེ་འགྲོ་བའི་དོན་མཛད་པར་བཞེད་དོ། །འོག་མིན་དུ་འཚང་རྒྱ་བའི་ཚུལ་ཡང་། ཁ་ཅིག་ཏུ་འོག་མིན་དུ་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་པའི་རྗེས་ལ་གཙང་གནས་ཀྱི་འོག་མིན་དུ་འཚང་རྒྱ་བའི་ཚུལ་བསྟན་པར་བཞེད་དེ། །ལང་ཀར་གཤེགས་པ་ལས། གཙང་མའི་རིས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་སངས་རྒྱས། །ཞེས་དང་། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་འཚང་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་ཏུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱ། །ཞེས་སོ། །བྱ་བའི་རྒྱུད་ལས། དང་པོར་ཐུགས་བསྐྱེད་ནས་དེ་བཞིན་གཤེགས་པ་མེ་ཏོག་ཀུན་ཏུ་སྟོན་པའི་སྤྱན་སྔར་སྔགས་ཐོས་ཏེ་སྔགས་ཀྱི་སྤྱོད་པ་སྤྱད་པའི་སྒོ་ནས་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། དམ་པ་ཏོག་དཀར་པོ་ནས་འཕོས་པ་ཟས་གཙང་གི་སྲས་སུ་གྱུར་ནས་སངས་རྒྱས་པར་བཤད་པའོ། །སྤྱོད་རྒྱུད་ལས། སེམས་བསྐྱེད་དེ་སྔགས་ཀྱི་སྤྱོད་པ་སྤྱད་ནས་ས་བཅུ་མངོན་དུ་བྱས་ཤིང་འོག་མིན་དུ་ལོངས་སྐུར་སངས་རྒྱས་པའི་ཚུལ་བསྟན་པར་བཤད་དོ། །རྣལ་འབྱོར་རྒྱུད་ལ་བཞེད་ཚུལ་གསུམ་གྱི། དང་པོ་རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པ་ནས། བྱང་ཆུབ་སེམས་དཔའ་དོན་གྲུབ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་ལ་སངས་རྒྱས་རྣམས་ཀྱིས་བསྐུལ་ནས། མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ་སེམས་བསྐྱེད་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ནས་མངོན་པར་རྫོགས་པར་སངས་རྒྱས་པར་བཤད་དོ། གཉིས་པ། སློབ་དཔོན་ཤཱཀྱ་བཤེས་གཉེན་སོགས་ཀྱིས་ཟས་གཙང་གི་སྲས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད་པའི་ཚེ་སངས་རྒྱས་རྣམས་ཀྱིས་བསྐུལ་བས། ཡེ་ཤེས་ཀྱི་ལུས་འོག་མིན་དུ་བྱོན་པ་ལ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས་སངས་རྒྱས་ཏེ། སླར་རྣམ་སྨིན་གྱི་ལུས་ལ་ཞུགས་ནས་སྤྲུལ་སྐུར་འཚང་རྒྱ་ཚུལ་བསྟན་པར་བཞེད་ལ། དེ་ལྟར་ཡང་སངས་རྒྱས་ཡེ་ཤེས་ཞབས་ཀྱི་གྲོལ་བའི་ཐིག་ལེ་ལས། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནེ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་ཕྱོགས་བཅུའི་བདེ་གཤེགས་ཀྱིས། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དབྱིངས་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་པས། །ནམ་ཕྱེད་དུས་ན་རྒྱལ་བ་ལྟར། །དེ་ཉིད་གོམས་པས་ཐོ་རངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། །འགྲོ་བ་འདུལ་བར་བྱ་བའི་ཕྱིར། །བྱང་ཆུབ་སྙིང་པོར་བཞུགས་ནས་ཀྱང་། །དཔུང་ཆེན་བདུད་རྣམས་རབ་བཅོམ་སྟེ། སེམས་ཅན་གཟུང་བར་བྱ་དོན་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཞེས་གསུངས། གསུམ་པ། ཡོ་གའི་ཤིང་རྟ་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོས། རྒྱལ་བས་སེམས་བསྐྱེད་ནས་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་ཐམས་ཅད་བསྐྱེད་ཅིང་སྲིད་པ་ཐ་མ་པར་མཛད། སངས་རྒྱས་རྣམས་ལས་དབང་བསྐུར་བ་ཐོབ་ཅིང་བསྐལ་པ་མང་པོའི་སྔོན་རོལ་ཏུ་སངས་རྒྱས་ནས་སླར་ཤཱཀྱའི་རིགས་སུ་སྐྱེ་བ་བསྟན་པར་བཤད་དོ། །རྣལ་འབྱོར་བླ་མེད་ཆེན་པོའི་ལུགས་ལྟར་ན་ངེས་དོན་དུ་སྲིད་པ་ཐ་མའི་བྱང་སེམས་སུ་གྱུར་པ་ཞིག་གནས་འོག་མིན་ཆེན་པོར་ལམ་ཐུན་མོང་མ་ཡིན་པའི་ཟབ་ལམ་གྱི་ཉེ་རྒྱུ་ལ་བརྟེན་ནས་མངོན་པར་བྱང་ཆུབ་པ་ལྔ་ལ་སོགས་པས་རྡོ་རྗེ་འཆང་ཉིད་དུ་སངས་རྒྱས་པར་གྱུར་ཅིང་། སླར་སྤྲུལ་པའི་སྐུ་འཛམ་གླིང་མ་གྷ་དྷཱར་སངས་རྒྱས་པའི་ཚུལ་བསྟན་པར་བཞེད་དོ། །

༈ མངོན་བྱང་ལྔ་ལ་གཞི་ཡི་མངོན་བྱང་དང་། ལམ་གྱི་མངོན་བྱང་། འབྲས་བུའི་མངོན་བྱང་དང་གསུམ་ལས། དང་པོ་གཞིའི་མངོན་བྱང་ལྔ་ནི། སེམས་ཅན་རྣམས་ཤི་བའི་དུས་སུ་ཤར་བའི་དྲི་བཅས་ཀྱི་ཡེ་ཤེས་དེ་དང་། རྟེན་རླུང་རགས་པ་དང་། སྣང་བ་གསུམ་སྟེ་ལྔ་ནི་གཞིའི་མངོན་བྱང་། གཉིས་པ་ལམ་གྱི་མངོན་བྱང་ལྔ་ནི། སྟོང་པ། སྟོང་པ་ཆེན་པོ། ཤིན་ཏུ་སྟོང་པ། ཐམས་ཅད་སྟོང་པ། དོན་གྱི་འོད་གསལ་སྟེ་ལྔ་ནི་ལམ་གྱི་མངོན་བྱང་ལྔ། གསུམ་པ་འབྲས་བུའི་མངོན་བྱང་ལྔ་ནི། རྣལ་འབྱོར་རང་གི་ཡིད་ངོར་དཀར་ཆ་ཐུར་དུ་དག་པ་ཟླ་བའི་དཀྱིལ་འཁོར་སྐུ་རྡོ་རྗེ། དམར་ཆ་གྱེན་དུ་དག་པ་ཉི་གདན་གསུང་རྡོ་རྗེ། རླུང་སེམས་ཐད་དུ་དག་པ་ཕྱག་མཚན་རྡོ་རྗེ་སོགས་ཐུགས་རྡོ་རྗེ། དེ་དག་འོད་དུ་ཞུ་བ་འོད་གོང་དུ་གྱུར་པ་འོད་ཀྱི་གོང་བུ་སོགས་ལ་མངོན་པར་བྱང་ཆུབ་པ་སྟེ། དེ་དག་རྣལ་འབྱོར་རང་གི་སྟོང་བཞིའི་ཡེ་ཤེས་ཤར་བའི་སྣང་ངོར་རིམ་བཞིན་སྣང་བ་ཡིན་ཅིང་དེ་ཉིད་སྐུ་ཡོངས་རྫོགས་སུ་བྱང་ཆུབ་སྟེ་འབྲས་བུའི་མངོན་བྱང་ལྔའོ། །མ་རྒྱུད་ལ་མཁས་པའི་གྲུབ་ཆེན་རྣམས་ཀྱིས་བཤད་པ་ལྟར་ན། དབང་བསྐུར་བ་དེའི་ཚེ་ཤེས་རབ་མ་དང་སྦྱར་བས། དཀར་ཆ་ཞུ་བའི་བདེ་ཆེན་གྱིས་སྟོང་ཉིད་གཟིགས་པ་མཐར་ཐུག་པ་ཟླ་བ་ལ་བྱང་ཆུབ། ཤེས་རབ་མའི་དམར་ཆ་དང་ལྷན་ཅིག་དྲངས་པས་རྟེན་ཐིག་ལེ་ལྷག་པའི་ཁྱད་པར་གྱིས་བདེ་སྟོང་དབྱེར་མེད་མཐར་ཐུག་པ་ཉི་མ་ལ་བྱང་ཆུབ་པ། དེ་ཡི་སྤྱི་བོ་ནས་ཐིམ་སྐུ་ཐམས་ཅད་གང་བའི་བདེ་སྟོང་གིས་དྲི་མ་གདོད་ནས་སྟོང་པར་མཁྱེན་པར་མཐར་ཐུག་པ་ཕྱག་མཚན་ལ་བྱང་ཆུབ་པ། དེ་ལས་ཆོས་ཐམས་ཅད་ཡུལ་ཡུལ་ཅན་དབྱེར་མེད་གཟིགས་པ་མཐར་ཐུག་པ་གཅིག་ཏུ་གྱུར་པ་སྟོང་པ་ཉིད་ལ་བྱང་ཆུབ་པ། དེ་ཉིད་ལས་ཐུགས་ཆོས་སྐུ་དང་ལོངས་སྐུ་སོགས་སུ་གྱུར་པ་སྐུ་ཡོངས་རྫོགས་ལ་བྱང་ཆུབ་པའོ། ༈ །མཛོད་སྡེ་ལས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲོལ་བའི་ཐིག་ལེ་དྲངས་ནས་བཤད་པ་གསུང་སྐབས། ངལ་གསོ་སྐོར་གསུམ་གྱི་སྤྱི་དོན་ལེགས་བཤད་རྒྱ་མཚོ་ལས། སྔགས་བླ་མེད་ལ་གསར་རྙིང་གཉིས་སུ་ཕྱེས་ཏེ་གསར་མའི་སྐབས་སུ་གྲོལ་ཐིག་གི་ལུང་དྲངས་པ་དང་། རྙིང་མའི་ལུགས་ལ་སྒྱུ་འཕྲུལ་བླ་མའི་ལུང་དྲངས་ཏེ་སོ་སོའི་ལུགས་ཀྱི་མངོན་པར་བྱང་ཆུབ་ཚུལ་གསལ་བོར་གསུང་ཡོད་པས་ཤེས་པར་བྱ། ༈ མི་ཕམ་རིན་པོ་ཆེས་ཀྱང་སྒྱུ་འཕྲུལ་གྱི་སྐབས་འདིར་མངོན་བྱང་ལྔ་ནི་སྒྱུ་འཕྲུལ་ལམ་རིམ་སོགས་ལས་གསུངས་པ་ལྟར་ཤེས་དགོས་གསུངས། སྒྱུ་འཕྲུལ་བླ་མ་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། །འདུས་པས་ལོངས་སྤྱོད་དོན་གྱི་ཕྱིར། །སྲོད་དང་ཐོ་རངས་དུས་ཉིད་དུ། །ཉི་ཟླ་ཟ་བའི་དབང་བྱིན་ནས། །རོལ་པའི་ཀ་ར་བསྟན་པ་ཡིས། དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་དང་། ལམ་རིམ་ལས། དོན་གྲུབ་དཀའ་ཐུབ་ལུས་ཅན་ལ། །ཕྱོགས་བཅུའི་རྒྱལ་བ་སྤྲིན་བཞིན་དུ། འདུས་པ་གསང་བའི་ལོངས་སྤྱོད་ཀྱིས། །སྲོད་དང་ཐོ་རངས་དུས་ཉིད་དུ། ཉི་ཟླ་ཟ་བའི་དབང་བྱིན