Nitartha Digital Library
Tibetan
གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   


 
previousགཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས།next

གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས།

༈ གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས་བཞུགས་སོ། །

བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་དེ་ལ་ཆོས་༼གཟུགས་སྐུ་ལ་རྣམ་པ་གཉིས་ཏེ་སྐུ་གསུམ་ཡོད་ཀྱང་ཐ་དད་གསུམ་ལ་གོ་མི་རུང་། ༽གཟུགས་ཀྱི་སྐུ་གཉིས་ཡོད། དེ་ལ་ཐེག་དམན་གྱི་གནས་སྐབས་རིང་ལམ་དགྲ་བཅོམ་ཙམ་འདོད་ཀྱི་སངས་རྒྱས་མི་འདོད་དོ། །མདོ་ཕར་ཕྱིན་ཐེག་པ་ལས་སྦྱིན་སོགས་སྔ་མ་གསུམ་པོ་གཟུགས་སྐུའི་བསྒྲུབ་གཞི། ཕྱི་མས་ཆོས་སྐུའི་བསྒྲུབ་གཞི་བྱེད་པས་ན་རིང་༼གྲངས་མེད་གསུམ་༽ལམ་རྒྱུའི་ཐེག་པ་དང་། མྱུར་ལམ་སྔགས་ཀྱི་ཐེག་པའི་ཕྱི་རྒྱུད་སྡེ་གསུམ་སོགས་ཀྱི་འཇོག་ཚུལ་རྣམ་དབྱེ་མང་ནའང་དཀའ་གསུངས། འདིར་ནང་རྒྱུད་གསུམ་པོའི་ལམ་གྱི་སྤྱི་ཙམ་ཞིག་ཤེས་དགོས། དེ་ལ་མ་ཧཱ་ཡོ་གས་བསྐྱེད་རིམ་ཐབས་ཀྱི་ཆ་གཟུགས་སྐུའི་བསྒྲུབ་གཞི་བྱེད། རྫོགས་རིམ་ཤེས་རབ་ཀྱི་ཆ་ཆོས་སྐུའི་བསྒྲུབ་གཞི་བྱེད་ནི་རེད་གསུངས། ཚོགས་ལམ་དུ་རྣམ་ཤེས་ཀྱིས་བསྒོམ་པའི་བསྐྱེད་པ་མོས་པའི་ལྷ་སྐུ་གཟུགས་སྐུའི་གཞི་དང་གོ་ཡུལ་གྱི་འོད་གསལ་གྱི་ཐུགས་ཆོས་སྐུའི་བསྒྲུབ་གཞི་བྱེད་པ་དང་། སྦྱོར་ལམ་སྐབས་སྟོང་གཟུགས་ཀྱི་སྣང་བས་གཟུགས་སྐུའི་བསྒྲུབ་གཞི་དང་། འོད་གསལ་ལུགས་འབྱུང་ངམ་ལུགས་ལྡོག་གི་ཚུལ་དུ་ཤར་བས་ཐུགས་ཆོས་སྐུའི་བསྒྲུབ་གཞི་བྱེད། སྒྱུ་འོད་ཟུང་འཇུག་རེད། འཕགས་ལམ་ཡན་ཆོད་དོན་འོད་ཟུང་འཇུག་གི་སྐུ་གཉིས་བསྒྲུབ་གཞི་རེད། ལུང་ཨ་ནུ་ཡོ་གས་ནི་འདི་སྐབས་སྦྱོར་ལམ་དང་ཆ་འདྲ་རེད། རྣམ་དབྱེ་ཞིབ་ཆ་ལོས་ཡོད་རྫོགས་རིམ་ཡིན་པའི་ཕྱིར་རོ། །རྫོགས་ཆེན་ཨ་ཏི་ཡོ་གའི་ལུགས་ལ་ནི་ཆོས་གཟུགས་ཀྱི་སྐུ་གཉིས་སོགས་ད་ལྟ་ནས་དངོས་ལམ་དུ་བྱེད་ཀྱི་ཡོད་ནི་རེད། ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱིས་མངོན་སུམ་དུ་གཏན་ལ་ཕབ་ནས་ཆོས་སྐུ་དངོས་ལམ་དུ་བྱེད་གི་ཡོད་ནི་རེད། ལོངས་སྐུ་ལྷུན་གྲུབ་ཀྱི་སྣང་བ་ཐོད་རྒལ་གྱིས་མངོན་སུམ་དུ་ཞིང་སྐུ་ཕོ་བྲང་གསུམ་པོ་དངོས་གཏན་ལ་ཕབ་ནས་ལོངས་སྐུ་དངོས་ལམ་དུ་བྱས་ནས་ཚེ་གཅིག་གིས་སངས་རྒྱས་འགྲུབ་ནི་རེད་གསུངས། ལམ་འདིའི་ཁྱད་ཆོས་དོན་སྤྱི་མ་ཡིན་དོན་རང་མཚན་དངོས་མངོན་སུམ་རེད། རུ་ཤན་ཞེས་པའི་དོན་རུ་མ་དག་འཁོར་བའི་ཆའམ་རུ་ནི་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་པས་བཞག་པའི་སྣོད་བཅུད་ཡུལ་ཡུལ་ཅན་འདི་དག་ཡིན། དག་པ་མྱང་འདས་ཕྱོགས་ཀྱི་རུའམ་ཆ་ནི་གཞི་རང་བཞིན་གྱི་དཀྱིལ་འཁོར་ཡེ་ནས་དག་པ་རབ་འབྱམས་