Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
ཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་།next

ཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་།

༈ ཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་བཞུགས་སོ། །ན་མོ་གུ་རུ། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག ། སྔ་འགྱུར་བསྟན་པའི་སྲོལ་འབྱེད་རོང་ཀློང་རྗེ། །སྐུ་བཞིའི་མངའ་བདག་བརྒྱུད་གསུམ་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །རྒྱལ་བསྟན་ཡོངས་རྫོགས་ཀུན་མཁྱེན་བླ་མའི་གཞུང་། །ནང་རྒྱུད་སྡེ་གསུམ་དགོངས་པའི་མན་ངག་བཅུད། །ཡེངས་མེད་ལམ་དུ་བྱེད་པའི་ཆོས་དྲུག་ལ། །དགོངས་པའི་གནད་བཀྲོལ་ཉི་ཟླའི་འོད་སྣང་བཀོད། །ཅེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་གཉིས་བསྟན་ཟིན་ནས། དངོས་གཞི་དྲན་པ་དྲུག་གི་དགོངས་དོན་ཇི་ལྟ་བ་བཞིན་འཆད་པར་བྱེད་པ་ལ། ཀུན་མཁྱེན་བླ་མས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངང་། ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། །ཞེས་པས། དང་པོ། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། ཞེས་པའི་དོན། དེ་ཡང་དང་པོའི་ལས་ཅན་རྣམས་ཀྱིས་རང་གིས་བསྒོམས་ཤིང་ཉམས་སུ་ལེན་རྒྱུའི་ཆོས་དེ་ལ་ཐོག་མར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་ངེས་པ་གཏིང་ནས་རྙེད་པ་ཞིག་དང་། ཡང་བླ་མའི་མན་ངག་གི་སྒོ་ནས་ཇི་ལྟར་བསྟན་པའི་དོན་ལ་མཉམ་པར་བཞག་ཏེ་སྐྱོང་བའི་ཚེ་མི་བསམ་དགུ་བསམ་གྱི་རྣམ་རྟོག་ཤིན་ཏུ་མང་པོ་མཚོ་རླབས་འཁྲུགས་པ་ལྟ་བུའི་རང་དབང་མི་ཐོབ་པ་ཤིང་བལ་རླུང་གིས་ཁྱེར་བ་ལྟ་བུའམ་རླུང་གསེབ་ཏུ་བཞག་པའི་མར་མེ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་འགྱུར་བས་ན་ལྷག་མཐོང་གི་རྟེན་དུ་ཞི་གནས་འབའ་ཞིག་བཙལ་བར་བྱ་བ་ནི། ཕྱིའི་དམིགས་པ་སྐུ་གཟུགས་སོགས་དང་། ནང་གི་དམིགས་པ་རླུང་ཐིག་སོགས་དམིགས་རྟེན་གང་རུང་ལ་འདུ་བྱེད་ཀྱི་དྲན་པའི་ཐག་པ་བཏགས་ནས་སེམས་རྩེ་གཅིག་ཏུ་གཏད་ནས་སྐད་ཅིག་ཀྱང་མི་ཡེངས་པར་བྱ་སྟེ། སྤྱོད་འཇུག་ལས། ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག ། ཅེས་སོ། །དེའང་རེ་འགའ་ཙམ་དང་ཡུན་ཐུང་ངུ་ཙམ་གྱིས་ནི་མི་འགྲུབ་པས་ན་ཉམས་ལྔ་མཐར་མ་ཕྱིན་གྱི་བར་བསླབ་པར་བྱ་སྟེ། ཉམས་ལྔ་ནི། བཱི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་གསུངས་པ་ལྟར། མཐར་ཕྱིན་པའི་ཉམས་ཞེས་བྱ་བ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུའི་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་ནས་རྟེན་གང་དང་གང་ལའང་དམིགས་ན་དེ་དང་དེ་ལ་ལྷན་གྱིས་གནས་ཤིང་བརྟན་པ་ཐོབ་པས་ན་རྣམ་རྟོག་གཉེན་དུ་ཤར་བའི་དུས་ཞེས་བྱ་བ་བྲན་ཁོལ་བཟང་པོ་ལྟར་རྣམ་རྟོག་རང་དབང་དུ་འདུ་བ་ཡིན་ནོ། །དེ་ལྟར་གོམས་པའི་ཚེ། སློབ་དཔོནབི་མ་མི་ཏྲས། གྲོལ་ལུགས་གསུམ་གྱི་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ཞེས་གསུངས་པའི་དོན་དང་གཅིག་པའོ། །གཉིས་པ། མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །ཞེས་པའི་དོན་ནི། ཞི་གནས་རྐྱང་པའི་ལམ་གྱིས་ཉམས་ལྔ་མཐར་ཕྱིན་ནས་གནས་སྐབས་ན་རྣམ་རྟོག་གི་གཡུལ་ལས་རྒྱལ་བ་ལྟར་སྣང་ཡང་སྲིད་པའི་ས་བོན་དྲུང་འབྱིན་མི་ནུས་པས་ན། ལྷག་མཐོང་གི་ཡེ་ཤེས་བསྐྱེད་དེ་མཉམ་རྗེས་སམ་ཞི་ལྷག་ཟུང་འབྲེལ་ལ་ཡང་ཡང་གོམས་པར་བྱ་དགོས་པས་རྒྱུན་དུ་བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་མི་འཕྲོག་པའི་སེམས་རྩེ་གཅིག་ཏུ་གནས་པའི་ཆ་མཉམ་བཞག་གི་ཞི་གནས་ཡིན་ལ། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་རང་བཞིན་ཡོངས་སུ་ཤེས་པའི་ནང་སེམས་ཉིད་ཙམ་ལའང་མ་ཞེན་པའི་ཆ་རྗེས་ཐོབ་བམ་ལྷག་མཐོང་སྟེ། ཡེ་ཤེས་རྒྱས་པ་ལས། ཞི་གནས་ཀྱིས་ནི་ཉོན་མོངས་རང་མགོ་གནོན། །ལྷག་མཐོང་དམ་པས་རྩ་བ་རབ་ཏུ་འབྱིན། ཞེས་པ། ཚུལ་དེ་ལྟ་བུའི་མཉམ་བཞག་ཏུ་ཆོས་ཉིད་ཀྱི་དབྱིངས་སྐྱེ་མེད་དུ་རྟོགས་པའི་ངང་མ་ཤོར་བའི་ཆ་བྱིང་རྒོད་དང་བྲལ་བ་མཉམ་རྗེས་སམ་ཞི་ལྷག་ཟུང་འབྲེལ་གྱི་ལམ་གོམས་པའི་ཏིང་འཛིན་མཉམ་བཞག་ཏུ་ཆོས་ཉིད་དག་མཉམ་ནམ་མཁའ་ལྟ་བུའི་ཀློང་དུ་རྗེས་ཐོབ་དུ་གང་སྣང་ཐམས་ཅད་ཆོས་ཉིད་རིག་པའི་རང་རྩལ་དུ་སྣང་བ་ཙམ་ལས་རང་བཞིན་མ་གྲུབ་པས། དེས་ན་སེམས་དང་སེམས་ལས་བྱུང་བའི་བཟང་ངན་གྱི་རྟོག་པ་མཐའ་དག་ནམ་མཁའི་དབྱིངས་སུ་སྤྲིན་དེངས་པ་བཞིན་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་པར་འགྱུར་བའི་ཕྱིར་ནན་ཏན་བསྐྱེད་ནས་བསྒོམ་པར་བྱ་དགོས་པ་ཡིན་དེ། ཏིང་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །མང་དུ་མི་ཐོགས་ཉམས་མྱོང་འབྱུང་། །དེས་ན་ཏིང་ངེ་འཛིན་ཞེས་བྱ། །ཞེས་སོ། །མཉམ་བཞག་གི་རང་ས་ཟིན་ན་ཉམས་མྱོང་གི་ཡེ་ཤེས་རྗེས་ཐོབ་དང་བསྲེ་མི་ནུས་གསུངས་སོ། །དེ་ལྟར་གོམས་པའི་མཐར་མཉམ་བཞག་ལ་རང་དབང་ཐོབ་པས་རྗེས་ཐོབ་རིག་རྩལ་གྱི་རྟོག་པ་རྒྱ་མཚོའི་རླབས་བཞིན་གཡོ་ནའང་། གཟུང་འཛིན་གྱི་སྲོག་དང་བྲལ་བའི་ཤི་བའི་སྦྲུལ་བཞིན་དུ་རྣམ་རྟོག་ལྟར་སྣང་ཡང་རྟོག་པའི་འདྲ་འབག་ཙམ་དང་། །སྨིག་རྒྱུའི་ཆུ་ལྟར་བདེན་མེད་དུ་རྟོགས་པས་གྲོལ་ལུགས་གཉིས་པ་རྣམ་རྟོག་རང་གིས་གྲོལ་བ་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་ལ་འགྲོ་བའོ། །ཞེས་པའི་དོན་དང་གཅིག་པའོ། །གསུམ་པ། གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། ཞེས་པའི་དོན། དེ་ལྟར་མཉམ་རྗེས་ངོ་བོ་གཅིག་པའི་དབང་དུ་བྱས་ན་ཆོས་ཉིད་ཀྱི་དབྱིངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ། སེམས་དང་སེམས་བྱུང་གི་འགྱུ་བ་རགས་པ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་ནས་རྟོག་མེད་དུ་གནས་པ་ནི་མཉམ་བཞག་ཡིན་ལ། དེའི་ཚེ་ཤེས་པ་མ་འགགས་ལ་ཡུལ་སྣང་ཐམས་ཅད་ལ་འཛིན་པ་མེད་པའི་གསལ་བའི་ཆ་ནི་རྗེས་ཐོབ་ཡིན་པས་མཉམ་རྗེས་དབྱེར་མེད་དེས་གཟུང་འཛིན་གྱི་རྟོག་པ་རིམ་གྱིས་སྤོང་བར་བྱེད། འདིར་གཟུང་འཛིན་ཞེས་པ་དང་གཟུང་འཛིན་གྱི་རྟོག་པ་ཞེས་པ་གཉིས་ལས། དང་པོ་ནི། སྣང་ཡུལ་བློ་ལ་ཤར་བའི་ཚེ་སྣང་ཙམ་གྱིས་མི་འཆིང་མོད། དེར་ཞེན་པའི་བློ་སྐྱེས་པས་ན་ཡུལ་གྱི་རང་བཞིན་ན་མེད་བཞིན་དུ་བློའི་ངོར་བདེན་པར་སྣང་བ་ནི་གཟུང་བ་དང་། དེར་ཞེན་པ་སྐྱེས་པ་ནི་འཛིན་རྟོག་ཅེས་བྱ་སྟེ་གཟུང་འཛིན་གྱི་རྟོགས་པ་སྤངས་ན་གཟུང་འཛིན་ཡང་སྤང་བ་ཡིན། དེ་ལྟར་མཉམ་རྗེས་དབྱེར་མེད་དམ་ཞི་ལྷག་ཟུང་འཇུག་གོམས་པ་ཆེར་ཐོབ་པའི་ལྷག་མཐོང་གི་ཡེ་ཤེས་སྐྱེས་པས་རྟོག་པ་བཟང་ངན་གང་ཤར་ཡང་སྐྱེ་མེད་དུ་རྟོགས་པའི་རིག་པ་རྣལ་མའི་ངང་ལས་མི་གཡོ་བཞིན་རང་སར་གནས་ཏེ་དབང་ཤེས་དྭངས་པའི་གདངས་སམ་རྩལ་མེ་ལོང་གཡའ་དག་པ་ལྟ་བུར་དྭངས་པའི་ཤེས་པ་ལ་སྣང་ཡུལ་གཟུགས་ལ་སོགས་པ་འཆར་འཆར་འདྲ་བའི་ཆ་དེ་དབང་པོའི་གདངས་མ་འགགས་པའི་ཡོན་ཏན་དུ་བཀྲ་ཡང་། །སྣང་དུས་ཉིད་ནས་རང་གི་ངོ་བོ་སྟོང་པའི་མེད་པ་གསལ་སྣང་ཙམ་ཡིན་པ་དང་། རྩལ་སྣང་ཇི་ལྟར་གཡོ་ཡང་། སྣང་བ་གཞི་མེད་དུ་གོ །ཤེས་པ་ཡུལ་མེད་དུ་གོ །རིག་པ་རྟེན་མེད་དུ་གོ །རོལ་པ་ཆོས་ཉིད་དུ་རྟོགས་པས་ན་ཕར་ཕྱིན་ཐེག་པའི་ཆོས་སྐད་ལ། སྟོང་ཉིད་ཀྱི་ངང་ལས་རྟེན་འབྱུང་གི་སྣང་བ་འགགས་མེད་དུ་འཆར་ཞེས་པ་དང་དོན་གཅིག་པས་ན། སྣང་ཡུལ་གྱི་རྣམ་པ་དེ་ལ་དེར་འཛིན་གྱི་བློས་གོས་པར་མ་གྱུར་ཏེ་ཅི་ཡང་མི་འཛིན་ན་སྣང་ཙམ་གྱིས་མི་འཆིང་སྟེ། འཆིང་བྱེད་ནི་གཟུང་འཛིན་གཉིས་པོ་ཡིན་ན་གཟུང་ཡུལ་དང་། འཛིན་སེམས་གཉིས་ཕན་ཚུན་ཡུལ་ཡུལ་ཅན་དུ་འབྲེལ་བ་མེད་པས་ཆོས་ཅན་གཟུགས་སོགས་ཀྱི་ཡུལ་སྣང་གི་རྗེས་སུ་མི་དཔྱོད་པར་མ་ཟད་ཆོས་ཉིད་རིག་པའི་ངང་ལའང་ཆེད་དུ་མི་ལྟ། གོ་ཡུལ་གྱི་དངོས་མེད་དང་བདག་མེད་སྟོང་པ་སོགས་ལའང་སེམས་མི་འཛིན་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ངམ་ཤུགས་འབྱུང་གི་དྲན་པའི་རང་བབས་སུ་བསྐྱངས་པས་ཕྱི་ནང་གི་འབྱུང་བའི་སྙིགས་མ་དེ་རང་དག་ཏུ་འགྲོ་ཚུལ་ལའང་། ཐལ་འགྱུར་ལས། དངོས་དང་དངོས་མེད་པར་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟ་བུའི་རང་ལམ་དེར་གོམས་པའི་མཐར་རྗེས་སྣང་གི་དྲན་པ་སྣང་ཙམ་ལས་མེད་པས་ན་སྣང་ཙམ་ཉིད་ནས་ཡེ་ཤེས་ཀྱི་རང་སྣང་དང་དབྱེར་མེད་དུ་འདྲེས་པས་རང་ཞིག་ལ་འགྲོ་བ་ནི། གྲོལ་ཐིག་ལས། ༼ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་མཆན། ༽འགྱུ་གྲོལ་རང་སར་དག་པའི་སྐད་ཅིག་མ། ཞེས་དང་། སྣང་རྟོག་རེ་སྐྱེས་ཀྱང་ཚུགས་མི་ཐུབ་པར་རང་ཞིག་ལ་གྱུར་ནས་སྐད་ཅིག་སྣང་ཡང་སེམས་ལ་ཕན་གནོད་མེད་པས་ན་གྲོལ་ལུགས་གསུམ་པ་འདི་ཉིད་ཉམས་ལེན་སྐྱོང་བའི་མཐར་ཐུག་ཡིན་པར་གསུངས་པས་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུའི་གྲོལ་ཚུལ་ཡིན་ནོ། །བཞི་པ། ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །ཅེས་པས། ཆོས་རྣམས་ཀྱི་གནས་ལུགས་སེམས་ཉིད་སྤྲོས་པ་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བའི་དོན་མ་ནོར་བ་རྟོགས་པར་བྱེད་པ་ལ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རྣམས་ཀྱི་མན་ངག་ཟབ་མོའི་ཐབས་ཀྱིས་ཤེས་དང་ཤེས་ཡུལ་རོ་གཅིག་ཏུ་གྱུར་པའི་དྲི་མ་མེད་པའི་ཤེས་རབ་མངོན་དུ་གྱུར་པ་ནི་ཆོས་ཉིད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་ཡིན་པས། རང་གདངས་འགགས་པ་མེད་པའི་རྩལ་ལས་སྙིང་རྗེ་ཆེན་པོ་ཤུགས་འབྱུང་དུ་སྐྱེ་ལ་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལའང་ཆེད་དུ་མ་བརྩོན་ཀྱང་ཤེས་རབ་རང་རྩལ་དུ་རྫོགས་པ་དེ་ལ་ངང་གིས་འདུ་སྟེ། དེ་ལྟ་བུའི་མཐར་ཐུག་གི་ཤེས་རབ་མེད་ན་རྟོག་དཔྱོད་དང་བཅས་པའི་ཤེས་རབ་ཀྱིས་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་གཏན་ལ་འབེབས་པར་བྱེད་ཀྱང་ཟབ་མོ་མཐར་ཐུག་ཆོས་སྐུའི་དགོངས་པ་ཇི་བཞིན་པ་རྙེད་པར་མི་འགྱུར་ཏེ། བརྗོད་དུ་མེད་པའི་རིག་སྟོང་རྗེན་པའི་ཡེ་ཤེས་རྟོག་དཔྱོད་རྗེས་དཔག་གི་བློས་ཐུག་ས་ནི་མི་འདུག་སྟེ། བསམ་བརྗོད་དང་བྲལ་བའི་གདོད་མའི་རང་གནས་སུ་ཡེ་ནས་གྲོལ་བས་བསྐྱར་གཞི་མེད་པའི་ངང་དུ་དམིགས་གཏད་ཀྱི་ཞེན་པ་དང་བྲལ་བས་གོལ་ས་དང་སྒྲིབ་པ་རང་ཤུགས་ཀྱིས་ཆོད་དེ། སྣང་སེམས་དབྱེར་མེད་གཞི་གྲོལ་ཀློང་ཡངས་ཆེན་པོ་རྟོགས་པའི་དུས་སུ་རླུང་སེམས་དབུ་མར་ཞུགས་ཏེ་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པའི་ཡང་དག་གཉུག་མའི་དྲན་པ་མངོན་དུ་འགྱུར་ཏེ། ཀུན་མཁྱེན་གཉིས་པས། དེ་ཚེ་ད་ལྟའི་ཀ་དག་བརྗོད་བྲལ་ཀློང་། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་ཀློང་། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག ། ཅེས་གསུངས་པས་དེ་ལྟར་རྟོགས་གོམ་ཀློང་དུ་གྱུར་པའི་དུས་ན། མཚན་བརྗོད་ལས། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་དང་། །ས་བཅུ་ལམ་ལྔའི་ཡོན་ཏན་བྱང་ཆོས་སོ་བདུན་སོགས་རིག་པའི་ཡེ་ཤེས་ཉག་གཅིག་རང་རྩལ་རྫོགས་པའི་གདོད་མའི་ཆོས་སྐུའི་གཞི་ཀློང་རང་བཞིན་ངང་གིས་འོད་གསལ་བའི་དཔེར་ལྕེ་སྤྱང་མིག་ལ་ཉིན་མཚན་མེད་པ་ལྟར་འོད་གསལ་གྱི་རང་སྣང་ལ་གསལ་སྒྲིབ་ཡེ་ནས་མེད་པས་ཡེངས་བ་བཙལ་ཀྱང་མི་རྙེད། ཡེངས་དང་མ་ཡེངས་ཀྱི་ཞེན་པ་རང་སར་དག་པས་ཡེངས་མཁན་ཡུལ་མེད་དུ་སངས་པ་ཡིན་ཏེ། རང་ཤར་ལས། །འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། །ཞེས་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པ་ད་གཟོད་སྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །ཞེས་གསུངས་སོ། །ལྔ་པ། བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངང་། །ཞེས་པའི་དོན་ཡེ་ནས་བཏང་བཞག་མེད་པའི་རིག་པ་རང་གནས་ཀྱི་བསམ་གཏན་ཉིད་ལ་བརྟན་པ་ཐོབ་ཏེ་མཐར་ཕྱིན་པའི་དྲོད་ཐོབ་ཚེ། རྩོལ་མེད་བློ་འདས་ཀྱི་དྲན་པས་རང་དབང་བསྒྱུར་བས་ཡེངས་ཡུལ་གྱི་ཞེན་འཛིན་མེད་པར་མ་ཟད། ནང་སེམས་ཉིད་ཞེས་པའི་ཞེན་སྣང་ཙམ་ཡང་མེད་པར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རིག་སྟོང་བར་མེད་ཡེ་ནས་ཟང་མ་ཐལ་བའི་ཆོས་ཉིད་ཡེ་གསལ་ནམ་མཁའ་ལྟ་བུའི་ཁོར་ཡུག་བར་མེད་ཁྱབ་བདལ་ཡུག་གཅིག་ཏུ་འདྲེས་ངེས་པས་དབང་བསྒྱུར་བའོ། །རྔམ་གློག་ལས། སྤྱོད་ཡུལ་ཀུན་ཏུ་བཟང་པོའི་ཞིང་། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད། ཅེས་དང་། དེས་ན་འཁོར་འདས་ཀྱི་ཆོས་ཀུན་མི་གནས་པའི་མྱ་ངན་ལས་འདས་པས། ཡེ་ཟིན་ཡིན་པས་བྱ་བ་དང་རྩོལ་བའི་གནད་དང་བྲལ་བས་བར་མེད་ངང་རྗེན་པར་མཐོང་བའི་ཆོས་ཉིད་ཡེ་གསལ་ཆེན་པོ་རང་སྣང་འབའ་ཞིག་ཏུ་དབང་ཐོབ་པས་ན། མཚན་བརྗོད་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་དང་། འཇིགས་མེད་ཆོས་ཀྱི་དབང་པོའི་དབེན་པའི་གཏམ་ལས། ཆོས་ཉིད་གཞི་བཞག་རིག་པ་རང་མལ་ལ། །སྒོམ་པའི་མན་ངག་རྒྱ་མཚོ་ཅོག་བཞག་ཡོད། །རིག་རྩལ་གཞི་བཞེངས་ཆོས་ཉིད་རོལ་པ་ལ། །སྤྱོད་པའི་མན་ངག་སྣང་བ་དབང་བསྒྱུར་ཡོད། །ཅེས་དང་། གྲོལ་ཐིག་གི་ཆོས་ཉིད་ཀློང་བཤགས་ལས། ཐམས་ཅད་ཆོས་དབྱིངས་རོལ་པ་ལ། །ཡེངས་དང་མ་ཡེངས་ག་ལ་ཡོད། །ཡེ་ནས་སྐྱེ་མེད་རྒྱ་ཡན་ལ། །མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས། ཅེས་གསུངས་སོ། །

