Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
བསྐྱེད་རྫོགས་གཉིས་དང་གཟེར་བཞིའི་རྣམ་བཞག་བཤད་པ།
   
   
   
   


 
previousབསྐྱེད་རྫོགས་གཉིས་དང་གཟེར་བཞིའི་རྣམ་བཞག་བཤད་པ། next

བསྐྱེད་རྫོགས་གཉིས་དང་གཟེར་བཞིའི་རྣམ་བཞག་བཤད་པ།

རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་བླ་མ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོ་ཁྲིད་ཉན་ཚུལ་གྱི་ཀུན་སློང་ལ། སྔགས་ཀྱི་སྨོན་སེམས་ནི། བདག་དང་མཐའ་ཡས་སོགས་ལྟར། སེམས་ཡེ་ཤེས་སུ་བསྐྱེད་པ་ཞེས་རང་གཞན་གྱི་གཟུང་འཛིན་འཁྲུལ་སེམས་རང་གནས་ཀྱི་ཡེ་ཤེས་རང་རིག་དཔལ་ཆེན་བླ་མའི་དབྱིངས་སུ་གྲོལ་འདོད་ཀྱི་ཐུགས་བསྐྱེད། སྔགས་སྤྱི་དང་ཁྱད་པར་ནང་རྒྱུད་སྡེ་གསུམ་དག་སྣང་གི་ལམ་པ་ཡིན་པས་ཕུན་སུམ་ཚོགས་པ་ལྔ་གསལ་བཏབ་ནས་སྨིན་གྲོལ་ཐམས་ཅད་སངས་རྒྱས་ཀྱི་མཛད་པའི་རྗེས་སུ་འགྲོ་དགོས། ཀུན་སྤྱོད་ཀྱང་སྤང་བླང་མ་འཛོལ་བར་གསན་འཚལ། གང་གསན་བྱའི་ཆོས་ལ་སྟོན་པས་གདུལ་བྱའི་ཁམས་དབང་དང་བསྟུན་ནས་ཆོས་སྒོ་བསམ་མི་ཁྱབ་པར་གསུངས་ཀྱང་བསྡུ་ན་འཇིག་རྟེན་པའི་ཐེག་པ་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་ལ་འདུ། འཇིག་རྟེན་ལས་འདས་པའི་ཐེག་པ་དེ་ལ་ཐེག་པ་ཆེ་ཆུང་གཉིས་ཡོད། ཐེག་པ་ཆེན་པོ་ལ་རྒྱུ་ལམ་བྱེད་མཚན་ཉིད་ཐེག་པ་དང་། འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་གཉིས་ཡོད། དང་པོ་རྒྱུ་ལམ་བྱེད་ཀྱི་ཐེག་པས་ནི་འབྲས་བུ་སྐུ་གཉིས་ཀྱི་རྒྱུ་ཚོགས་གཉིས་ལམ་དུ་བྱེད་པ་དང་། ཆོས་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་ནས་རིང་ལམ་བསྐལ་པའི་མཐར་སངས་རྒྱས་ཐོབ། དེའི་ནང་ཚན་བཀའ་ཐ་མ་ངེས་དོན་དུ་འདོད་པས་བདེ་གཤེགས་སྙིང་པོ་ཉེར་ལེན་གྱི་རྒྱུ་དང་ཚོགས་གཉིས་ལྷན་ཅིག་བྱེད་རྐྱེན་བྱས་ནས་སངས་རྒྱས་ཐོབ། སྔགས་ཀྱིས་མཐར་ཐུག་གི་འབྲས་བུ་སྐུ་གཉིས་ཀྱི་རྣམ་པ་དེ་ལྟ་བུ་བསྐྱེད་རྫོགས་གཉིས་ཀྱིས་ལམ་དུ་བྱེད་པ་ཡིན། རྣམ་པ་ལམ་བྱེད་དེའང་སོལ་བ་ལ་གསེར་འཛིན་ལྟར་བློས་སྒྲོ་བཏགས་པ་མ་ཡིན་པར་གཞི་འབྲས་ཀྱི་བཞུགས་ཚུལ་དང་མཐུན་པར་ལམ་བསྒོམས་པ་ཡིན་སྟབས་ཀྱིས་ཚེ་ལུས་གཅིག་གིས་ཟུང་འཇུག་ཐོབ། དོན་དུ་གཞི་ལམ་འབྲས་བུའི་དུས་ཐམས་ཅད་ན་གནས་ཚུལ་ལ་གནས་ལུགས་ཆོས་སྐུ་དང་། དེའི་རང་རྩལ་གཟུགས་སྐུ་སྟེ་སྐུ་གཉིས་ལས་ནམ་ཡང་འདའ་མི་སྲིད་ཅིང་དེ་གསུམ་གྱི་ངོ་བོ་དབྱེར་མི་ཕྱེད་པས་ན་རྡོ་རྗེའི་ཐེག་པ་ཞེས་བྱའོ། །རྡོ་རྗེའི་ཐེག་པའི་ནང་ཚན་ནང་རྒྱུད་སྡེ་གསུམ་གྱི། ཐབས་བསྐྱེད་རིམས་དང་རླུང་གི་རྫོགས་རིམ་གཙོ་བོར་བྱེད་པ་ཕ་རྒྱུད། རང་ལུས་དང་གཞན་ལུས་ལ་བརྟེན་པའི་ཐིག་ལེའི་རྫོགས་རིམ་གཙོ་བོར་བྱེད་པ་མ་རྒྱུད་དང་། གྲོལ་ལམ་ལྟ་བ་ཁོ་ན་གཙོ་བོར་བྱེད་པ་གཉིས་མེད་ཀྱི་རྒྱུད་ཡིན། དེའང་གསར་མ་ལྟར་ཕ་རྒྱུད་རིམ་ལྔ། མ་རྒྱུད་ཆོས་དྲུགགཉིས་མེད་རྒྱུད་སྦྱོར་དྲུག་རྣམས་ཡིན་ཀྱང་དོན་དུ་བསྐྱེད་རྫོགས་གཉིས་ཀའི་ར་བ་ལས་མི་འདའ་བས། བསྐྱེད་པའི་རིམ་པར་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་གདང་བུ་ལྟ་བུར་བསྟན། །ཞེས་བསྐྱེད་རྫོགས་རིམ་པ་གཉིས་ལས་རིམ་པ་གཉིས་པའི་རིམ་པ་གཉིས་པ་གྲོལ་ལམ་རྫོགས་པ་ཆེན་པོ་དང་ཕྱག་ཆེན་གཉིས་ཁས་མི་ལེན་ཏེ། སྔགས་ཀྱི་རིམ་པ་གཉིས་པ་ཐབས་ལམ་ཡིན་པའི་གནད་ཀྱིས་ས་པཎ་སོགས་ཀྱིས་ཕྱག་ཆེན་ལ་དབང་དང་རྡོ་རྗེའི་ལུས་ཀྱི་ཕྱེད་བཅིང་སོགས་མི་འདུག་པས་མདོ་ཡིན་ནམ་སྔགས་ཡིན། མདོ་ཡིན་ན་ཚེ་ལུས་གཅིག་གི་སྤྲོས་བྲལ་མི་མཐོང་། སྔགས་ཡིན་ན་དབང་དང་ཐབས་ལམ་དགོས་གསུངས། དེའི་ཕྱིར། ངེད་ཀྱི་ཕྱག་རྒྱ་ཆེན་པོ་ནི། །དབང་ལས་སྐྱེས་པའི་ཡེ་ཤེས་ཡིན། །ཞེས་གསུངས་སོ། །ཕྱག་ཆེན་མདོ་ལུགས་སུ་ཁྲིད་ཟེར་བ་ལ་དབང་དགོས་པ་དང་མི་དགོས་པ་གཉིས་ཀ་བསྒྲུབ་མེད་གསུངས། མ་ཧཱའི་གྲོལ་༼ཚིག་ཁ་ཤས་སམ་ཕྲེང་གཅིག་ཆད་པ་འདྲ་༽མན་ངག་ལྟ་ཕྲེང་དང་རྫོགས་ཆེན་གཉིས་ལའང་ཐབས་བསྐྱེད་རྫོགས་གང་ཡང་མི་དགོས་ཕྱིར་མདོ་ཡིན་ན་ཚེ་གཅིག་གིས་ཟུང་འཇུག་མི་འགྲུབ། སྔགས་ཡིན་ན་ཐབས་ལམ་ཡོད་དགོས་ཟེར་ནས་ཁས་མི་ལེན་ཀྱང་། འཕགས་ཡུལ་ལའང་གྲོལ་ལམ་ཡོད་དེ་མཁས་ཤིང་གྲུབ་པའི་ཚོགས་རྣམས་ཀྱི་དོ་ཧ་སྐོར་དྲུག་དང་གྲུབ་པ་སྡེ་བདུན་སོགས་ནའང་ཐབས་ལམ་བཀག་ནས་གྲོལ་ལམ་ཁོ་ནར་བསྔགས། ཁྱད་པར་འཕགས་མཆོག་ཀླུའི་བྱང་ཆུབ་སེམས་འགྲེལ་གྱི་བཤད་བྱ་ཕ་རྒྱུད་རིམ་ལྔའི་ནང་ཚན་རིམ་པ་བཞི་པ་དོན་དམ་བྱང་ཆུབ་ཀྱི་སེམས་འོད་གསལ་གྱི་སྐབས་འགྲེལ་བ་ཡིན་ལ། དེ་ལའང་བྱེད་བཅིང་སོགས་ཀྱི་ཐབས་གང་ཡང་མ་བསྟན་པར་གྲོལ་ལམ་གྱི་ལྟ་བ་ཁོ་ནས་གཏན་ལ་དབབ་པ་ཡིན་ནོ། །སྔ་འགྱུར་བའི་ལྟ་བ་དག་མཉམ་ཆེན་པོ་མངོན་སུམ་མྱོང་ཐོག་ཏུ་ཁེལ་བའི་གང་ཟག་གིས་ལྷ་བསྒོམ་པའི་བསྐྱེད་རྫོགས་ཟུང་འཇུག་ཀྱང་འཕགས་ཡུལ་ན་དེ་འདྲ་མེད་ཅེས་ཁས་མི་ལེན་ཀྱང་ཡོད་དེ་གསང་འདུས་ལ་འཕགས་པ་ཀླུའི་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་སུ་གྲགས་པའི་ཕྱི་མའི་ལུགས་ལ་གནས་ལུགས་མངོན་སུམ་མྱོང་བའི་གང་ཟག་གིས་ལྷ་བསྒོམས་ན་བསྐྱེད་རིམ་ལ་རྫོགས་རིམ་གྱི་རྒྱས་བཏབ་པ་ཞེས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་དེ་མཚན་མེད་ཀྱི་རྫོགས་རིམ་དང་། ལྷ་སྒོམ་པ་དེ་ཐབས་བསྐྱེད་རིམ་ཡིན་པས་འོད་གསལ་དང་སྒྱུ་ལུས་གཉིས་ཟུང་དུ་འཇུག་པ་དང་མཚུངས་གསུངས། ཨིནྡྲ་བོ་དྷིས་ཀྱང་འདི་ལ་བསྐྱེད་རིམ་ལ་ལྟོས་པའི་རྫོགས་རིམ་དང་། རྫོགས་རིམ་ལ་ལྟོས་པའི་བསྐྱེད་རིམ་ཞེས་གསུངས་ཏེ། བསྐྱེད་རྐྱང་བཅོས་མའི་ལྷ་སྐུ་ལ་ལྟོས་ན་འདིའི་རྩ་བ་མཚན་མེད་ཀྱི་རྫོགས་རིམ་གྱི་ཡེ་ཤེས་ཡིན་པས་རྫོགས་རིམ་དང་། སྣང་བ་གསུམ་གྱི་འོད་གསལ་གྱིས་རྒྱུ་བྱས་རླུང་འོད་ཟེར་ལྔ་བས་རྐྱེན་བྱས་ནས་རྩོལ་མེད་དུ་ལྡང་བའི་རྫོགས་རིམ་མ་བཅོས་པའི་ལྷ་སྐུ་ལ་ལྟོས་ན་བློ་རྩོལ་གྱིས་བཅོས་པའི་ལྷ་སྐུ་ཡིན་པས་བསྐྱེད་རིམ་ཡིན། དོན་དུ་བསྐྱེད་རྫོགས་ཟུང་འཇུག་མཐོང་ལམ་འོད་གསལ་དེ་དང་། རྗེས་ཐོབ་ལྷ་སྐུ་ཟུང་འཇུག་ཡིན། བསྐྱེད་རྫོགས་ཟུང་འཇུག་འདི་ལ་གཞན་ཡང་ལུགས་མང་རུང་གསར་མས་དགོངས་པ་མ་ལོན་ནས་རྙིང་མས་དགོངས་པ་ལོན་ཞེས་གསུང་། ཟུང་དུ་འཇུག་རྒྱུའི་སྣང་ཕྱོགས་སྐུའི་མགོ་བཤད་མ་ཐག་པའི་བསྐྱེད་རིམ་འདི་དང་། སྒྱུ་ལུས་སློབ་པའི་ཟུང་འཇུགཐོད་རྒལ་མི་སློབ་པའི་ཟུང་འཇུག་རྣམས་དང་། འོད་གསལ་ཡང་གྲོལ་ལམ་གྱིས་གཏན་ལ་ཕབ་པའི་མངོན་སུམ་དང་། བྱེད་བཅིང་གིས་དྲངས་པའི་དཔེའི་འོད་གསལ། དོན་གྱི་འོད་གསལ་ཁྲེགས་ཆོད་ཆོས་སྐུ་རྣམས་ཡིན། དེའི་ནང་ཚན་སྔ་མ་རྣམས་ལ་ཟུང་འཇུག་གི་དོད་ཐུབ་ཡོད་ཀྱང་ཟུང་འཇུག་མཚན་ཉིད་པ་མིན། མཚན་ཉིད་པ་ནི། མཐོང་ལམ་ཐུགས་དོན་གྱི་འོད་གསལ་དང་སྐུ་སློབ་པའི་ཟུང་འཇུག་ཡིན་ལ་སྐུ་ཐུགས་ཟུང་འཇུག་ཟེར་རོ། །དངོས་གཞི་བསྐྱེད་རྫོགས་ཟུང་འཇུག་འདི་ལ་དགོངས་ནས་སྲོག་སྡོམ་གཟེར་བཞི་འདི་གསུངས་པ་ཡིན་པས་སྔ་འགྱུར་བའི་བསྐྱེད་རྫོགས་ཟུང་འཇུག་གི་ལམ་དང་སྦྱར་ནས་འཆད་ཤེས་དགོས། འོག་མ་བསྐྱེད་རྐྱང་འདིའི་དགོངས་པ་མི་འབྱོར། འདི་ལ་རྒྱུད་གསུམ་གྱི་རྣམ་བཞག་ཤེས་དགོས་པས། རྒྱུད་གསུམ་ནི། གཞི་རྒྱུད་དང་། ལམ་རྒྱུད། འབྲས་རྒྱུད་དོ། །དང་པོ་ལ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། འཁྲུལ་བ་བཏགས་པའི་གཞི་གཉིས་ལས། དང་པོ་ནི། ཧེ་རུ་གལ་པོ་ལས། གནས་ལུགས་ངོ་བོ་ཉིད་ཀྱི་གཞི། །ལྷག་པའི་ཆོས་སྐུ་བཅིངས་གྲོལ་མེད། །ཡེ་ནས་ལྷུན་གྲུབ་ཆེན་པོ་ལ། །ངོ་བོ་ཀ་དག་ཆེན་པོ་གནས། །སྣང་ཚུལ་འཁོར་འདས་གཉིས་སུ་སྣང་། །ཞེས་པ་ལྟར། དོན་དུ་དབྱིངས་རིག་ཟུང་འཇུག་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ངོ་བོ་ཀ་དག་གི་སངས་རྒྱས་སམ་