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཡིན། འདི་པས་སྦྱང་བྱ་མ་དག་པའི་སྣོད་བཅུད་ཡུལ་ཡུལ་ཅན་དང་བཅས་པ། སྦྱངས་གཞི་ཆོས་ཀྱིས་དབྱིངས་རེད། རུ་ཤན་འཇོག་པའི་དུས་ལ་རྣམ་གྲངས་མང་ཡང་རགས་རིམ་ནི་གང་ཟག་སེམས་གནས་ཙམ་དཔེར་ན་འཁྱིལ་ཆུ་ལྟ་བུའི་ཤར་ཆ་བཀག་པའི་ལྷག་མཐོང་མེད་པ་དང་། དེས་འབྲས་རྟགས་ཐུགས་ཡིད་དབྱེར་མེད་བྱས་ནས་གང་ཡང་འཆར་ཀ་བཞག་ན་མི་འཆར་བར་ཧང་སེ་ཡོད་པ་ནི་འཁྱིལ་བ་རེད། དེ་བཤིག་དགོས། ཡང་སེམས་རྒོད་པོ་གནས་ཁ་མི་ཉན་པ་འཁྲུལ་བ་བཤིག་པའི་ཆེད་དང་འཁྲུལ་འབྱམས་གཅོད་པའི་ཕྱིར་ཡང་སྦྱངས་འདི་གཉིས་དགོས་པའི་དབང་རེད། སྔོན་འགྲོའི་ཁྲིད་ཞབས་སུ་དཔལ་སྤྲུལ་རིན་པོ་ཆེ་དང་། འཇམ་དབྱངས་མཁྱེན་བརྩེ། འབྲུག་པ་རིན་པོ་ཆེ་སོགས་བཞག་སྲོལ་ཡོད། དངོས་གཞི་དེ་དུས་གསུངས་སྲོལ་ཡོད་གསུངས། གུ་རུ་རིན་པོ་ཆེས་བོད་ཀྱི་བསྒོམ་བརྩིག་ཤེས་ཀྱང་བཤིག་མི་ཤེས་གསུངས་པ་ལྟར་དྲན་པའི་ལྕགས་མཁར་ཚུགས་པའི་གཏད་ཆེ་ནའང་འདྲ་གསུངས། འཁྱིལ་འབྱམས་གཉིས་གོལ་ས་ངན་པ་རེད་གསུངས། ཞི་ལྷག་ཟུང་དུ་མ་འབྲེལ་ན་བྱ་གཤོག་ཡ་མ་ལྟར་ཐར་ལམ་ཙམ་ཡང་མི་རྙེད་དེ། །མ་གི་ཉན་ཐོས་ནས་ཡ་གི་རྫོགས་ཆེན་གྱི་བར་ལ་ཞི་ལྷག་ལ་ཁྱད་པར་གནམ་ས་ཙམ་འདྲ་འདྲ་ཡོད་ཀྱང་ཟུང་དུ་འཇུག་དགོས་པ་ཁྱད་མེད། དེས་ན་ཅིག་ཤོས་ལ་ལྷག་མཐོང་མེད་ཅིག་ཤོས་འགྱུ་ཆ་ཙམ་ཡོད་ཀྱང་ལྷག་མཐོང་མཚན་ཉིད་པ་མེད་པས་འཇིགས་མེད་གླིང་པས། །ཡིད་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཞེས་དགུ་གཏོར་འཕངས་པ་ལྟར་རོ། །རང་སེམས་རང་ལ་དབང་བ། བཞག་ན་རི་རྒྱལ་ལྟར་འདུག་པ། བཏང་ན་དགེ་བའི་དམིགས་རྣམ་ཀུན་ལ་འཇུག་ནུས་པའི་ལས་རུང་ཁྱད་པར་ཅན་བྱེད་དགོས། སེམས་གནས་ཁ་མི་ཉན་ནིའི་རིགས་ཞི་གནས་བསྒྲུབ་ཚུལ་ལྷ་མི་གཡུལ་འགྱེད་དྭངས་ཕྱིར་ཞི་གནས་བསྒྲུབ་ཚུལ་ཉེར་བཞི། བཅུ་གསུམ། བདུན་དང་ལྔ་སོགས་རྫོགས་ཆེན་རྒྱུད་རྣམས་ན་ཡོད་ཀྱང་། འབྲུག་པ་ཚང་གིས་སེམས་སྐད་ཅིག་ཀྱང་མི་གནས་པའི་རིགས་དེ་ལ་ད་ཕྱིན་ཆད་མ་ཎི་འདོན་ན་མ་གཏོགས་ཅི་བྱེད་རྒྱུ་མེད། ཁོང་དེ་འདྲ་བཞི་ལ་ཐུགཡང་ན་ཚེ་ཐུང་འགྲོ། ཡང་ན་ལོག་འཇོག་གི་གསུང་གི་གསུངས། ཡང་ལྟ་བ་མཉམ་བཞག་དུ་སྐྱོང་ནུས་རུང་སྤྱོད་ལམ་དང་བསྲེ་མ་ཐུབ་ན་རུ་ཤན་སྦྱང་ན་མཉམ་བཞག་སྤྱོད་ལམ་དུ་འཁྱེར་ཐུབ་ནི་རེད། ལྟ་བ་ངོ་འཕྲོད་ཀྱང་གདེངས་དང་ལྡན་མི་ལྡན་ཤན་ཕྱེ་ཚུལ་ནི། སྒོ་གསུམ་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་སད་པའི་ཐུགས་ཡིད་དབྱེར་མེད་ལྟ་བའི་མདོ་མ་ཤོར། བསྒོམ་པའི་ངང་མ་ཤོར། སྤྱོད་པ་ཐོ་ཅོ་རུ་མ་སོང་བར་ཐོལ་བྱུང་དུ་རྟོག་པ་བཟང་ངན་ཐམས་ཅད་སྨྱོན་པ་འུར་ལང་བ་ལྟར་སློང་ལ། སྣང་བ་བདེན་མེད་རིག་པ་རྟེན་མེད་དུ་བཞག་ནས་གང་ཤར་ན་མི་བསྒྱུར། དགོས་དབང་མིན་ན་ཐོལ་སྐྱེས་རྦད་ཆོད། གཉེན་པོས་འབུར་འཇོམས། དྲན་པའི་རྗེས་སླེབ། ཕག་སྣ་གཏུན་བརྡུང་མི་བྱེད་པར་གང་ཤར་ཤར་འཆར་དུ་བཅུགའཆར་བསྡོ་བ་ན་འཇོགའཇོག་བསྡོ་བ་ན་ཤར་བཅུག་གསུངས། ལྟ་བ་གདེངས་དང་ལྡན་ན་སྒོམ་ཆེན་གྱིས་སྒོམ་བཏང་ན་སྒོམ་གྱིས་སྒོམ་ཆེན་མི་གཏོང་བའི་དུས་ཞེས་སྒོམ་གྱིས་སྒོམ་ཆེན་ལ་ཚུར་འཇུ་བའི་དུས་དང་། ཕར་འཇུ་བའི་དུས་ཀྱི་ཁྱད་རྫོགས་ཆེན་སྡེ་བས་གསུངས་པ་ལྟར། ཡང་དག་ལྟ་བས་ཚུར་འདེད་བྱེད་པའི་དུས་སྒོམ་པ་རབ་བཟང་པོའི་གྲས་རེད། གང་ཤར་བའི་རྗེས་སུ་འབྲང་ནས་འཁྲུལ་འགྲོ་ན་དྲན་པས་ཟིན་དགོས་ནི་རེད། དེ་སྡུག་ཐུག་རེད་ཀྱང་མི་བྱེད་ཁ་མེད་ཡིན། འདི་དུས་ཨ་འཐས་དྲན་པས་ཕར་འདེད་བྱེད་དུས་རེད་གསུངས། དེ་ལྟར་སྦྱངས་སྦྱངས་ནས་འཁྲུལ་མ་མྱོང་བ་འདྲ་འདྲ་ཞིག་སྦྱངས་སྟོན་དགོས་ནི་རེད་གསུངས། གྱང་ཁང་ཚང་གིས་ཕྱི་སྣང་བ་མ་སྤང་སྣང་ཐོག་ཏུ་གྲོལ་བ། ནང་འགྱུ་བ་མ་སྤང་འགྱུ་ཐོག་ཏུ་གྲོལ་བ། གསང་བ་རིག་སྟོང་གི་རང་ཚུགས་མ་ཤོར་ན་ཁྲེགས་ཆོད་ཀྱི་འཇོག་སོ་ཡག་པོ་ཡིན་གསུངས་པ་སངས་རྒྱས་ཀྱི་གསུངས་རེད་གསུངས། རུ་ཤན་ཁོ་ནའི་དུས་སུ་སྦྱང་ཤེས་ན་རང་གི་ལྟ་སྒོམ་དེ་ཡང་དག་ཡིན་མིན་གྱི་ཐག་ཆོད་པས་འདི་གལ་ཆེ། གཞན་དམིགས་པ་རེ་འཛིན་རྒྱུ་རེད་འདི་ནི་འཁྲུལ་གཞི་རྩད་གཅོད་ཀྱི་མན་ངག་ངོ་མ་ཡིན་གསུངས། ཐོད་རྒལ་རུ་ཤན་དང་ཁྲེགས་ཆོད་རྩལ་སྦྱོང་ཞེས་སྤྱིར་ཟེར་ཀྱང་། ཕྱིའི་རུ་ཤན་འདི་ནི་ཁྲེགས་ཆོད་ཀྱི་རྩལ་སྦྱོང་ཡང་ཁྱད་པར་ཅན་ཡིན་པར་ཀུན་མཁྱེན་ཆེན་པོས་རང་གྲོལ་སྐོར་གསུམ་ལས། འདི་བཞིན་དུ་དབེན་གནས་གངས་སྟོད། ཕུག་པ་མཚོ་གླིང་མེ་ཏོག་གིས་བརྒྱན་པ། སྐྱེད་མོས་ཚལ་དགོན་གནས་གྲོང་ཁྱེར་དུར་ཁྲོད་སོགས་སུ་འཇིགས་པའི་སེམས་སྤོང་དུར་ཁྲོད་ཉུལ་གསུངས་པ་བཞིན་ནོ། །སྐད་ཅིག་སྐད་ཅིག་ཐུགས་ཡིད་དབྱེར་མེད་བྱས་ན་ཡག་ནི་རེད། སེམས་བསྐྱེད་ཀྱང་སྔགས་བླ་མེད་ཀྱི་སེམས་བསྐྱེད་ལྟར་མི་ཕམ་རིན་པོ་ཆེས་སྔོན་འགྲོའི་སྐབས་སུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །སོགས་བཞག་ཡོད་པ་ལྟར་རེད། དེས་ན་རང་གནས་སྐུ་དང་ཡེ་ཤེས་མངོན་དུ་བྱེད་ཐབས་དང་། བསྔོ་བ་ཡང་འདིར་དགོས་གསུངས། མདོར་ན་ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་སྣང་བ་བདེན་མེད་དུ་ཤེས། རིག་པ་རྟེན་མེད་དམ་གཏད་མེད་དུ་བཏང་། དེའི་ངང་ལ་ཤར་ཀ་འཇོག་དགོས་ནི་རེད་མ་གཏོགས། དེ་གསུམ་མདོ་ཤོར་ན་ཅང་མི་ལོ། ངག་སྦྱོང་སྐབས་རྒྱས་གདབ་ཀྱིས་ཏིང་ངེ་འཛིན་བརྟན་པར་བྱེད། ཕྱི་སྣོད་ཧཱུྃ་གི་ཞིང་དེ་འོད་གསལ་གྱི་ཞིང་དུ་བློ་བཞག ། བདེན་ཞེན་གོམ་པས་སྣང་འདུག་ནའང་དོན་ལ་ནི་འོད་གསལ་གྱི་ཞིང་ཡིན་ནི་རེད་གསུངས། འདི་ཡིས་ལྷག་མཐོང་འདྲེན་སྟོབས་ཆེ་ནི་རེད། ལྷ་འདྲེ་དང་བར་དོའི་སེམས་ཅན་རྣམས་ལ་ཧཱུྃ་ཡེ་ཤེས་ཀྱི་མེས་ཕན་ཐོགས་ཡོད་ནི་རེད་གསུངས། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ་ཡང་ཧཱུྃ་དྲག་ལ་ངར་ཐུང་བརྗོད་པས་འབྱུང་བཞི་ངོ་ཤེས་སོགས་གསུངས། རྩལ་སྦྱོང་སྐབས་ཡེ་ཤེས་ཀྱི་མེས་བསྲེགས་གསུངས་པ་དེ་སེམས་ཅན་བསད། སྣོད་རི་ར་བ་ཁང་ཁྱིམ་བཤིག་ཟེར་བ་མ་རེད། །མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བས་བཞག་པའི་མེད་ལ་ཡོད་པར་བཟུང་བའི་སྟོང་གཟུགས་མེད་སྣང་ཉག་གཅིགདཔེར་ན་དུང་སེར་སྣང་ལྟ་བུའི་སྣོད་བཅུད་མ་དག་པའི་ཆ་འདི་སྦྱངས་ནི་རེད་མ་གཏོགས་གཏན་མེད་དུ་གོ་མི་རུང་ཆད་ལྟ་མི་ཟད་པ་རེད། དགེ་རྩ་ཆད་འགྲོ་ནི་རེད་གསུངས། གསང་སྙིང་གི་དག་མཉམ་དང་རྫོགས་ཆེན་གྱི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་འདི་ལྟར་ཤེས་ཡོང་དགོས་ནི་རེད། སྒྱུ་མའི་རྣལ་འབྱོར་ཧཱུྃ་གི་རྒྱང་གླུ་ཅན། །སྒྱུ་མའི་ཡུལ་གྱི་གྲོང་ཁྱེར་སྒྱུ་མས་བཤིག ། ཅེས་དང་། འདི་རྩལ་སྦྱངས་ཡང་ཡིན་ཏེ། རྣམ་རྟོག་འདེད་པ་ཧཱུྃ་དང་གཏོར་བ་ཕཊ་ཅེས། གཟུང་འཛིན་བྱུང་ན་ཕཊ་གྱིས་གཏོར། །ཐུག་ཕྲད་ཤེས་པ་དེ་རུ་འཆར། །གསུངས། ཕྱི་སྣང་བ་འོད་གསལ་གྱི་ཞིང་ནང་རིག་པ་འོད་ཀྱི་ལུས་ཅན་ཡིན་ནི་རེད། ཆོས་ཉིད་བར་དོའི་སྐབས་འོད་ཡུལ་བདག་ཏུ་བཟུང་། རིག་པའི་རང་འོད་ངོ་མ་ཤེས་པས་འཁྲུལ་གཞིར་འགྱུར་ཚུལ་སོགས་གསུངས། སྔོན་ཞབས་དྲུང་རིན་པོ་ཆེ་འོ་ཡུག་གི་མཐིལ་རམ་ལྡིང་མ་དགོན་དུ་ཕེབས་སྐབས་འདི་སྣང་གི་སྣང་བ་འགག་པའམ་དབྱིངས་སུ་ནུབ་ནས་སྣོད་བཅུད་འོད་གསལ་དག་པའི་ཞིང་དུ་གྱུར། རིག་པ་འོད་ཀྱི་ཁང་པ་ན་བཞུགས་ཡོད་པར་གསུངས་པ་ལྟར་ཡིན་ནི་རེད་གསུངས། འདི་ལ་ནི་ཤིན་ཏུ་གོ་རྒྱུ་ཆེ་བརྗེད་མི་ཉན་བཀའ་དྲིན་ཅན་མཁྱེན། འདི་སྐོར་སྣང་བ་བདེན་མེད་དུ་ཤེས་རྒྱུ་འགགས་དོན་ངོ་མ་རེད། མཉེན་བཙལ་ནི་དཔེར་ན་བཤེས་གཉེན་བཟང་པོར་བླ་མ་དགེ་བའི་བཤེས་གཉེན་བཟང་པོ་ཀུན་རྟེན་འདུག་ས་ལྟ་བུ་ཡིན་འདི་མེད་ན་སེམས་གནས་ཁ་མི་ཉན་ནི་རེད། ཏིང་ངེ་འཛིན་གནས་པའམ་བརྟན་པར་བྱེད་ནི་ཡིན། ལངས་སྟབས་ནི་ཕྲེང་བའམ་ཐག་པ་ལྟ་བུ་གང་ཡིན་ཀྱང་ཨོ་རེད་གསུངས། དམིགས་རྟེན་རི་དང་ནགས་རྩྭ་ཐུར་སོགས་གང་དམིགས་རྟེན་བཞག་ཀྱང་ཆོག་གསུངས། སྒྱུ་མའི་རྣལ་འབྱོར་ཧཱུྃ་གི་རྒྱང་གླུ་ཅན། །སྒྱུ་མའི་ཡུལ་ལ་བག་ཡངས་སྣ་ཚོགས་སྤྱོད། །ཅེས་སོ། །ལམ་ཞུགས་སྐབས། ལྔ་བརྒྱ་དག་ན་གྲོལ་བའོ། །ཞེས་པ་ཤར་སོགས་བཞི་ལ་ལོ་བརྒྱ་དང་༼འདི་ལ་གནད་ཆེ་བས་དཀྲུགས་མི་ཉན་གསུངས། ༽ཉེར་ལྔ་རེ་དང་དབུས་ཕྱོགས་ཁྲོ་བོའི་ཞིང་མཐོང་བ་དང་མཉམ་དུ་ཤེས་སྒྲིག་ལྷག་རོལ་བཅོམ་ནས་འཚང་རྒྱ་རན་པས་དེར་ལོ་རྩི་དགོས། འདིས་ཞིང་ཁམས་ལྔ་པོ་སྔ་འགྱུར་རྙིང་མའི་སྔགས་བླ་མེད་ཀྱི་ཐུན་མོངས་མ་ཡིན་པའི་ཞིང་རེད་གསུངས། ཐུན་མོངས་བ་ཕྱེད་སྤྲུལ་ལོངས་སྐུ་རེད། དེ་དང་མི་འདྲ་སྟེ་འདི་ནི་གཞིའི་གདངས་ཤར་བའི་ཆ་ལ་འཇོག་དགོས་པས་དོན་ལ་ཞིང་ལྔར་འཕང་ན་དག་མཉམ་གྱི་སྟེང་དུ་བཞག་ན་རིག་ཐོག་ཏུ་བཞག་རུང་འདྲ་བར་གོ །ད་ལྟ་ནས་དེ་ལྟར་གཞི་ལ་སྦྱངས་པའམ་བཞུགས་ཚུལ་མངོན་དུ་བྱེད་ཀྱི་ཡོད་ནི་གོ་དགོས་གསུངས། ཚེ་འདིར་མ་གྲོལ་ན་ཞིང་ལྔའམ་བླ་རྣམ་སྐབས་ཀྱི་ས་སྤྱོད་ཟངས་མདོག་དཔལ་རི་གང་རུང་དུ་འཕོས་ནས་ལམ་ལྷག་མ་བགྲོད་ནས་སངས་རྒྱས་དགོས། རི་མོ་སྲིན་འགྲོས་ཡོད་མེད་ཀུན་ཡོད་གསུངས་པ་ལྟར་གྱིས་གསུངས། རྒྱང་རིང་པོའི་རྩིས་ཟད་མཚམས་ནི་དངོས་སུ་མཐོང་སྣང་ཟད་མཚམས་ཉི་རྩེའི་ཟད་མཚམས་དང་། དམྱལ་བའི་ཟད་མཚམས་གང་ལྟར་ཡང་རུང་གསུངས། སྔར་ཕྱིན་པའི་ཡུལ་ད་ལྟའི་སྐྱེ་བ་འདིར་མ་གཏོགས་སྐྱེ་བ་གཞན་མི་ཤེས་སོ། །རྗེས་ལོགས་སུ་དེ་འདྲ་ཞིག་ལ་ཐོན་པའི་མོས་པ་འཛིན་དགོས་ནི་རེད། མཐའ་མེད་པ་ཧཱུྃ་གཅིག་པུའི་ཞེས་པ་ཞིང་ཏུ་འཕོས་ན་རིག་ཐོག་ཏུ་བཞག་ན་དག་མཉམ་གི་ངང་དུ་བཞག་ན་དེ་མོ་ཞིག་རེད་གསུངས། རི་མོ་སྲིན་འགྲོས་ལྟ་བུའི་དམིགས་པ་དང་ཧཱུྃ་ཁྲུ་གང་བ་ཡེ་ཤེས་ལྔའི་རང་འོད་དང་བཅས་པ་གཞན་དོན་གཟུགས་སྐུ་དང་རང་དོན་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་གྱི་དམིགས་པ་སོགས་འོད་གསལ་གྱི་རྩལ་ཤེས་རབ་ཀྱི་ངང་ལ་ཤར་དགོས་ནི་རེད། དེ་ཐམས་ཅད་བདེན་མེད་ཀྱིས་ཟིན་ན་ལྷག་མཐོང་མཚན་ཉིད་པ་རེད་ཀྱང་ལྷག་མཐོང་དུ་འཇོག་དགོས། ཤར་ན་འོད་གསལ་གྱི་ངང་ནས་ཤར། གནས་ན་འོད་གསལ་གྱི་ངང་དུ་གནས། འཕྲོ་ན་འོད་གསལ་གྱི་ཞིང་དུ་འཕྲོ། ཐམས་ཅད་འོད་གསལ་གྱི་ཞིང་དུ་ཤེས་ནས་སྦྱངས་དགོས་གསུངས། ༈ སེམས་སྦྱོང་སྐབས་ཁྲེགས་ཆོད་ཀྱིི་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ་ཡིན། དེ་ལ་རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟགས་པ་དང་གསུམ། དང་པོ་རྩད་བཅད་པ་ནི། འཁོར་བ་ཡ་མཐའ་ཐུག་མེད་ནས་སྐྱེ་ན་འདི་དང་འདི་ནས་ཕྱི་མར་འཁོར་བའི་བདག་འཁོར་བ་འདིར་ཁྱིས་དེད་པ་ལྟར་འདེད་མཁན་དང་ཉ་ལྕགས་ཀྱུས་ཁྲིད་པ་ལྟར་ཁྲིད་མཁན་ཨི་ཡོད། བརྟགས་ན་ཅུང་ཟད་ཀྱང་མེད་པར་རང་ཉིད་འཁྱམས་ནི་རེད། འཁོར་བའི་གནས་མ་རིག་བདེན་འཛིན་གྱིས་དྲང་བའི་དུས་གསུམ་ཡིད་ཀྱི་འཁྲུལ་བའི་སྣང་བ་སྲིད་པའི་རྩེ་མོ་ནས་མནར་མེད་བར་གྱི་སྣོད་བཅུད་འདི་དང་འཁོར་བ་པོ་ལ་ལུས་ངག་ཡིད་གསུམ་ཞིག་ཡོད་ནི་རེད། དེ་གསུམ་གྱི་གཙོ་གང་ཆེ་འཁོར་རྩ་གང་ཡིན་ན། སྨད་ཕྱོགས་ཀྱི་དཔལ་ཡུལ་བས་ཟེར་བ་ལྟར་ཁོས་ཅིག་བསམ་གི་འདུག་ཕྱིར་སེམས་གཙོ་ཆེ་ཟེར་བ་ཙམ་གྱིས་མི་འོང་གི་ལུས་ངག་མེད་ན་སེམས་ཡོད་དུ་ཆུག་ཀྱང་སྨྲ་བརྗོད་གང་ཡང་མི་ཤེས། གལ་ཏེ་སེམས་མེད་ན་ལུས་ཡོད་ཀྱང་རོ་ཡིན་པས་དང་། གཟུགས་ཕུང་ལྟ་བུའི་བྱེ་བྲག་མིག་དབང་དང་རྣ་བ་མེད་ན་མཐོང་ཐོས་གང་ཡང་མེད་པས་ཐོག་མར་བླང་དོར་གྱི་ཚུལ་མི་ཤེས། བར་དུ་སྤང་བླང་བྱེད་རྒྱུ་མེད་པས་མཐར་འབྲས་བུ་ཐོབ་རྒྱུ་མེད་ནི་རེད། དེ་འདྲའི་ཚུལ་ལ་བརྟགས་ན་གཙོ་གང་ཆེ་རྗེན་པ་རེད། ད་མདོ་སྔགས་གང་ནའང་སེམས་གཙོ་ཚུལ་གསུངས་ཡོད་པས། དེ་ལྟར་ཤེས་དགོས། སེམས་དེ་ཡང་རང་དབང་བར་འཁོར་མི་སྲིད་པས་ལས་འཇོག་ཤེས་དགོས། ལས་དགེ་མི་དགེ་མི་གཡོ་བ་གསུམ་རྒྱུ་འབྲས་འབྲེལ་མར་གནས་པའི་ལས་ཀྱི་དབང་གིས་འཁོར་བ་གྲུབ་པས་ལས་ཀྱིས་འཁོར་བར་འཕེན། ལས་ཀྱིས་འཁོར་བར་ཁྲིད་པར་བྱེད་པས། ལས་ནི་རི་མོ་མཁན་དང་འདྲ། །ཞེས་གསུངས་པ་ལྟར་ལས་འཇོག་མ་ཤེས་ན་རྒྱུ་འབྲས་ཤ་ཚ་མར་༼ཕྱེད་ཀ་མའི་དོན་༽ལོག་འགྲོ་ནི་རེད། འཁོར་བར་འཕེན་པའི་ལས་དེ་དག་གི་རྩ་བ་མ་རིག་པ་ལ་ཐུགདེས་མེད་ལ་ཡོད་པར་བཟུང་ནས་ཆགས་སྡང་གི་དབང་གི་ལས་བསགས། ལས་ཀྱིས་སྲིད་པ་སོ་སོའི་ལུས་ངག་འགྲུབ་ནི་རེད། མར་མ་དག་འཁོར་བའི་གནས་ན་ལུས་ངག་ཡིད་གསུམ་པོ་ཅན་མ་གཏོགས་ཡིད་རྐྱང་པ་ཅན་མི་སྲིད། ཡར་དག་པ་སྐུ་གསུམ་གྱི་ཞིང་ན་སྐུ་གསུང་ཐུགས་གསུམ་མེད་ནིའི་ཐུགས་རྐྱང་པ་ཅན་མི་སྲིད་ཀྱང་། མ་དག་པའི་སྐབས་ལུས་ངག་གཉིས་ནི་སྐྱེ་འཆིའི་དབང་གིས་འདོར་ལེན་བྱེད་ནི་རེད། ཇི་སྲིད་གཉིས་སྣང་དབྱིངས་སུ་མ་ནུབ་བར་སེམས་སྐད་ཅིག་མའི་རྒྱུན་མི་འདོར་བར་འབྱུང་བ་ཡིན་ཀྱང་། འཁོར་བ་པོ་སེམས་རྒྱུན་ལ་འཇོག་མ་ཤེས་པར་ད་ལྟའི་སེམས་སྐད་ཅིག་མ་འདི་ལ་གོ་རུང་ངམ། གལ་ཏེ་གོ་ན་རྟག་དངོས་ཞིག་ཁས་བླངས་པས་དེ་ནི་མ་རུང་བ་བསྟན་པ་རྨིང་ནས་བཤིག་པའི་ལོག་རྟོག་ཞིག་གོ །འཁྲུལ་སྣང་དབྱིངས་སུ་མ་ནུབ་བར་དུ་ལས་ཀྱི་དབང་གིས་འགྲོ་དྲུག་གི་སྣང་བ་སྣ་ཚོགས་ལ་ལོངས་སྤྱོད་ཚུལ་དཔེར་ན་ཆུ་གཅིག་ལའང་མཐོང་ཚུལ་མི་འདྲ་བ་དྲུག་སོགས་ལྟར་རོ། །འཁོར་རྩ་སེམས་གཙོ་ཆེ་བ་སེམས་ལས་བྱེ་བྲག་མ་རིག་པ་གཙོ་ཆེ་གསུངས། དེ་འདྲའི་སེམས་དེ་ཡང་གདོད་མའི་རིག་གདངས་ཀྱི་ངང་ལས་ཤར་བ་ལས་རླུང་ཕྲ་བར་ཐུག་ཚུལ་མགོ་ནས་གསལ། ཐེག་དམན་པས་ཁམས་གོང་མར་ལུས་མེད་པར་འདོད་ཀྱང་། ཐེག་ཆེན་གྱིས་ཏིང་འཛིན་ཡིད་རིག་གི་ལུས་ཡོད་པར་སྒྲུབ། རྡུལ་གྲུབ་མ་རེད། གཟུགས་ཁམས་འོད་ལུས་རྡུལ་གྲུབ་རེད། དཔེར་ན་སྣང་བ་མུན་པ་ལྟ་བུའོ། །བར་དོར་ཡིད་ལུས། རྨི་ལམ་བག་ཆགས་ཀྱི་ལུས། འདོད་ཁམས་པ་ལུས་རགས་པ་རྡུལ་གྲུབ་པ་ཡིན་པ་རྟོགས་སླ། དེས་ན་འཁྲུལ་པ་རང་དགར་མི་ལྡོག་པས་རྩ་བ་བདག་འཛིན་སྤང་དགོས་ནི་རེད། དཔེར་ན་སྒྱུ་མ་མཁན་མེད་ཚེ་སྒྱུ་མའི་སྣང་བ་རང་ལོག་པ་ལྟར་སེམས་གྲོལ་ན་དེས་བཞག་པའི་བག་ཆགས་ཡུལ་ཡུལ་ཅན་དང་བཅས་པའི་འཁྲུལ་སྣང་ཐམས་ཅད་དུང་སེར་སྣང་དང་ནམ་མཁའི་སྐྲ་ཤད་ལྟ་བུ་རང་ལྡོག་ལ་འགྲོ་བས་གཉེན་པོ་གཞན་མི་དགོས་ཏེ་གྲོལ་ནའང་སེམས་གྲོལ། འཁྲུལ་ནའང་སེམས་འཁྲུལ་བའི་ཕྱིར་རོ། །ལུས་འཁྲུལ་ནས་སེམས་དང་ངག་གྲུབ་པ་མིན། ངག་འཁྲུལ་ནས་ལུས་སེམས་གྲུབ་པ་མིན། སེམས་འཁྲུལ་བའི་སྟོབས་ཀྱིས་ལུས་ངག་གྲུབ་ནི་རེད། དེ་ལྟར་སེམས་གཙོ་ཚུལ་དང་འཁོར་རྩ་ངོས་ཟིན་ན་སྡུག་ཐུག་མ་རེད། སྔགས་བླ་མེད་ཀྱིས་འཁོར་རྩ་ལས་རླུང་ཕྲ་བ་འཇོག་ནི་རེད། འགྲོ་བ་སྲོག་གི་བསྡུས་ཚད་འཆི་ཐང་ཇི་སྙེད་པའི་གྲངས་ལ་སྔ་མའི་རླུང་སེམས་མཐའ་དག་བསྡུས། ཕྱི་མའི་རླུང་སེམས་མ་མཆེད་