དྲུག་པ། ཆོས་ཉིད་དུས་སུ་མཚོན་བརྗོད་ཡུལ་ལས་འདས། ཞེས་པའི་དོན། དེ་ལྟར་རིག་སྟོང་བར་མེད་དུ་རང་གསལ་བ་ལ་དབྱིངས་དང་ཡུལ་སེམས་ཀྱི་འཛིན་ཞེན་མཐའ་དག་ཟད་པའི་མཐར་ཐུག་ཆོས་ཀུན་ཟད་པའི་སར་ཕྱིན་པའི་དུས་ཞེས་པ། སྐུ་གསུམ་ཟུང་དུ་འཇུག་པ་ངོ་བོ་ཉིད་སྐུའམ་ཆོས་སྐུ་རང་མལ་གཡོ་བ་མེད་པ་དེ་བློ་ལས་འདས་པའི་སྒྲས་བསྟན་ན། ཆོས་སྐུ་ནང་གསལ་གྱི་ངོ་བོ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཆ་ཙམ་རང་མལ་ཀ་དག་གི་དབྱིངས་ན་རྣམ་མཁྱེན་དུ་གསལ་བའི་དབྱིངས་རྣམ་པར་དག་པའི་ཆར་གནས་པས། རྟོག་དཔྱོད་དང་ཐ་སྙད་ཀྱི་དཔེ་དང་། གཏན་ཚིགས་ཀྱིས་སྒྲ་ཇི་བཞིན་མི་མཚོན་ཏེ། ངག་གིས་བརྗོད་པའི་ཡུལ་ལས་འདས་པ་ཡིན་ཏེ། རྒྱུད་བླ་མ་ལས། །ངག་ཡུལ་མ་ཡིན་དོན་དམ་གྱིས་བསྡུས་ཕྱིར། རྟོགས་གནས་ཡིན་ཕྱིར་དཔེ་དང་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིའི་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར། དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། ཞེས་ཀུན་མཁྱེན་ཆེན་པོའི་དྲན་པ་དྲུག་པོ་ཚིགས་སུ་བཅད་པ་འདི་ཉིད་གང་ཟག་ལས་དང་པོ་ལམ་ལ་སློབ་པ་ནས་བཟུང་སྟེ་མཐར་ཐུག་ཆོས་ཟད་ཀྱི་གཞི་དབྱིངས་སུ་གྲོལ་བར་གྱི་ཉམས་སུ་ལེན་ཚུལ་གྱི་ཆིངས་ཆེན་པོ་ཡིན་པས་ཤེས་པར་བྱ་དགོས་པ་གལ་ཆེན་པོ་འདི་ཉིད་སྙིང་གཏམ་ཡིན་ནོ། །འདིར་སྨྲས་པ། །གསང་བ་རྡོ་རྗེ་རྫོང་གི་ཡང་དབེན་ནས། །ཚེ་འདི་བློས་བཏང་ངེས་དོན་རྣལ་འབྱོར་བ། །ཨ་ཏིའི་དོན་མཐོང་མདོ་སྔགས་མཚན་ཅན་གྱིས། །ཉམས་ཁྲིད་འདི་ལྟར་དགོས་ཞེས་བསྐུལ་ན་ཡང་། །བདག་འདྲའི་ཡུལ་མིན་སྙམ་ནས་སྙོམ་ལས་བཞག ། སླར་ཡང་གསུང་གི་ནན་གྱིས་བསྐུལ་བའི་ངོར། །ལྡོག་པར་མ་སྤོབ་གོང་མའི་གསུང་སྒྲོས་བཞིན། །རྫོགས་ཆེན་ཆོས་ལ་སྦྱངས་པའི་ཀུ་སཱ་ལི། །བྱ་བཏང་དྷརྨའི་མིང་དེས་བྲིས་པ་དགེ། །མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་བར་སྨོན། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།


previousཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་།next