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་སམ་རང་བཞིན་རྣམ་དག་གི་སངས་རྒྱས་ཞེས་གཞི་བཅིང་གྲོལ་ལས་འདས་པ་འདི་ལ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ། གཞི་རྒྱུད་ཀྱང་འདི་ཡིན་ཏེ། དཔེར་ན་ཆུ་བོའི་རྒྱུད་ལྟར་གཞི་ལམ་འབྲས་བུའི་དུས་ཐམས་ཅད་ན་མི་འགྱུར་བར་རྒྱུད་གཅིག་པས་སོ། །སྒྱུ་འཕྲུལ་ལྟར་འདི་ལ་ལྷག་པའི་དོན་དམ་དཀོར་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་པ་ཞེས་དབྱིངས་དོན་དམ་ཡེ་ཤེས་དོན་དམ་ཟུང་འཇུག་དོན་དམ་གསུམ་དང་ཟུང་འཇུག་གི་སྟེང་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་དབྱེ་བས་བདུན་ནོ། །འཁྲུལ་བ་བཏགས་པའི་གཞི་ནི་ཕུང་པོ་ལྔའམ། གཟུང་འཛིན་གཉིས་སམ་ཚོགས་བརྒྱད་སེམས་བྱུང་དང་བཅས་པའམ། སྒོ་གསུམ་མམ་དེ་བསྡུ་ན་རྟོག་སྒྲིབ་འདི་ཁོ་ནར་འདུ། འདི་ནི་གློ་བུར་བ་དཔེར་ན་གསེར་དང་གཡའ་འམ་མེ་ལོང་དང་གཡའ་ལྟ་བུ་ཡིན་པས་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་ལྷག་མ་མ་ལུས་པར་ལྡོག་གོ །ལམ་རྒྱུད་རིམ་གཉིས་ཀྱང་གློ་བུར་བ་དཔེར་ན་སྒྲིབ་པ་ལྕགས་ལྟ་བུ་དེ་ཟད་ཚེ་གཉེན་པོའི་ལམ་བདེན་བཙའ་ལྟ་བུ་དེ་ལྡོག་འགྲོ་བས་ཡེ་ཤེས་སམ་དོན་གྱི་འོད་གསལ་རྒྱུད་ལ་སྐྱེས། རྗེས་ཐོབ་ཟུང་འཇུག་གི་སྐུར་ལྡང་། དེ་དུས་མཛོ་མོ་སྒོ་ཁྱི་བྱ་ཆུ་ལེན་སོགས་ཚོམ་བུ་འབུམ་ཕྲག་ཙམ་འཁོར་ཚོགས་དང་བཅས་པས་ཟུང་འཇུག་གྲུབ། བསྐྱེད་རྐྱང་ལས་བསྐྱེད་རྫོགས་ཟུང་འཇུག་ལ་བོགས་འདོན་འདི་མི་དགོས། ཚོགས་པ་དེའི་ནང་དམ་ཉམས་གཅིག་ཡོད་ན་གཞན་ཐམས་ཅད་དམ་ལྡན་ཁོ་ན་ཡིན་ཀྱང་དམ་ཉམས་གཅིག་པོའི་སྟོབས་ཀྱིས་ཐམས་ཅད་ཀྱི་དངོས་གྲུབ་གྱི་སྐལ་བ་ཆད་གསུངས། དེང་སང་དེའི་དོད་ཐུབ་སྨན་སྒྲུབ་དང་བུམ་སྒྲུབ་རྣམས་ཡིན། ཚིག་དབང་གི་ལམ་རྫོགས་ཆེན་ལྟར་ཐབས་བསྐྱེད་རྫོགས་གང་ལ་མི་ལྟོས་པར་བླ་མའི་མན་ངག་གི་སྟོབས་ཀྱིས་གཞི་ལྟ་བ་ངོ་སྤྲད་ནས་ཡེ་ཤེས་རྩོལ་མེད་ཁོ་ན་ལ་གོམས་པས་མཉམ་ཉིད་རྫོགས་པ་ཆེན་པོའི་མཆོག་གི་དངོས་གྲུབ་མྱུར་བར་ཐོབ་ནས་རང་དོན་དུ་ཆོས་བརྒྱད་མགོ་སྙོམ་པ་དང་གཞན་དོན་དུ་བརྩེ་བའི་སྙིང་རྗེ་རང་ཤུགས་ཀྱིས་འབྱུང་གསུངས། དབང་བཞིའི་ལམ་དེ་བསྡུ་ན་སྔགས་སྤྱི་ལྟར་བསྐྱེད་རྫོགས་གཉིས་དང་རྙིང་མ་ལྟར་བསྐྱེད་རྫོགས་རྫོགས་ཆེན་གསུམ་ལ་འདུ། ༈ བསྐྱེད་རྫོགས་གཉིས་པོ་ལ། ལྟ་བ་སྒོམ་པ་སྤྱོད་པ་གསུམ་རེ་ཡོད་པའི། དང་པོ་ལྟ་བ་དག་མཉམ་ཆེན་པོ། བསྒོམ་པ་བསྐྱེད་རྫོགས་གཉིས། སྤྱོད་པ་སྤྲོས་བཅས་སྤྲོས་མེད་ཀྱིས་ལྟ་སྒོམ་དེ་དག་བོགས་དབྱུང་བའོ། །དང་པོ་ལྟ་བ་ལ་གོ་བ་མྱོང་བ་རྟོགས་པ་གསུམ་ཡོད། དང་པོ་གོ་བ་ལ་གསར་ཕྱོགས་ཀྱིས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པར་བཞེད་དོ། །ས་པཎ་གྱིས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །སྔགས་ཐབས་ཁོ་ནས་འཕགས་པར་བཞེད་པས་མཐའ་བྲལ་སྟོང་ཉིད་དབུ་མའི་ལྟ་བ་གཏན་ལ་ཕབ་ནས་སྣང་སྲིད་ཀྱི་གནས་ཚུལ་མ་དག་པ་ཞིག་ལ་ཐབས་ཀྱིས་བཅོས་ནས་སྣང་སྲིད་དག་པ་རབ་འབྱམས་སུ་བསྒོམ་པ་རིམ་པ་དང་པོ་བསྐྱེད་རིམ་ཡིན། རྙིང་མས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་ཡོད་པར་བཞེད་པས་ན། དང་པོ་སེམས་ཅན་རྣམས་ནི་སོགས་ཀྱི་ལུང་དང། ཆོས་ཉིད་ཀྱི་རིགས་པས་གནས་ལུགས་ཆོས་སྐུ་དང་། དེའི་རང་རྩལ་གྱི་སྣང་སྲིད་ཐམས་ཅད་ཆོས་སྐུའི་རང་རྩལ་དག་པ་རབ་འབྱམས་ལ་གཏན་ལ་ཕབ་པ་ན། དེ་ནི་ལྟ་བ་དག་མཉམ་ཆེན་པོ་ལུང་རིགས་གཉིས་ཀས་ངེས་པའི་སྒོ་ནས་འཛིན་པ་ཡིན་པས་དེ་ཙམ་ལའང་རྡོ་རྗེ་འཛིན་པའི་སྒྲ་འཇུག །ལུང་རིགས་སྔོན་དུ་མ་སོང་ཡང་བླ་མའི་གསུང་སོགས་ལ་བརྟེན་ནས་སྣང་སྲིད་དག་མཉམ་ཆེན་པོར་རྟོགས་པའི་ལམ་བདེན་འདུས་བྱས་ཡིན་ནོ། །ལམ་བདེན་གྱི་ངོ་བོ་ཤེར་ཕྱིན་གྱི་བདག་ཉིད་རྟོགས་པའི་ཤེས་རབ་དང་སྔགས་ཀྱི་རིག་པའི་ཡེ་ཤེས་ཡིན་པས་དེ་འདུས་བྱས་ཡིན་ནམ་སྙམ་ན་རང་ངོ་འགྱུར་བ་མེད་པས་འདུས་བྱས་མིན་ཀྱང་གོང་ནས་གོང་དུ་རྩལ་རྫོགས་རིམ་ལ་ལྟོས་ན་འདུས་བྱས་ལྟ་བུར་སྣང་། གཉིས་པ་ལམ་རྒྱུད་ནི་སྨིན་གྲོལ་གཉིས་ཡིན་པས། དབང་ནི་སྔགས་གྱི་འཇུག་སྒོ་སྨིན་བྱེད་སྡོམ་ཆོག་རྣམས་ཡིན། དེ་ལ་གཞི་དབང་རྡོ་རྗེ་བཞིའི་ས་བོན་དང་། འབྲས་དབང་ནི་རྡོ་རྗེ་བཞིའི་འབྲས་བུ་དང་། ལམ་དབང་ནི་གཞི་ཉིད་འབྲས་བུར་སྨིན་བྱེད་ཀྱི་དབང་ཐམས་ཅད་ཡིན་ལ། དེ་ལྟ་བུའི་གཞི་དབང་དེ་སེམས་ཅན་གྱི་རྒྱུད་ན་མེད་ན་བསྐུར་བས་མི་ཐོབ་ཏེ། རྒྱུད་ལས། དབང་བསྐུར་རང་ལ་སོགས་ལྟར་རོ། །ལམ་དབང་གི་དུས་སློབ་མའི་སྒོ་གསུམ་ནས་ཆུ་རྒོད་ལྟ་བུ་ལ་བླ་མ་ཆང་མ་ལྟ་བུ་དེས། སྐྱབས་སེམས་སྡོམ་བཟུང་སོགས་ནས་བཙོས་པ་ལྟ་བུ་དང་། བླ་མས་དགོངས་པ་གཏད་སློབ་མས་མོས་གུས་བྱས། དེ་ནས་བླ་སློབ་ལྷར་གསལ་བའི་གནས་གསུམ་ལས་འོད་ཟེར་འཕྲོས། མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་སློབ་མའི་སྒོ་གསུམ་ལ་བསྟིམ་པ་ནི་ཕབ་བཏབ་པ་ལྟ་བུ་ཡིན། དེ་དུས་རབ་ལ་རྟོགས་པ་སྐྱེས། འབྲིང་ལ་སྒྲིབ་པ་བྲལ་རུང་དང་ཡེ་ཤེས་སྐྱེས་རུང་གི་ནུས་པ་རྒྱུད་ལ་བཞག་ནས་ཉམས་སྐྱེས། ཐ་མ་ཤེས་རྒྱུད་འགྱུར། དེ་ནས་དབང་བཞི་རིམ་པར་བསྐུར་བས། ཡང་ཐ་ཡིན་ཡང་སྒོ་གསུམ་རྡོ་རྗེ་གསུམ་ཡིན་པའི་གོ་བ་རྣམ་དག་ཞིག་ནི་སྐྱེས་དགོས། རྟགས་དེ་རྣམས་གང་རུང་བྱུང་ན་དབང་ཐོབ་པའི་ཚད་ཡིན་པས། སྐྱེ་བ་སྔ་ཕྱི་ནམ་ཡིན་ཀྱང་དེ་འདྲའི་དབང་དང་པོ་ནམ་ཐོབ་པ་ལམ་དབང་གི་གཞི་དབང་དང་། དེ་ནས་རང་བཞིན་གྱི་རྐྱེན་གྱིས་དབང་ཞུས་ཚད་ལམ་དབང་གི་ལམ་དབང་དང་། མཐར་རྒྱུན་མཐར་རྡོ་རྗེ་འཆང་གི་མདུན་ནས་ཟབ་གསལ་གཉིས་སུ་མེད་པའི་དབང་གསུམ་ཞུ་བ་ནི་ལམ་དབང་གི་འབྲས་དབང་ངོ་། །དེ་ལྟ་བུའི་དབང་དེ་སྔགས་ཀྱི་སྡོམ་ཆོག་ཡིན་པས་དབང་ཐོབ་པ་ཙམ་གྱིས་མི་ཆོག །དམ་ཚིག་བསྲུང་དགོས། དམ་ཚིག་ཀྱང་དབང་བཞི་རང་རང་ལ་ལྟོས་པའི་དམ་ཚིག་གམ། མདོར་ན་སྐུའི་དམ་ཚིག་བླ་མ་དང་མཆེད་ཀྱི་སྐུ་མི་བརྙས། གསུང་མི་བཅག །ཐུགས་མི་དཀྲུགས། གསུང་གི་དམ་ཚིག་ལྷ་སྔགས་ཏིང་ངེ་འཛིན་ལ་བརྩོན། ཐུགས་ཀྱི་དམ་ཚིག་གསང་བཅུ་མི་བསྒྲག །སྤྱིར་སྒོ་གསུམ་རྡོ་རྗེ་གསུམ་གྱི་དག་སྣང་དང་བྲལ་ཚེ་དམ་ཚིག་ཉམས་པ་ཡིན་གསུངས་པས་གཟབ་འཚལ། དེ་ལྟར་དམ་ཚིག་དག་ན་དེས་དབང་དོན་གྱི་ཡེ་ཤེས་མ་རྟོགས་ཀྱང་གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླངས་ན་ཆང་ལང་པ་ལྟར་རང་རྒྱུད་གྲོལ་བར་འགྱུར། དམ་ཚིག་ཉམས་ན་ཆན་ལ་ཕབ་བཏབ་ཀྱང་ཆང་རུལ་བའམ་རྒོད་པ་ལྟར་རྒྱུད་ཚིག་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་ཀྱི་སྐལ་བ་ཆད་ནས། ལྟར་སྣང་ལ་བསྐྱེད་རྫོགས་ཟབ་མོའི་གདམས་པ་ལ་ཇི་ལྟར་བརྩོན་ཀྱང་དོན་དུ་སྒྲུབ་པ་ལོག་པར་གྱུར་ནས་རུ་ཏྲ་དང་རྒྱལ་འགོང་དམ་སྲི་ཁོ་ན་འགྲུབ་པར་འགྱུར་ལ། རང་བརླག་པར་མ་ཟད། ཇི་ལྟར་འོ་མ་སོགས་ལྟར། གཞན་གྱིས་ཀྱང་དངོས་གྲུབ་ཀྱི་གེགས་བྱེད་པ་དང་། དེར་ཡང་མ་ཟད་ཡེ་ཤེས་གསང་རྒྱུད་ལས་ཀྱང་། དམ་ཚིག་མི་ལྡན་རྡོ་རྗེའི་ནི། །བེའུ་སྦྲེལ་གཡང་ལ་ལྟུང་བ་བཞིན། །བདག་གཞན་རྡོ་རྗེའི་ཁབ་ཏུ་ལྟུང་། །ཞེས་པ་ལྟར་མཐར་རང་གཞན་རྡོ་རྗེའི་དམྱལ་བར་འཁྲིད་པས་དྲན་ཤེས་ཀྱི་སྒོ་ནས་དམ་ལས་མི་འདའ་བ་ཤིན་ཏུ་གལ་ཆེའོ། །དེ་ལྟར་དབང་ཐོབ་དམ་ཚིག་རྣམ་པར་དག་པའི་གང་ཟག་གིས་གྲོལ་བྱེད་ཀྱི་གདམས་པ་ཟབ་མོ་ཉམས་སུ་ལེན་པ་ལ། དང་པོ་བུམ་དབང་གི་ལམ་བསྐྱེད་རིམ་དང་དེས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ཡུལ་གསུམ་གྱད་དུ་གྱུར་ཀྱང་། ད་དུང་གྱ་ནོམ་ལྷར་ཞེན་གྱི་སྣང་བ་རྫོགས་རིམ་གྱིས་སྡོམ་དགོས་པས་དེ་ཡང་གསང་ཤེར་གཉིས་ཀའི་ལམ་རྫོགས་རིམ་མཚན་བཅས་དང་། ཚིག་དབང་གི་ལམ་རྫོགས་ཆེན་མཚན་མ་མེད་པའི་རྫོགས་རིམ་ཡིན། དེའི་ནང་ཚན་གསང་དབང