པའི་བར་དེར་འཆི་སྲིད་ཆོས་སྐུའི་འོད་གསལ་དངོས་འཆར་ནི་རེད། ཤར་བ་འོད་གསལ་དངོས་རྐྱང་རྐྱང་རེད་དེ་ངོ་མ་ཤེས་པའི་ཆ་ནས་གང་ཟག་དེའི་ངོར་ལུང་མ་བསྟན་ལ་གྱུར་ཡོད་ནི་རེད། དེར་མ་ཟད་སྐྱེས་བུ་ཁམས་དར་མ་ཞིག་གཉིད་ཚེ་ཅི་ཡང་མི་གོ་བ་དེ་ཤར་བ་གཞིའི་འོད་གསལ་ཡིན་ཀྱང་ངོ་ཤེས་ནི་མ་རེད། མ་ཤེས་པའི་ཆ་ནས་ལུང་མ་བསྟན་ཟེར། ཁོས་རྟོགས་ཡོད་ངོ་འཕྲོད་ཡོད་ཟེར་ནི་ཚོས་གོ་དགོས་ནི་རེད། སྔོན་གྱི་རྟོགས་ལྡན་ཚོ་ལ་ནི་གོ་རྒྱུ་ཞིག་ཡོད། དེ་ལྟ་བུའི་འཆི་སྲིད་ཆོས་སྐུའི་ངང་ལ་ཡུན་རིང་ཐུང་ཅི་ཙམ་གནས་ཀྱང་མཐར་རླུང་ཕྲ་མོ་ཞིག་གཡོ། འོད་གསལ་གྱི་གདངས་ཤར་བ་ཉིད་ཡར་འགྲོ་ལ་ཡེ་རླུང་མར་འགྲོ་ལ་ལས་རླུང་རེད། རིག་གདངས་མི་འཕྱེ་བོ་ལྟ་བུ། རླུང་རྟ་རྒོད་ལོང་བ་ལྟ་བུ་དེ་གཉིས་འདྲེས་པར་གྱུར་པ་ན་སེམས་རྟོག་ཏུ་གྱུར་འགྲོ་ནི་རེད། དེ་ནས་སྐད་ཅིག་མ་གསུམ་སོགས་མང་པོའི་མཐའ་ན་རྐྱེན་དང་འཕྲད་པས། འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་སོགས་པའི་རྐྱེན་དང་ཕྲད་ཚེ་ལུས་ངག་གློ་བུར་གྲུབ་པར་སྣང་བས་ངའོ་སྙམ་དུ་བཟུང་ནས་འཇིགས་སྐྲག་གི་སྣང་བ་བྱུང་ནས་རང་སྣང་ལ་གཞན་དུ་བཟུང་བའི་འཁྲུལ་བ་འབྱུང་བས་སེམས་གཙོ་ཚུལ་ཤེས་ན་ཡག་ནི་རེད། འཆི་སྲིད་ཆོས་སྐུའི་འོད་གསལ་དེ་འཁོར་འདས་གཉིས་ཀ་མ་བྱུང་བའི་ཐོག་མ་འཁོར་འདས་གྱེས་མདོའམ་འཁོར་འདས་གཉིས་ཀྱི་སྤྱི་གཞི་ཡིན་ཏེ། གཞི་རང་ངོ་ཤེས་ནས་ཁྱད་ཆོས་དྲུག་གིས་བྱེ་བྲག་ཕྱེད་ནས་གདོད་མའི་ནང་དབྱིངས་སུ་སངས་རྒྱས་ནི་ཡང་མ་རེད། རྒྱུ་གསུམ་རྐྱེན་བཞིའི་དབང་གིས་འཁོར་བར་འཁྲུལ་ནས་ལས་བསག་གི་ཡོད་ནི་མ་རེད། འཁྲུལ་སྣང་གློ་བུར་བ་མེད་སྣང་སྟོང་གཟུགས་ཉག་གཅིག་འདི་ཐོག་མཐའ་གཉིས་ན་མེད་ཟེར་བའི་ཐོག་མ་གཞི་འདི་གོ་དགོས་གསུངས། རྫོགས་ཆེན་གྱིས་གནས་སྣང་ཕྱེ་ནི་མ་རེད། ཆོས་ཉིད་དོན་དམ་པའི་དབང་དུ་ན་ད་ལྟའི་སྣང་བ་འདི་དག་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ། ཐ་སྙད་སྣང་ཚུལ་གྱི་དབང་དུ་ན་ཡུལ་ཡུལ་ཅན་འདི་དག་སྣང་སྟོང་ཟུང་འཇུག་གི་རང་བཞིན་ཡིན་པ་ནི་འཆར་གཞི་དབྱིངས་ཡེ་ཟུང་འཇུག་གི་ཀློང་ལས་ཤར་བའི་ཕྱིར་རོ། །འདི་ཐོག་མཐའ་གཉིས་ན་མེད་ནི་བོ་ཤེས་རྒྱུ་གལ་ཆེ། དེའང་དག་མཉམ་ལ་ངེས་པ་འདྲོང་དགོས། རྣམ་ཤེས་ཚོགས་བརྒྱད་སོགས་འོད་གསལ་མིན་ཀྱང་དེས་རྩལ་ཤར་བ་ཡིན་པའི་འབྲས་རྟགས་སྣང་ཆ་བློ་རིག་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་ཡུལ་གྱི་རྣམ་པ་གསལ་བའི་ཆའམ་རིག་པའི་ཆ་སྣང་བ། ངོ་བོ་སྟོང་པའི་ཆ་ཟུང་འཇུག་གི་ཆ་ཡོད་པས་དེ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་གཏན་ལ་ཕེབས་ན་སྔོན་འགྲོའི་སྐབས་དེ་ལས་དཔྱད་མི་དགོས། དེ་ལྟར་ཤེས་ནི་ཞིག་ཡིན་ན་མཉམ་བཞག་རྗེས་ཐོབ་ཐམས་ཅད་དུ་ཟུང་འཇུག་ལ་བུན་བུན་ཤིག་ཤིག་གིས་ཤར་ནི་རེད། སྤྱིར