Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
གསང་སྙིང་སྐོར་ཞལ་རྒྱུན་ཕྱོགས་བསྡུས།
   
   
   
   
   


 
previousགསང་སྙིང་སྐོར་ཞལ་རྒྱུན་ཕྱོགས་བསྡུས། next

གསང་སྙིང་སྐོར་ཞལ་རྒྱུན་ཕྱོགས་བསྡུས།

༈ སྟོང་བཞིས་དྲང་བའི་འོད་གསལ་དང་དགའ་བཞིས་དྲང་བའི་ཡེ་ཤེས། ཕྱག་ཆེན་སྔགས་ལུགས་སོགས་གང་ཡིན་ཀྱང་ཀུན་རྟོག་རྣམས་འགགས་དགོས་ཀྱང་། འོད་གསལ་རྫོགས་ཆེན་གྱི་སེམས་སེམས་བྱུང་གི་རྟོག་ཚོགས་མ་འགགས་བཞིན་ཏུ་རིག་པ་ངོ་སྤྲད་ནས་ཀུན་རྟོག་ཐམས་ཅད་ཡེ་ཤེས་ཀྱི་བདག་ཉིད་དུ་གྲོལ་བར་བྱེད་པ་ནི་རྫོགས་ཆེན་གྱི་ཁྱད་ཆོས་ཡིན་གསུངས། སྤྱིར་མདོ་སྔགས་གཉིས་ཀྱི་ངེས་འབྱུང་། སེམས་བསྐྱེད། ལྟ་བ། ཚུལ་ཁྲིམས་ལ་སོགས་ཁྱད་པར་ཆེ། མདོ་ཕྱོགས་ནས་འཁོར་བ་ལ་སྐྱོ་བའི་ངེས་འབྱུང་། སྔགས་ནས་ཐ་མལ་མ་དག་པའི་སྣང་ཞེན་ལ་སྐྱོ་བའི་ངེས་འབྱུང་དང་། མདོ་ན། སྙིང་རྗེས་དྲངས་པའི་སེམས་བསྐྱེད་སྒྱུ་མ་ལྟ་བུ་དང་། སྔགས་ན་ན་མོ་བདག་དང་མཐའ་ཡས་སོགས༴གསུངས་པ་ལྟར། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དོན་མ་རྟོགས་པའི་སེམས་ཅན་ལ༴ལྟ་བ་ནི་མདོ་ན་སྟོང་ཉིད་རྟོགས་པ་དང་། སྔགས་ན་ལྷག་བདེན་དབྱེར་མེད་རྟོགས་པ། ཚུལ་ཁྲིམས་ཀྱང་སོ་ཐར་ན་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་སོ་ཐར་གྱི་ཚུལ་ཁྲིམས། བྱང་སེམས་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད༴སེམས་ཅན་དོན་བྱེད། སྔགས་བླ་མེད་སྤྱི་ན་མི་འཕོ་བའི་ཚུལ་ཁྲིམས། ཕྱག་རྫོགས་ཀྱི་ལྟ་བ་རྟོགས་ན་རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་ཟེར། ༈ སྔགས་རྫོགས་ཀྱི་ཕ་རོལ་ཕྱིན་དྲུག་ནི། ཡུལ་ལ་འཛིན་ཞེན་རང་སར་གྲོལ་བས་སྦྱིན་པ། དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་གི་དྲི་མས་མ་གོས་པ་ཚུལ་ཁྲིམས། ཟབ་མོའི་དོན་ལ་མི་སྐྲག་པས་ནི་བཟོད་པ། དེ་སྐྲག་ནི་མི་དགོས་འཇུག་འདོད་ཡོད་ནི་རེད། གཉུགས་མ་ཆོས་སྐུའི་དབྱིངས་ན་རིག་པས་བཙན་ས་བཟུང་པ་ལས་གཞན་པའི་བརྩོན་འགྲུས་ཤིག་ཆོས་སྐུ་རྡོ་རྗེ་འཆང་གིས་ཀྱང་བསྟན་ནི་མ་རེད། འཁྲུལ་བའི་དབང་དུ་མི་འགྲོ་བས་བསམ་གཏན། མཁྱེན་ཆ་རྩོལ་མེད་དུ་རྒྱས་པ་ཤེས་རབ་ཟབ་མོ། ཕ་རོལ་དུ་ཕྱིན་པ་དྲུག་དུས་གཅིག་སྤྱོད་ནི་རེད། ༈ ཁ་ཕར་བསྐོར་ནས་ཡུལ་ལྔ་འབྱུང་ལྔ་སོགས་དག་པ་ཡིན་ནི་རེད་བརྫས་ནས་ཡུལ་ཞིག་ལ་གཞལ་བས་ནི་མཁས་དོ་ནི་མ་རེད། དེ་བས་བླ་མའི་མན་ངག་གིས་ནང་དོན་གྱི་ཡེ་ཤེས་ངོ་འཕྲོད་ན་རྒྱ་གཏོར་ཁྱེར་ནི་རེད། དེ་འདྲའི་ཚུལ་རིན་པོ་ཆེས་གསུངས་ནི་རེད། གནས་སྣང་མཐུན་པའི་མགོ་བརྩམས་པ་སོགས་རང་གིས་ཤེས་ཡོང་ནི་རེད། ཐོད་རྒལ་བ་ཞིག་ཡིན་ན་སྣང་ངོར་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་རེད། ༈ སྣང་ཞེན་འདི་རགས་མི་ཉན། འདི་ཐོག་མཐའ་གཉིས་ན་མེད་པ་གློ་བུར་གྱི་མགྲོན་པོ་ལྟ་བུ་ཞིག་ལས་ཡོད་ནི་མ་རེད། ཤིན་ཏུ་སྲབ་པ་དུང་གི་སེར་སྣང་ལོག་མ་ལོག་ལྟ་བུ་ཙམ་ལས་གཡག་རོ་འདྲ་འདྲ་ཞིག་གིས་བཅད་ཡོད་ནི་མ་རེད། འདི་ཤིན་ཏུ་སྲབ་ནི་རེད། རིག་མ་རིགགོ་མ་གོངོ་ཤེས་མ་ཤེས་ཙམ་ཟིག་མི་ཡོད་ནི་ལྷ་རེད་ན་གསུངས། ༈ གསང་སྙིང་གི་སྐོར་ཞལ་རྒྱུན་དུ། རིག་པ་ཉིད་མངོན་དུ་གྱུར་ན་ཆོས་ཀྱི་དབྱིངས་རང་སྟོབས་ཀྱིས་མཐོང་བྱ་མཐོང་བྱེད་ཀྱི་སྤྲོས་པ་མེད་པར་མངོན་སུམ་གཟིགས་པས་ན་རང་རིག་པ་ཞེས་བརྗོད་དོ། ༈ །གསང་སྙིང་གི་ཕྱོགས་རྣམས་ཞལ་རྒྱུན་དུ། ཚིག་དོན་མཛོད་སོགས་ལས་བཤད་པ་ལྟར་གྱི་སེམས་ཀྱི་གནས་རོ་རྐྱང་། ངོ་བོ་བཞོན་པ་ལས་རླུང་དང་འགྲོགས་པའི་སེམས་རྣམས། རིག་གདངས་མི་འཕྱེ་བོ་ལས་རླུང་རྟ་ལོང་བ་བཞོན་ནས་ཡུལ་བསྒྲོད་པའི་དཔེས་མཚོན་པའི་དོན་རིག་གདངས་ཉིད་ལས་གཞན་མིན་ལ། གལ་ཏེ་རིག་གདངས་མ་འགྲོགས་ན་ཡུལ་ཤེས་པའི་བྱ་བ་སོགས་གང་ཡང་མི་བྱེད་པར་གསུངས་སོ། །༈ བླ་མ་ཉག་བླས་སྤྱི་དོན་འོད་གསལ་སྙིང་པོ་འདི་སྔགས་ཀྱི་རྒྱུད་དང་བཅས་པའི་སྤྱི་དོན་དང་། ཁྱད་པར་དུ་ནང་རྒྱུད་སྡེ་གསུམ་ཕྱོགས་བཅུའི་མུན་སེལ་དང་དཀོན་མཆོག་འགྲེལ་གྱི་སྤྱི་དོན་རེད་གསུངས་གི། ༈ སྤྱིར་མ་ཧཱ་ཡོ་ག་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ་ཡིན་ཚུལ་ནི། ཐེག་དམན་ནས་འོད་གསལ་རྫོགས་ཆེན་གྱི་བར་གྱི་ཐེག་པ་ཐམས་ཅད་ཀྱང་། གནས་ཚུལ་མཐར་ཐུག་ལྷག་པའི་བདེན་གཉིས་དབྱེར་མེད་བསྐྱེད་པ་མ་ཧཱ་ཡོ་གའི་བརྗོད་བྱར་གྱུར་པ་ཉིད་རྟོགས་པའི་ཐབས་སུ་བསྟན་པའི་ཕྱིར་ན། ཐེག་པ་ཐམས་ཅད་འཕྲོ་བའི་གཞིར་གྱུར་པ་དང་། ཁྱད་པར་སྔགས་བླ་མེད་ཞིག་ཉམས་སུ་ལེན་པ་ལ་སྣང་སྲིད་རྣམ་དག་གི་དག་སྣང་གཞིར་བཞག་གི་སྟེང་ནས་འཆད་ཉན་སྒོམ་སྒྲུབ་ལ་འཇུག་དགོས་པས་ན་ཆོས་ཐམས་ཅད་ཀྱི་གཞི་ལྟ་བུ། དེ་ལྟ་བུའི་མ་ཧཱ་ཡོ་གའི་ལུགས་ཀྱིས། སྤྱིར་རྡུལ་ཚོན་རས་བྲིས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བུམ་དབང་བསྐུར་ནས་དེའི་ལྟ་བ་སྣང་སྲིད་དག་མཉམ་བདེན་པ་དབྱེར་མེད་སྣང་སྲིད་ཡེ་སངས་རྒྱས་པའི་དཀྱིལ་འཁོར་དུ་རྟོགས་དགོས། དེའི་ལམ་བསྐྱེད་རིམ་མོ། །དེ་ཙམ་མ་རྟོགས་ཀྱང་ལུང་རིགས་རྣམ་པར་དག་པ་ལ་བརྟེན་ནས། ཐ་མལ་མ་དག་པ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྡོམ་པ་ཐབས་བསྐྱེད་པའི་རིམ་པ་དང་སྡོམ་པའང་རེད། ལྷ་སྔགས་ཆོས་ཉིད་དུ་མཚན་འཛིན་གྱི་རྟོག་པ་དབྱིངས་སུ་སྡོམ་པ་ཤེས་རབ་རྫོགས་པའི་རིམ་པ་དང་སྡོམ་པའང་རེད། དེ་གཉིས་དབྱེར་མེད་ཟུང་འཇུག་ཏུ་རྟོགས་པ་དེ་བསྐྱེད་རྫོགས་ཟུང་འཇུག་གི་ངོ་བོ་དང་། ཨེ་ཝཾ་ཟུང་འཇུག་གི་སྡོམ་པ་རེད། དེ་ལྟར་ངེས་པའི་གང་ཟག་དེས་མཉམ་བཞག་སྐད་ཅིག་མ་དེ་ལ་རྒྱུད་ཀྱི་དངོས་པོ་བཅུ་གཅིག་པོ་ཚང་ཚུལ་ནི། སྣང་སྲིད་དག་མཉམ་དུ་རང་ངོ་འཕྲོད་པ་ལྟ༵་བ། ངང་ལ་གནས་པ་སྒོམ་པའམ་ཏིང༵་ངེ་འཛིན། སྒོ་གསུམ་གསང་བ་གསུམ་གྱི་དཀྱིལ་འཁོར་ལ་སྤྱོད་པ་སྤྱོད༵་པ་སྣོད་དག་པ་རྒྱལ་བའི་དཀྱིལ་འཁོར། བཅུད་དག་པ་རིག་འཛིན་གྱི་ལྷ་ཚོགས། རྒྱུད་དག་པ་ཡེ་ཤེས་ཀྱི་འཁོར་ལོ་སད་པ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། དཔེར་ན་རྒྱལ་བུ་རྒྱལ་སར་འཁོད་ནས་རྒྱལ་འབངས་མངའ་འོག་ཏུ་ཚུད་པ་ལྟར། སྔར་ཐ་མལ་མ་དག་པའི་དབང་གིས་དག་པ་རབ་འབྱམས་སུ་མ་དབང་བ་དེ། ད་ལྟ་སྐད་ཅིག་ལ་དབང་བས་ན་སྐྱེ་མེད་དོན་གྱི་དབང༵་། དག་མཉམ་དེ་ལས་མི་འདའ་བ་དམ་ཚིགགནས་ཚུལ་དག་མཉམ་རྟོགས་པའི་གང་ཟག་དེའི་ཅི་བསམ་གྱི་ལས་བཞི་ལྷུན་གྱིས་གྲུབ་པ་ནི་ཕྲིན་ལས༵། དེ་ལྟ་བུའི་རིག་པ་འཛིན་པ་དེ་ཡི་སྙིང་རྗེའི་རྡུལ་ཚོན་གྱི་ཐིག་ལེ་འགུལ་བསྐྱོད་ཡེ་ཤེས་ཀྱི་ཕྱག༵་རྒྱ། བཟའ་བཏུང་ཚོགས་འཁོར་གྱི་རང་བཞིན་ཟེར་བ་ལྟར་གང་སྤྱོད་ཐམས་ཅད་ཡེ་ཤེས་ཕྱག་རྒྱ། མ་དག་མཚན་འཛིན་གྱི་ཡིད་ལས་སྐྱོབས་པས་ན༵་སྔགས་སོགས་མཉམ་བཞག་གཅིག་གི་ལྡོག་ཆ་ལ་ཚང་ནི་རེད། དེ་ལྟར་ཤེས་ན་གསང་སྙིང་ཤེས་ནི་ཡིན། དཔེར་ན་འོ་མ་བསྲུབས་པ་ལས་མར་བྱུང་བ་བཞིན་དུ་སྙིང་པོ་ལོན་ནི་ཡིན་ཡང་བཤད་དགོས་ནི་མ་རེད་བླ་མ་ཉག་བླས་གསུང་གི། དག་མཉམ་ཡིན་ཚུལ་ལ་ཡང་ཡང་དཔྱད་ནས། དང་པོ་ངེས་ཤེས་སྐྱེ། བར་དུ་བརྟན། མཐར་ངེས་ཤེས་ལས་རྟོགས་དགོས། དེ་ལྟར་ངེས་པའི་གང་ཟག་དེ་ལུས་མ་སྤངས་བཞིན་དུ་དག་པའི་ཞིང་ན་བཞུགས་ནི་རེད། ཅེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་ནི་རེད། ཐོག་མེད་ནས་བསགས་པའི་དམ་ཚིག་ཉམས་ཆག་དེ་ཧྲལ་ཧོལ་ཙམ་ལས་མི་ལུས་གསུངས་གི། ༈ རིན་པོ་ཆེས་རྫོགས་ཆེན་ལ་མ་གཏུག་བར་དུ་གསང་སྙིང་མི་ཤེས་གསུངས་རྒྱུ་བོ་རྫོགས་ཆེན་ལ་ཞུགས་པའི་གང་ཟག་ཞིག་ལ། བླ་མས་ངོ་སྤྲད་ནས་སྙིང་ཁ་ཆོས་ཀྱི་ཕོ་བྲང་ནས་འོད་གསལ་གྱི་རིག་པ་ཉིད་སད་ནས་སེམས་སེམས་བྱུང་དང་བཅས་པའི་ཡུལ་ཅན་ཐམས་ཅད་ཡེ་ཤེས་ཉིད་དུ་ཤར། ཡུལ་ལྔ་སོགས་ཡུལ་ཐམས་ཅད་རིག་པའི་རྣམ་ལྡན་དུ་ཤར་བས། དེ་དུས་སྣང་བ་ལྷ་ཡུལ་ཅན་ཡེ་ཤེས་སུ་སད་ནས། རང་དུས་ན་གནས་ཚུལ་དང་། སྣང་ཚུལ་མཐུན། དཔེར་ན་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པ་ན་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་ལྟར། དག་པ་འབའ་ཞིག་ལས་མེད། མ་དག་པའི་སྣང་བ་ནི་སྣང་བའི་མདུན་ན་མུན་པའམ་འཁོར་བསྒྱུར་གྱི་ཁྲི་ལ་མུ་ཏོ་བ་བཞིན་དུ་འདུག་པའི་གནས་ག་ལ་ཡོད་དེ་མེད་དོ། །ད་ལྟ་ཉིད་ནས་འོག་མིན་གྱི་ཞིང་རེད། སྤྱིར་བགྲང་བའི་འོག་མིན་སོགས་མང་ཡང་། རང་སྣང་གི་འོག་མིན་ནི། རང་ཉིད་གང་དུ་སྒྲིབ་པ་མཐའ་དག་དང་བྲལ་བ་དེ་མ་གཏོགས་ཕྱོགས་གང་ན་ཡང་ཡོད་ཚུལ་མ་གསུངས་ནི་རེད། ༈ ངེས་པ་ཙམ་གྱི་ངོར་མ་དག་པ་སྣང་ཡང་ཞེན་པ་མེད་གསུངས་གི། རིག་ངོ་འཕྲོད་པ་ལ་སྣང་ངོར་ངེས་ངོར་གཉིས་ཀ་ལ་དག་པ་རེད། དཔྱད་པའི་ངེས་ཤེས་ངོར་ན་སྣང་ངོར་མ་དག་པ་དང་། ངེས་ངོར་དག་པ་གཉིས་ཕྱེ་དགོས། ༈ ཀུན་གཞི་ལུང་མ་བསྟན་མ་རིག་པའི་རྒྱ་དང་མ་བྲལ་བའི་ངང་ལས་རྟོག་པ་གཅིག་ཤར་ན་ལོག་རྟོག་གཉིས་ཤར་ན་ཕྱིན་ཅི་ལོག་དེ་བས་གཅིག་ཨེ་ཤེས་ཡ་བསམས་ན། རྗེ་བཙུན་འཇམ་དཔལ་དབྱངས་ལ་མིག་ཕྱེ་བཙུམ་གོམས་པའི་འདེགས་འཇོག་གི་ཡུན་ལ་ཡང་གསོལ་བ་བཏབ་ན་དེའི་དགའ་ནི་རེད། ༈ གསར་མའི། ཕ་རྒྱུད། མ་རྒྱུད། གཉིས་མེད་ཀྱི་རྒྱུད་གསུམ་དང་། རྙིང་མའི་ནང་རྒྱུད་སྡེ་གསུམ་ལ་དོན་གྱི་ཆ་ནས་བརྗོད་བྱ་ལ་བཟང་ངན་མེད་པར་ཤེས་དགོས། འོན་ཀྱང་རྫོགས་ཆེན་གྱི་ཁྱད་ཆོས་ནི་དུས་འཁོར་སོགས་ལ་ཡོད་ནི་མ་རེད། དཔལ་དུས་ཀྱི་འཁོར་ལོ་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་། མཆོག་དུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་དབྱེར་མེད་ཟུང་འཇུག་ཏུ་བཞུགས་པ་ལ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་གསུངས་པ་དང་། རྫོགས་ཆེན་གྱི་གཞུང་རྣམས་ནས། གདོད་མའི་སྟོང་ཆེན་གྱི་དབྱིངས་དང་། བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཟུང་འཇུག་ཏུ་བཞུགས་པ་ལ་ཁྱབ་བརྡལ་རིག་པ་ཀུན་ཏུ་བཟང་གསུངས་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་རེད། ༈ རིག་པ་ངོ་བོ་ཡེ་སྟོང་དུ་བཞུགས་པར་རྟོགས་པ་ལ་ཆོས་ཉིད་ལྟ་བ་དང་། རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་དུ་བཞུགས་པར་རྟོགས་པ་ལ་ཆོས་ཅན་ལྟ་བའི་ལྟ་བ་དང་། དེ་གཉིས་དབྱེར་མེད་དུ་རྟོགས་པ་ལ་ཟུང་འཇུག་ལྟ་བའི་ལྟ་བ་གསུངས་ནི་རེད། ༈ འཁོར་བ་ཡ་མཐའ་ཐུག་མེད་ནས་ད་ལྟའི་བར་དུ་སྐྱེ་འཆིའི་ཁ་བརྒྱུད་ཡོང་ཀྱང་སྔ་མའི་རླུང་སེམས་རྣམས་འགགས། ཕྱི་མའི་རླུང་སེམས་རྣམས་མ་མཆེད་པའི་བར་དེར་གཞིའི་འོད་གསལ་རྐྱང་བ་ཤར་ནི་རེད། དེའི་རང་དུས་ན་འཁྲུལ་སྣང་འདི་གཏན་ནས་ཡོད་ནི་མ་རེད། མཐར་ཐུག་སངས་རྒྱས་ཀྱི་གཟིགས་ངོར་ན་དག་པ་རབ་འབྱམས་ཡིན་ནི་རེད། དེས་ན་མ་དག་འཁྲུལ་སྣང་འདི་ཐོག་མའི་སྤྱི་གཞི་དུས་ན་མ་གྲུབ། མཐར་ཕྱིན་འབྲས་བུ་དུས་ན་མ་གྲུབ་པ། ད་ལྟ་གློ་བུར་གྱི་མགྲོན་པོ་དང་ནམ་མཁའི་སྐྲ་ཤད་ལྟ་བུ་ཞིག་ཡིན་ནི་རེད། ༈ ཨ་ནུ་ཡོ་གས་ཕྱི་གཉུག་མའི་མཁའ་དཀྱིལ་དང་། ནང་བཀོད་པ་ལུས་ཀྱི་དཀྱིལ་འཁོར་རྩལ་དུ་བཏོན། སྤྱིར་གཟུངས་མ་ལ་ཡུལ་རིག་ཆོས་ཀྱི་གཟུངས་མ་ཡུལ་རིག་ཆོས་ཀྱི་གཟུངས་མ་ནི་ཡིད་ཀྱིས་སྤྲུལ་བའི་ལྷ་མོ། ཆོས་ཉིད་དོན་གྱི་གཟུངས་མ་དང་། སྟོང་གཟུགས་ལྷ་མོའི་གཟུངས་མ། ཤེས་རབ་མ་མོའི་གཟུངས་མ་དང་བཞི་ཡོད། དབང་གསང་ཤེར་གཉིས་རེད། དེའང་རང་ལུས་ཐབས་ལྡན་རྩ་ཐིག་རླུང་གསུམ་གནད་དུ་བཏོན་ནས་སྣོད་རུང་བྱ་བ་སྦྱོར་ལམ་སྟེ། ཤེར་དབང་གི་སྔོན་འགྲོ་རེད། དེའི་ལྟ་བ་གསལ་སྟོང་ཟུང་འཇུག་རེད། དངོས་གཞི་ཤེར་དབང་ནི་གཞན་ལུས་ལ་བརྟེན་པ་འོག་སྒོའི་ལམ། ལྟ་བ་བདེ་སྟོང་ཟུང་འཇུག་རེད། དེ་གཉིས་གྱི་ལམ་རྫོགས་རིམ་ཨ་ནུ་དེས་ནི་ཆོས་ཐམས་ཅད་སྣང་ཆ་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། སྟོང་ཆ་ཡུམ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། ཟུང་འཇུག་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་འདོད། ༈ ཨ་ཏི་ཡོ་གའི་དཀྱིལ་འཁོར་ནི་ནང་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན། ལྟ་བ་རིག་སྟོང་ཟུང་འཇུག་རེད། ༈ སེམས་སེམས་བྱུང་ཐམས་ཅད་ཡེ་ཤེས་སུ་ཤར་སོང་ན། དབང་པོ་མ་ཤོར་ནའང་གཉིས་སྣང་ནུབ་ཟེར་ནི་རེད། ༈ དག་མཉམ་འདི་བསྒོམ་ནུས་ན། བློ་གྲུབ་མཐས་བསྒྱུར་བ་ཙམ་གྱིས་ཚད་ནི་མ་རེད། ལམ་ཞུགས་ཏེ་ཚོགས་ལམ་ལ་ཞུགས་པའི་གང་ཟག་རེད། ༈ རླུང་སེམས་འགགས་པའི་མཉམ་བཞག་འུར་མཐིལ་ཙམ་ལ་ལམ་ཁྱད་མེད་པས། འོད་གསལ་རྫོགས་ཆེན་ལ་ཁྱད་ཆོས་ཡོད་ཚུལ་མི་ཕམ་རིན་པོ་ཆེས་གསུངས། ༈ རང་ལུགས་ལ་ཐེག་པ་རིམ་དགུར་འཇོག་ཚུལ་བསྐྱེད་པ་མ་ཧཱ་ཡོ་ག་དང་། ཁྱད་པར་དུ་ཨ་ནུ་ལས་ནི་ལྟ་བས་མ་ཟད་དབང་གྲངས་རེ་གསུངས་ཡོད། རྫོགས་ཆེན་གྱི་རྒྱུད་རིག་པ་རང་ཤར་སོགས་ལས་ཀྱང་ཐེག་པ་རིམ་དགུར་གསུངས་ནི་རེད། སློབ་དཔོན་པདྨའི་མན་ངག་ལྟ་ཕྲེང་། སྐ་བ་དཔལ་བརྩེགས་ཀྱིས་ལྟ་རིམ་སོགས་ལས་ཀྱང་གསུངས། ༈ དྲན་པ་བརྒྱ་སྟོང་བསྟེན་ཀྱང་དྲན་མཁན་ཆོས་ཉིད་དུ་དེངས་སུ་དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ་ཤར་བ་ན། རང་གི་རང་རྩལ་གཡོས་ནས་རང་ངོ་ཤེས་པ་ཙམ་རེད། གཉུག་མའི་དྲན་པ་དང་། ཁྱབ་བརྡལ་ལྷུན་གྲུབ་ཀྱི་དྲན་པའང་ཟེར། དེ་ལྟ་བུ་དེ་དག་མཉམ་གཞི་ཡི་དཀྱིལ་འཁོར་རེད། དེ་མིན་པར་སེམས་འཇུར་བུས་བཅིང་བའི་ཐུགས་དམ་པ་གསུངས་པ་ལྟར་བུད་སོང་ན་བསྐྱུར་ན་དགའ། ༈ འོད་གསལ་གྱི་རིག་པ་ངོ་འཕྲོད་ན་ཆོས་ཉིད་མངོན་སུམ་ཟེར། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མེད་པའི་ཆ་ནས་དོན་སྤྱི་ཟེར། མངོན་སུམ་ཡིན་པའི་ཆ་འདིར་མངོན་སུམ་ཟེར། ༈ མི་ཕམ་གྱི་སྡུད་འགྲེལ་ལས་མ་དག་པ་ཚོགས་སྦྱོར། ཅི་རིག་དག་པ་མཐོང་ལམ། ཤིན་ཏུ་དག་པ་སངས་རྒྱས་ཀྱི་ས་སྟེ་གསུམ་ལས་འདིར་ཤིན་ཏུ་དག་པ་སངས་རྒྱས་ཀྱི་གཟིགས་པ་ལྟར་གཏན་ལ་དབབ་དགོས། །དགེའོ། །བཀྲ་ཤིས་པར་གྱུར་ཅིག །།།


previousགསང་སྙིང་སྐོར་ཞལ་རྒྱུན་ཕྱོགས་བསྡུས། next