་གི་ལམ་རླུང་གི་རྫོགས་རིམ་དང་། ཤེར་དབང་གི་ཐིག་ལེའི་རྫོགས་རིམ་མམ། ཡང་ན་གསང་དབང་གི་ལམ་བདག་བྱིན་གྱིས་རློབ་པ་སྒྱུ་ལུས་འོད་གསལ་ཟུང་འཇུག་གསུམ༷་ཡིན་པས། དང་པོ་རང་ལུས་ཐབས་ལྡན་ལ་བརྟེན་ནས་རླུང་བུམ་ཅན་སྦྱོར་བ་བཞི་ལྡན་བསྒོམས་པས་སྟོང་བཞིས་དྲངས་བའི་དཔེ་ཡི་འོད་གསལ་ལམ་ཡང་ན་ཐིག་ལེ་གནད་དུ་བསྣུན་པས་དགའ་བཞིས་དྲངས་བའི་དཔེ་ཡི་འོད་གསལ་རྒྱུད་ལ་འདྲེན། དེའི་རྗེས་ཐོབ་སྣང་བ་གསུམ་གྱི་འོད་གསལ་གྱིས་རྒྱུ་བྱས། རླུང་འོད་ཟེར་ལྔ་བས་རྐྱེན་བྱས་ནས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་། དེ་དཔེ་ཡི་འོད་གསལ་དང་སྒྱུ་ལུས་ཟུང་འཇུག་ཡིན། ཤེར་དབང་གི་ལམ་དཔེ་ཡི་འོད་གསལ་དེ་དོན་གྱི་འོད་གསལ་ལ་སྦྱོར་བའི་ཐབས་གཞན་ལུས་ཕྱག་རྒྱའི་ལམ་ལ་བརྟེན་པ་ཡིན་པས་གསར་མ་ཡིན་ན་སྦྱོར་ལམ་ཐོབ་ཚེ་ཆོས་གོས་སོགས་དགེ་འདུན་ལ་ཕུལ་ནས་སྤྱོད་པ་གཤེགས་ཞེས་ཕྱག་རྒྱ་མཚན་དང་ལྡན་ན་རང་གི་སྲིང་མོ་ཡིན་ཀྱང་ཁྲིད་དེ་དུར་ཁྲོད་བརྒྱད་སོགས་ལ་གཤེགས་ནས་ཕྱག་རྒྱའི་སྟོབས་ཀྱིས་ཐུགས་དོན་གྱི་འོད་གསལ་དྲངས་ནས་རྗེས་ཐོབ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ས་ར་ཧ་པ་སོགས་གསར་མའི་གྲུབ་ཐོབ་ཕལ་ཆེར་ལྟ་བུ་ཡིན། རྙིང་མས་སྦྱོར་ལམ་ཐོབ་པའི་གང་ཟག་སྟོང་ཕྲག་སོགས་ཡབ་ཡུམ་ཟུང་འབྲེལ་ལྷན་དུ་ཚོགས་ནས། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་བྱས་ནས་མཐར་དགོང་མོ་ལྷ་ལས་དངོས་གྲུབ་བླང་། ནམ་གུང་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དགྲ་བོ་དངོས་སུ་མདུན་དུ་བཀུག་སྟེ་ཆང་གིས་མྱོས་པར་བྱས་ནས་རལ་གྲིས་དངོས་སུ་གཤགས་ནས་འཚེང་བ་གསུམ་ལྡན་གྱི་སྒོ་ནས་བསྒྲལ་ཏེ་དགྲ་ལས་དངོས་གྲུབ་བླང་། ཐོ་རེངས་རིགས་དང་མཐུན་པར་ཡབ་ཡུམ་སྦྱོར་བ་བྱས་པས་ཐིག་ལེ་ཡས་བབ་ཀྱི་འགྲོས་ཀྱིས་དངོས་པོ་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། རྡོ་རྗེའི་དམྱལ་བར་སྐྱེ་ངེས་ཀྱི་སེམས་ཅན་སྔགས་ཀྱི་ཐབས་མཁས་ཀྱིས་རྡོ་རྗེ་འཆང་གི་སར་བཙན་ཐབས་སུ་བཀོད། དེ་ནས་མས་བརྟན་གྱིས་མཐར་སྔ་མའི་ཉམས་དང་བྲལ་ནས་རང་བཞིན་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་ཏེ་རིག་འཛིན་རྣམ་པ་བཞིའི་ས་ལ་བསྒྲོད་པ་རྒྱལ་སྲས་པདྨ་འབྱུང་གནས་སོགས་སྔགས་རྙིང་མའི་གྲུབ་ཐོབ་ཕལ་ཆེར་ལྟ་བུའོ། །ལུང་རིགས་ཀྱི་ངེས་པ་མེད་པར་མོས་པ་ཙམ་གྱིས་ལྟ་བ་བཟུང་ན་མོས་པས་འཛིན་པ་ཟེར། ལྟ་བ་དངོས་གྲུབ་སློབ་དཔོན་སོགས་མཆན་དེ་བླ་མ་བཟང་པོའི་གསུང་ལ་བརྟེན་པ་དང་དངོས་པོའི་གནས་ཚུལ་དང་མཐུན་པ་ཡིན་པའི་ཕྱིར་འདི་ཙམ་གྱིས་བསྒྲུབས་ན་མཆོག་ཐུན་གྱི་དངོས་གྲུབ་འགྲུབ་གསུངས། སྔ་མ་ལ་ལུང་རིགས་སྔོན་དུ་སོང་བས་གཞན་གྱིས་བློ་མི་འཕྲོག་པར་བརྟན་པ་དང་ཕྱི་མ་ལ་ལུང་རིགས་མེད་པས་མི་བརྟན་པར་འགྱུར་སླ། སྤྱིར་སྔགས་བླ་མེད་ཀྱི་ལྟ་བ་ཡིན་ན་མངོན་སུམ་ཡིན་པས་ཁྱབ་གསུངས་པ་གཙོ་བོ་ཐབས་གྲོལ་གང་རུང་གིས་དྲང་བས་མྱོང་ཐོག་ཏུ་ཁེལ་བ་ཡིན་པ་ལ་གོ་དགོས་ཀྱང་། གོ་བ་དེ་ལྟ་བུའང་མཚན་ཉིད་ཐེག་པའི་ལྟ་བ་ཕུང་པོ་རྣམ་དཔྱད་ཀྱི་སྟོང་བ་ཁ་ཕྱི་ལྟས་ལ་ལྟོས་ན་མངོན་སུམ་ལྟ་བུ་ཡིན། གསར་རྙིང་གི་ལྟ་བ་ལའང་དེ་ཙམ་ཁྱད་ཡོད་གསུངས། གོ་ལྟ་དེ་ལྟ་བུའི་སྟེང་ནས་བསྐྱེད་རིམ་བསྒོམས་ན་དངོས་པོའི་གནས་ཚུལ་དང་མཐུན་པའི་སྒོམ་པ་ཕྱིན་ཅི་མ་ལོག་པ་ཡིན་པས་ཐབས་བསྐྱེད་པའི་རིམ་པ་མཚན་ཉིད་པ་ཡིན་ལ། འདིས་ཐུན་མོང་གི་དངོས་གྲུབ་འགྲུབ་ཅིང་མཆོག་གི་དངོས་གྲུབ་ཡང་འགྲུབ་པར་འགྱུར་རོ། །གཉིས་པ་མྱོང་ལྟ་འདྲེན་ཚུལ། ཐབས་གྲོལ་གཉིས་ལས། དང་པོ་ཐབས་ལམ་ནི། སྣང་བ་གསུམ་གྱི་ནང་ཚན་ཡང་དག་ཡེ་ཤེས་ཀྱི་སྣང་བ། བསྐྱེད་རྐྱང་གི་གྱ་ནོམ་ལྷར་ཞེན་གྱི་སྣང་བ་རྫོགས་རིམ་གྱི་ཡེ་ཤེས་ཀྱིས་སྡོམ་དགོས་པས་དེ་འདྲེན་ཐབས་རླུང་དང་ཐིག་ལེའི