་ཅིང་། །རོལ་པའི་ཀ་ར་བསྟན་པ་ཡིས། །ཡེ་ཤེས་བརྟན་རྫོགས་དབང་ཐོབ་པས། །དེ་བཞིན་དེ་བཞིན་གཤེགས་པའོ། །ཞེས་གསུངས། ཀོང་སྤྲུལ་རིན་པོ་ཆེས། ཕྱིའི་མངོན་བྱང་། ནང་གི་མངོན་བྱང་གཉིས་ལས། དང་པོ་ནི། མངོན་བྱང་གི་རིམ་པ་ལ་འཇུག་པའི་ཚུལ་ཡང་། ནུབ་སྔ་མ་ཟླ་འོད་སྣང་བའི་ཚེ་སྣང་བའི་ཡེ་ཤེས་ཉིད་གཙོ་བོར་བསྒོམ། དེ་ནས་ཉིན་མོར་བབས་པ་ན་མཆེད་པ་ཉིན་མོ་བསྒོམ། ཉི་མ་ནུབ་པ་ན་ཐོབ་པ་བསྒོམ་པས་སྐྱ་རེངས་འཆར་བའི་དུས་སུ་དོན་གྱི་འོད་གསལ་མངོན་པར་བྱང་ཆུབ་པ་མངོན་དུ་བྱེད་དོ། །ནང་གི་ཏིང་ངེ་འཛིན་དང་རྣམ་པ་འདྲ་བའི་ཕྱིའི་དུས་ཀྱི་ཁྱད་པར་ཡིན་ཏེ། དེས་ན་ཕྱིའི་མངོན་བྱང་ཞེས་བྱའོ། །གཉིས་པ་ནི། དུས་ཀྱི་ཁྱད་པར་སྔ་མ་དེ་ཉིད་ཀྱི་ཉི་མ་དམར་ཐག་ཆད་པ་ན་ཚོགས་ཀྱི་མཆོད་པ་སོགས་སྔོན་དུ་འགྲོ་བས་རིག་མ་དང་ལྷན་ཅིག་སློབ་དཔོན་ལ་གསོལ་བ་འདེབས་པས་གནས་པ་ལ། སློབ་དཔོན་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྦྱིན་ཏེ། དཔེའི་ཡེ་ཤེས་ལ་མངོན་པར་བྱང་ཆུབ་པའི་རིམ་པར་ངོ་སྤྲོད་པའི་གདམས་ངག་སྟོན་པ་ནི་དབང་བཞི་པ་སྟེ། དེ་ཉིད་ཀྱི་རྒྱུན་གོམས་པས་ཐོ་རངས་ཀྱི་དུས་སུ་མངོན་པར་བྱང་ཆུབ་པ་མཐོང་ལམ་མངོན་དུ་བྱེད་དེ། འདི་ནི་རྣལ་འབྱོར་ཕ་མའི་རྒྱུད་གཉིས་ཆར་ལས་བཤད། ཅེས་དང་། འདིར་རྒྱུའི་མངོན་བྱང་མཐོང་ལམ་ཐོབ་པའི་སྐབས་དང་སྦྱར་ན་གཟིགས་པ་རྣམ་དག་མཐར་ཐུག་མ་ཡིན་པའི་སྐབས་དང་། སྐུ་གཉིས་ཐོབ་པའི་དོད་དུ་སློབ་པའི་ཟུང་འཇུག་འགྲུབ་པ་སྟེ། ཕྱི་མ་འདི་ལ་ནང་གི་མངོན་བྱང་ཞེས་བྱ་བ་ནི་ཕྱི་རོལ་དུས་ཀྱི་ཁྱད་པར་ལ་མི་སྦྱོར་བར་ནང་བདེ་སྟོང་གི་རིམ་པ་ལ་སྦྱོར་བས་སོ། །བྱང་སེམས་དཀར་དམར་གྱི་ཐིག་ལེའང་མཐོང་ལམ་པའི་སྐབས་དེར་ཕལ་ཆེར་འབྱུང་བའི་ཁམས་ཡིན་ལ་འཚང་རྒྱ་བའི་དུས་སུ་ཡེ་ཤེས་ཀྱི་རང་འོད་ཡིན་པའི་ཁྱད་པར་ཡོད་པ་དང་། དེའང་སྔར་གྱི་རྒྱུན་གནས་འགྱུར་བ་ཡིན་ཅིང་། ཕྱི་མ་འདི་འདུས་པ་ལས་མི་གསལ་ཡང་མ་རྒྱུད་ཀྱི་ལུགས་ཏེ། འཚང་རྒྱ་ཁའི་སྐབས་ཀྱི་ཉེ་རྒྱུའི་སྤྱོད་པ་ལ་གནས་པའི་ཐ་མར་ཡང་འདི་ལྟ་བུ་ལ་བརྟེན་ནས་འཚང་རྒྱ་བ་ཡིན་ནོ། །ཞེས་གསུངས།། །།


no previousསྟོན་པ་འཚང་རྒྱ་ཚུལ་གྱི་རྣམ་བཞག་མདོ་དང་སྔགས་ཀྱི་བཞེད་པ་མི་འདྲ་བའི་སྐོར། next