་རྫོགས་རིམ་གང་རུང་ལ་བརྟེན་པའི་ཐབས་རྡོ་རྗེའི་ལུས་ཀྱི་ཕྱེད་བཅིང་གིས་ཐབས་བྱུང་དཔེ་ཡི་འོད་གསལ་མངོན་སུམ་རང་རྒྱུད་ལ་འདྲེན། དེའི་རྗེས་ཐོབ་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་། དེ་ནི་ཉམས་རྟོགས་གཉིས་ཀའི་ནང་ཚན་ཉམས་དང་དཔེ་དོན་གཉིས་ཀའི་ནང་ཚན་དཔེ་གོ་མྱོང་རྟོགས་གསུམ་གྱི་ནང་ཚན་མྱོང་བ་ཡིན། དེ་ནས་ཕྱག་རྒྱའི་ཉེར་རྒྱུར་བརྟེན་ནས་རྟོགས་པ་དོན་གྱི་འོད་གསལ་དྲངས་ནས་རྗེས་ཐོབ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་། གསར་ཕྱོགས་ཀྱིས་སྔགས་ལུགས་ལ་ཐབས་ལམ་ཁོ་ནས་དྲངས་བའི་མངོན་སུམ་མ་གཏོགས་གྲོལ་ལམ་གཏན་ནས་མི་བཞེད། བདེ་གཤེགས་སྙིང་པོ་དྲང་དོན་ལ་བཀྲལ་ནས་ས་སྐྱས་ཀུན་གཞི་དང་། དགེ་ཕྱོགས་ཀྱིས་ཡིད་རྟོག་མེད་ལ་འདོད། རྙིང་མས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ལ་འཁྲུལ་བ་བཏག་པའི་གཞི་ཞེས་དག་བྱར་འདོད། གསར་ཕྱོགས་ཀྱིས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་པ་བཞེད། གལ་སྲིད་ཁྱད་ཞིག་བཏོན་ན་ཕུང་པོ་རྣམ་དཔྱད་ཀྱི་སྟོང་བ་དེ་དང་གཉིས་སྦྱོར་གྱི་བདེ་བ་གཉིས་ཟུང་འཇུག་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་སམ་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་སམ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་འདོད་ཀྱང་། དེ་ནི་ལྷན་སྐྱེས་མིན་པར་གློ་བུར་བ། འགྱུར་མེད་མིན་པར་འགྱུར་བཅས་གཉིས་སྦྱོར་གྱི་བདེ་བ། འདུས་མ་བྱས་མིན་པར་དབང་པོ་གཉིས་སྦྱོར་ལས་བྱུང་བའི་འདུས་བྱས་ཡིན་ནོ། །རྙིང་མའི་གསང་བ་སྙིང་པོ་སོགས་ཐབས་ལམ་དབང་བཙན་ལྟར་བཀྲལ་ན་གཞི་གནས་ཡེ་ཤེས་འདོད་པ་མ་གཏོགས་སྔ་མ་དང་མཐུན་ནོ། །གཉིས་པ་རྙིང་མའི་ཁྱད་ཆོས་གྲོལ་ལམ་ནི། དང་པོ་དབང་བསྐུར་ཚེ་དབང་དོན་གྱི་ཡེ་ཤེས་རྟོགས་པའམ་མ་རྟོགས་ཀྱང་ཆན་ལ་ཕབ་ཀྱིས་ཐེབ་པ་ལྟར་སྒྲིབ་པ་བྲལ་རུང་དང་ཡེ་ཤེས་སྐྱེ་རུང་གི་ནུས་པ་རྒྱུད་ལ་འཇོགདེ་ནས་གྲོལ་ལམ་ལྟ་བས་ཕྱེ་ཞེས་སྔ་འགྱུར་རྙིང་མའི་སྒྱུ་འཕྲུལ་དྲ་བའི་གཏན་ཚིགས་ཀྱིས་ལྟ་བ་དག་མཉམ་ཆེན་པོ་གཏན་ལ་འབེབས་པ་ཡིན་པས། དེའི་ཚུལ་ལ། རྟོགས་པ་བཞིའི་གཏན་ཚིགས། མཉམ་པ་བཞིའི་གཏན་ཚིགས། དག་པ་གསུམ་གྱི་གཏན་ཚིགས་སོགས་ཡོད་ཀྱང་། རྟོགས་པ་བཞིའི་གཏན་ཚིགས་ནི། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་པ་ལྟར། རྒྱུ་གཅིག་པའི་གཏན་ཚིགས་ཀྱིས་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ། ཡིག་འབྲུའི་ཚུལ་གྱི་གཏན་ཚིགས་ཀྱིས་རོལ་པ་འགག་མེད་དུ་གཏན་ལ་ཕབ། བྱིན་གྱིས་བརླབས་པའི་གཏན་ཚིགས་ཀྱིས་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ། མངོན་སུམ་པའི་གཏན་ཚིགས་ཀྱིས་མཚན་ཉིད་མངོན་སུམ་བློ་བྲལ་དུ་གཏན་ལ་ཕབ་པས། རིག་པ་ཆོས་སྐུ་དག་མཉམ་བདེན་པ་དབྱེར་མེད་མངོན་སུམ་རང་རྒྱུད་ལ་དྲངས་ནས་མྱོང་ནུས། གལ་སྲིད་མ་མྱོང་ཀྱང་གོ་བ་རྣམ་དག་སྔར་ངེས་པ་འཛིན་པ་ཟེར་བ་དེ་འོང་། དེ་ནས་མན་ངག་ལྟ་བའི་ཕྲེང་བ་དང་སེམས་སྡེ་པྲ་ཁྲིད་སོགས་ཀྱི་མན་ངག་གི་ལག་ཁྲིད་བཏབ་པས་དག་མཉམ་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་མངོན་སུམ་དུ་མྱོང་ནུས། མྱོང་ལྟ་དེའི་སྟེང་ནས་ལྷ་བསྒོམ་པ་སྔ་འགྱུར་བའི་བསྐྱེད་རྫོགས་ཟུང་འཇུག་ཡིན། དེ་རྟོགས་པ་ལ་ན་སྤར་དགོས་པས་དེ་ལ་སྔོན་གྱི་མཁས་པ་ཐམས་ཅད་ཀྱིས་ཕྱག་རྒྱས་མཚམས་སྦྱོར་དགོས་གསུངས་ཀྱང་། མཁས་མཆོག་མི་ཕམ་གྱིས་རང་གི་ལྟ་བ་གོམས་སྟོབས་དང་མོས་གུས་ཀྱི་སྟོབས་གྱིས་འོད་གསལ་ན་འཕར་འགྲོ། ཕྱག་རྒྱ་མི་དགོས། གལ་སྲིད་དགོས་ན་མདོའི་སྦྱོར་ལམ་པས་ཕྱག་རྒྱ་མ་བསྟེན་པར་མཐོང་ལམ་མི་ཐོབ་པ་ཞིག་ཁས་ལེན་དགོས་གསུངས། དགེ་མང་རིན་པོ་ཆེས་ཀྱང་། མོས་གུས་ཉེ་རྒྱུའི་སྤྱོད་པར་བཞག་གསུངས། དོན་གྱི་འོད་གསལ་རྟོགས་ཚེ་ལྷ་མ་བསྒོམས་ཀྱང་ཐ་མལ་གྱི་སྣང་གྲགས་རིག་གསུམ་འདི་སྤུ་མ་བརྗེ་མདོག་མ་བསྒྱུར་བློས་མ་བཅོས་པར་ལྷ་སྔགས་ཡེ་ཤེས་ཀྱི་གོ་ཆོད་དགོས། གལ་སྲིད་ཐབས་བསྐྱེད་རིམ་གྱིས་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་བློས་བསྒོམས་ཏེ་རྩལ་སྦྱངས་བྱས་ཀྱང་ཆོག་གསུངས། སྒྱུ་འཕྲུལ་འདི་ཀུན་མཁྱེན་རོང་ཀློང་གཉིས་ཀས་ཨ་ཏིའི་མ་ཧཱ་དང་། བཀའ་སྡེ་ཟུར་བས་མ་ཧཱའི་ཨ་ཏིར་བཞེད། དེ་ལྟར་དབང་དང་རྒྱུད་བཤད་མན་ངག་གང་རུང་གིས་མངོན་སུམ་ཡེ་ཤེས་མྱོང་ཐོག་ཏུ་ཁེལ་བའི་གང་ཟག་གིས་ལྷ་བསྒོམ་པའི་བསྐྱེད་རྫོགས་ཟུང་འཇུག་འདི་ཀའི་སྟེང་དུ་སྲོག་སྡོམ་གཟེར་བཞིའི་མན་ངག་ཁྲིད་ཤེས་དགོས་པས། དེ་ནི་སྲོག་སྡོམ་གཟེར་བཞིའི་དམིགས་པའི་གནད་འགགས་སོགས་ནས། རྣམ་མཁྱེན་རྒྱ་མཚོར་རོ་གཅིག་ཤོག་ཅེས་པའི་བར་རྒྱུད་གསུམ་གྱི་ནང་ཚན་ལམ་རྒྱུད་དང་། ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་སྒོམ་པ། བསྐྱེད་རྫོགས་ཟུང་འཇུག་གི་སྐབས་འདིར་རྒྱས་པར་འཆད་ཤེས་པའི་རྟེན་འབྲེལ་ཞུ་ལགས། སྲོག་སྡོམ་གཟེར་བཞིའི་གནད་ཀྱང་རང་གི་ལུས་ངག་ཡིད་གསུམ་བྱ་བ་དང་བཅས་པའི་སྲོག་དང་། ལྷ་ཡེ་ཤེས་པའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་སྲོག་གཉིས་ལྷན་དུ་སྡོམ་པའི་གཟེར་བུ་ལྟ་བུ་ནི་ཏིང་ངེ་འཛིན་ལྷའི་གཟེར་སོགས་བཞི་ཡིན་ལ། དེའང་གནས་ཚུལ་མ་དག་པར་འདོད་ཚེ་དེ་གཉིས་ཐ་དད་ལྟ་བུར་སྣང་ཡང་། གནས་ཚུལ་དག་པར་འདོད་ཚེ་དོན་ལ་རང་གི་སྒོ་གསུམ་བྱ་བ་དང་བཅས་པ་གནས་ཚུལ་ལ་ཡེ་ནས་ལྷ་ཡེ་ཤེས་པའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པར་གནས་རུང་། སྣང་ཚུལ་མ་དག་པའི་ངོར་འདི་ན་སྒོ་གསུམ་བྱ་བ་དང་བཅས་པ་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པའི་སྒྲིབ་བྱེད་ཀྱི་དྲི་མ་ལྟར་ཤར་ཡོད་པ་ཡིན་པས། སྲོག་སྡོམ་གཟེར་བཞིའི་མན་ངག་འདིས། སྣང་ཚུལ་ལ་སྒྲིབ་པ་ལྟར་ཤར་བའི་སྒོ་གསུམ་བྱ་བ་དང་བཅས་པ་དག་ནས། གནས་ཚུལ་ཡེ་ཤེས་པའི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་མངོན་དུ་གྱུར་དགོས་པ་ཡིན་ནོ། །རྒྱས་པར་བཀྲལ་ན་རང་གཞུང་ལྟར་རོ། །གསུམ་པ་སྤྱོད་པ་སྤྲོས་བཅས་སྤྲོས་མེད་ཀྱིས་ལྟ་སྒོམ་བོགས་འདོན་ཚུལ་ལ། སྤྱིར་ཐབས་ལམ་བརྟུལ་ཞུགས་གྱི་སྤྱོད་པ་དང་། གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་གཉིས་ལས། དང་པོ་ནི་སྦྱོར་སྒྲོལ་སོགས་ཡིན་ལ། དེ་ལ་ནང་གསེས་ཀྱིས་སྤྲོས་བཅས་སྤྲོས་མེད་གཉིས་སུ་དབྱེ་ན། དངོས་རིགས་ལས་ཀྱི་ཕྱག་རྒྱ་བསྟེན་པའམ་དེ་ཡང་རྙིང་ལུགས་ལྟར་ཚོགས་སྒྲུབ་དང་འབྲེལ་བ་སྤྲོས་བཅས་དང་། སྟོང་གཟུགས་ཀྱི་ལྷ་མོ་སོགས་བརྟེན་པའམ། དངོས་རིགས་ལས་ཀྱི་ཕྱག་རྒྱ་བསྟེན་ཀྱང་། གསར་ལུགས་ལྟར་གཅིག་པུར་སྤྱོད་པ་གཤེགས་འགྲོ་བའི་སྤྲོས་མེད་ཀྱི་སྤྱོད་པ་ཡིན་ནོ། །འདི་གཉིས་ཀས་བསྐྱེད་རྐྱང་དང་མཚན་བཅས་ཀྱི་རྫོགས་རིམ་གཉིས་བོགས་འདོན་དགོས། གཉིས་པ་གྲོལ་ལམ་བག་ཡོད་ཀྱི་སྤྱོད་པ་ནི། ལྟ་བ་ཡས་བབས་དང་། སྤྱོད་པ་མས་འཛེགལྟ་བ་དཔའ་དགོས། སྤྱོད་པ་སྡར་དགོས་གསུངས་པ་ལྟར། ལྟ་བ་དག་མཉམ་ཆེན་པོ་ལ་གོམས་རུང་ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་བྱས་ནས་ཉན་ཐོས་ཀྱི་འདུལ་ཁྲིམས་བྱང་སེམས་གྱི་བསླབ་པ་སོགས་ལ་ལེགས་པར་སློབ་པའོ། །འདི་ནི་གྲོལ་ལམ་བསྐྱེད་རྫོགས་ཟུང་འཇུག་སོགས་ཀྱི་བོགས་འདོན་ཡིན་ནོ། །དེས་ལམ་རྒྱུད་ལ་སྨིན་གྲོལ་གཉིས་དང་གྲོལ་བྱེད་གྱི་ལྟ་སྒོམ་སྤྱོད་གསུམ་དང་བཅས་པ་མདོ་ཙམ་སོང་། གསུམ་པ་གང་དུ་མཐར་ཕྱིན་པ་འབྲས་བུའི་རྒྱུད་ནི། མ་ཧཱ་ཡོ་གའི་ས་ལམ་རིག་འཛིན་རྣམ་པ་བཞིས་བསྒྲོད་དགོས་པས། འདི་ལ་འདོད་ཚུལ་གཉིས་ཏེ། བཀའ་སྡེ་ཟུར་བས་རིག་འཛིན་བཞི་ག་འཕགས་པ་སློབ་ལམ་ཁོ་ནར་བཞེད་པས། མཐོང་ལམ་དོན་གྱི་རྟོགས་པ་སྐྱེས་ཚེ་རྟོགས་པའི་རྩལ་ཤུགས་ཆུང་བ་དག་གིས་རྣམ་སྨིན་གྱི་ཕུང་པོ་སྦྱང་མ་ནུས་པ་རྣམ་སྨིན་རིག་འཛིན། དེ་ཚེ་ལ་མི་དབང་བར་འདས་དུས་འཆི་སྲིད་ཆོས་སྐུའི་འོད་གསལ་གྱི་སྟེང་ནས་ས་གཉིས་པའི་ཡེ་ཤེས་ལ་ན་འཕར་ནས་རྗེས་ཐོབ་ཕྱག་ཆེན་ལ་ལྡང་། རྟོགས་པ་རྩལ་ཤུགས་ཆེ་བས་རྣམ་སྨིན་གྱི་ཕུང་པོ་སྦྱངས་ནས་འོད་ལུས་སུ་གྱུར་པ་ལམ་མཆོག་ཡོངས་རྫོགས་ཚེ་དབང་རིག་འཛིན་དང་། སྒོམ་ལམ་ས་དགུ་ལ་ཕྱག་ཆེན་རིག་འཛིན། ས་བཅུའི་རྒྱུན་མཐའ་ལ་ལྷུན་གྲུབ་རིག་འཛིན་དུ་བཞེད། ཀུན་མཁྱེན་ཆེན་པོས། སོ་སྐྱེས་ནས་འཕགས་པ་མི་སློབ་པའི་བར་རིག་འཛིན་བཞི་བོས་བསྡུ་བ་ཡིན་པས། དཔེའི་འོད་གསལ་རྒྱུད་ལ་སྐྱེས་ནས་རྗེས་ཐོབ་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་རྣམ་སྨིན་རིག་འཛིན། ས་དང་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་རྗེས་ཐོབ་སློབ་པའི་ཟུང་འཇུག་གི་སྐུར་ལྡང་བ་ཚེ་དབང་རིག་འཛིན། ས་གཉིས་པ་ནས་རྒྱུན་མཐའ་མན་ཕྱག་ཆེན་རིག་འཛིན། མི་སློབ་པའི་འབྲས་བུ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཁ་སྦྱོར་བདུན་ལྡན་མངོན་དུ་གྱུར་པ་ལྷུན་གྲུབ་རིག་འཛིན་དུ་བཞེད་པ་ཡིན་པས་འབྲས་རྒྱུད་དངོས་ནི་ཀུན་མཁྱེན་གྱི་ལུགས་ཀྱི་ལྷུན་གྲུབ་རིག་འཛིན་འདི་ལ་ངོས་འཛིན་དགོས་སོ། །ཞེས་པ་འདི་ཡང་དཔལ་མགོན་བླ་མ་དམ་པས་སྲོག་སྡོམ་གཟེར་བཞིའི་གནད་འགག་ཉིན་གཅིག་ལ་གསུངས་པའི་ཚེ་རྡོ་རྗེའི་མཆེད་པོ་རྣམས་ཀྱི་བཀའ་ནན་མ་ལྡོག་པ་དང་རང་གིས་ཀྱང་བརྗེད་དུ་ཕངས་ནས་ཟབ་གསང་གདམས་པའི་གནད་རྣམས་ཟིན་རིས་སུ་བྲི་མདོག་བྱས་པ་ཡིན་རུང་རྨོངས་པ་བདག་སྔོན་གྱི་སྦྱང་འཕྲོ་ཞན་ཅིང་ཚེ་འདིར་ཐོས་བསམ་སྒོམ་གསུམ་གྱི་སྐལ་བས་དབེན་པའི་སྟབས་ཀྱིས་ཚིག་དོན་ཐམས་ཅད་ལོག་ལམ་ཁོ་ནར་བཀྲལ་ཡོད་སྙམ་པས་ཤེས་ལྡན་དམ་པ་རྣམས་ནས་དཔེ་ངན་རྒྱུན་འབྱམས་སོགས་གཏན་ནས་མི་མཛད་པར་ཅིས་ཀྱང་བསྐུལ་ལོ། །དགེའོ། །དགེའོ། །དགེའོ། །༈ བདག་མདུན་ཐ་དད་ཅིང་འཇུག་པ་གཅིག་པ་ནི། བདག་དང་མདུན་བསྐྱེད་གཉིས་དབྱེར་མེད་པ་སྟོང་པར་སྦྱངས་པའི་ངང་ལས་བདག་མདུན་གཉིས་མེ་ལོང་གཅིག་ལ་གཉིས་ཤར་གྱི་ཚུལ་ཆོ་ག་གཅིག་གིས་དུས་གཅིག་ཏུ་བསྐྱེད་པ་དེ་ཡིན། བདག་མདུན་ཐ་མི་དད་ཅིང་འཇུག་པ་གཅིག་པ་ནི། ཐོག་མར་བདག་དང་མདུན་བསྐྱེད་གཉིས་དབྱེར་མེད་པ་སྟོང་པར་གྱུར་བའི་ངང་ལས་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ལ་བསྟོད་པའི་མཇུག་ཏུ་རྩ་སྔགས་ལ་ཕཊཿཛ་བཏགས་པའི་རྐྱེན་གྱིས་དམ་ཚིག་གི་དཀྱིིལ་འཁོར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་གོ་ས་ལོགས་སུ་ཕྱེ་ལ་མེ་རི་འདབ་འབྱར་གྱི་ཚུལ་དུ་བསྒོམ་པ་སྟེ། དེ་གཉིས་ཐ་དད་དང་ཐ་མི་དད་ཅེས་པ་ནི་རྣམ་པ་ཐ་དད་དང་ཐ་མི་དད་ལ་ཟེར་བ་ཡིན་གྱི་ངོ་བོ་ལ་ཟེར་བ་མིན་ཏེ། དེ་གཉིས་གང་ལྟར་བྱས་ཀྱང་ངོ་བོ་དབྱེར་མེད་དུ་བསྒོམ་དགོས་པའི་ཕྱིར་རོ། །འཇུག་པ་གཅིག་ཅེས་པ་ཆོ་ག་གཅིག་གིས་བསྐྱེད་པ་ལ་བྱའོ། །བདག་མདུན་ཐ་དད་འཇུག་པའང་ཐ་དད་ནི། ཐོག་མར་བདག་བསྐྱེད་རྫོགས་པར་བྱས་ནས། གདོད་མདུན་བསྐྱེད་རྫོགས་པར་བསྒོམ་པ་སྟེ་གོ་སླའོ། །དེ་གཉིས་སྔོན་དུ་སོང་ནས་གསལ་ཆ་ཀུན་སྣང་ཏིང་ངེ་འཛིན། གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དེ་ཧཱུྃ་ལས་རྡོ་རྗེ་འཛིན་པ་ཞལ་གཅིག་ཕྱག་གཉིས། སློབ་དཔོན་སངས་རྒྱས་གཉིས་པས། སྙིང་རྗེ་མེད་ན་ཆོས་ཀྱི་རྩ་བ་རུལ། །རྒྱུ་ལས་འབྲས་བུ་གྲུབ་པའི་ཚུལ། །ཞེས། བྱ་རྒྱུད་རང་ལམ་ནས་མངོན་བྱང་ལྔའི་འབྲས་བུ་ཡེ་ཤེས་ལྔར་བྱང་ཆུབ་བོ། །ནང་རྒྱུད་ཀྱི་མངོན་བྱང་ལྔས་ཡེ་ཤེས་ལྔར་བྱང་ཆུབ་བོ། །དེ་གཉིས་འབྲས་བུ་ཐ་དད་མ་ཡིན་ཏེ། གདུལ་བྱ་རང་རང་གི་ངོར་དེ་ལྟར་མཛད་པའོ། །


previousབསྐྱེད་རྫོགས་གཉིས་དང་གཟེར་བཞིའི་རྣམ་བཞག་བཤད་པ། next