་ཤེས་པ་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་འགག་བྱེད་པས་རྗེས་མཐུད་མི་དགོས་ན་སྣང་ཤེས་འབྲེལ་ཐག་ཆད་པས་བག་ཆགས་བསོག་ལོང་མེད་པར་རིག་སྟོང་གི་ཀློང་དུ་གྲོལ་གི་ཡོད་ནི་རེད། དེ་ནི་ཟག་མེད་ཀྱི་ལས་རེད། རྒྱུ་འབྲས་འབྲེལ་བར་འབྱུང་བའི་དགེ་མི་དགེ་ཟ་བྱེད་རང་སོགས་དེ་འདྲའི་དུས་སུ། གཟུང་བ་རྣམ་པར་དག་པ་ཆོས་ཀྱི་དབྱིངས། འཛིན་པ་རྣམ་པར་དག་པ་འོད་གསལ་གྱི་ཕྱོགས་སུ་འགྲོ་གི་ཡོད་ནི་རེད། ཤེས་སྒྲིབ་རགས་པ་སྤང་གི་ཡོད་ནི་རེད། རྒྱལ་ཚབ་བྱམས་མགོན་ས་བཅུའི་རྒྱུན་མཐའ་བ་དེས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། གསུངས་པ་ལྟར་རོ། །དེ་ལྟར་ཟུང་འཇུག་ངེས་པའི་ངོར་བཞག་ན་དབུ་མ་ལས་ཁྱད་གཞིའི་སྟེང་གི་ཁྱད་ཆོས་ངོ་བོའི་དབྱིངས་ལ་ཤར་ཆ་འགག་མེད་ཞིག་འཆར་བས་ཤར་གྲོལ་གྱི་མགོ་དེ་ནས་རྩོམ་གསུངས། གཞིའི་ངོ་ཤེས་ན་ཤེས་སྒྲིབ་ལྷག་རོལ་བཅོམ་པའམ་ཡེ་ཤེས་ཆེན་པོས་རང་འགྲིབ་ཞེས་གསུངས།

མཚང་བཙལ་ལ་གཅིག་དུ་བྲལ་ཞེས་མི་འཇོག་ཀྱང་དོན་གྱི་བྱེད་པའམ་གནད་ཚང་ནི་རེད། འཁོར་རྩ་ལུས་གཅིག་ཐ་དད་དང་། ངག་དང་གཅིག་ཐ་དད། ལུས་དང་གཅིག་ཐ་དད་གང་ཡིན་དང་། དུས་ཀྱི་དབང་དུ་བྱས་ནས་གཅིག་ཐ་དད་བརྟགས་ན་མི་སྟོང་བ་མེད་པའམ་མི་འགྲུབ་ནི་རེད།

རྣལ་དབབ་ལུས་ངག་འཁྲུགས་པ་རྣམ་སོར་ཆུད་དགོས་པས་རང་གི་ཁམས་དང་མཐུན་པར་ཙོག་པུར་གཡས་གཡོན་གན་རྐྱལ་ཁ་སྦུབ་སོགས་གང་རུང་གི་སྒོ་ནས། ལས་ཟིན་གྱི་སྐྱེས་བུ་དུར་ཁྲོད་ཀྱི་རོ་ལྟར་སྨྲ་བརྗོད་དྲན་བསམ་དང་བྲལ་བར་རིག་ཐོག་ཏུའམ་གཤིས་ཐོག་ཏུ་འཇོག་པ་ཡིན།

སོར་གཞུག་སྐབས་ལང་འདུག་གི་ཁྱད་ཙམ་དང་། ལྟ་སྟངས་ཐ་མའི་དུས་སོགས་ལྟ་བའི་གདངས་མ་ཤོར། སྒོམ་པའི་ངང་མ་ཤོར་བས་མཆོངས་རྒྱུག་རྒོད་སེམས་འདུ་འཕྲོ་སྣ་ཚོགས་བྱས་ནས་རྩལ་སྦྱངས་ཀྱང་རང་བབས་ཀྱ ི་བསམ་གཏན་ལ་གསུངས། ཆོས་སྐུ་དགོངས་བརྒྱུད་དང་། རྡོ་རྗེ་འཆང་གིས་ཐུན་མོང་སྤྲུལ་པའི་ངོར་རྡོ་རྗེ་སེམས་དཔའ་སྣང་བར་བྱིན་གྱིས་བརླབས་པ་སོགས་དང་ལུགས་གཞན་ན་དགའ་རབ་རྡོ་རྗེས་སྡེ་སྣོད་གསུམ་ནས་རྒྱུད་སྡེ་མཐའ་དག་ཞུས་ཚུལ་བཞག་ཀྱང་འདིར་རྫོགས་ཆེན་དགོས་བཀལ་ཡིན་ཕྱིར་མི་འགལ་ལོ། །སེམས་སྡེའི་ཕྱོགས་ལ་རྒྱས་པར་ན་ཞིབ་ཆ་མང་ནའང་བསྡུས་ན་གང་སྣང་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་རྩལ་རོལ་པ་གསུམ་ལ་འདུ་ནི་རེད། མ་དག་པའི་དུས་སྣང་བ་སྣོད་བཅུད་གཉིས་སེམས་འཁྲུལ་སྣང་གི་བག་ཆགས་སད་པའི་སྣང་བ་རེད། ས་རྡོ་སོགས་དངོས་སུ་སེམས་ཡིན་ཟེར་ནི་མ་རེད་ཁྱད་ཕྱེ་དགོས། དག་པའི་ཡེ་ཤེས་ཉག་གཅིག་གི་སྣང་བ་ཞིང་གཞལ་ཡས་ཁང་སྟོན་འཁོར་དང་བཅས་པ་སྣང་ནི་རེད། དེས་ན་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་དུ་གཏན་ལ་འབེབས་པ་ཡིན་ཀྱང་དབྱིངས་མི་འདོད་པ་ནི་མ་ཡིན་ཏེ་ཡེ་ཤེས་རྩལ་འདོན་ཙམ་ཡིན་པའི་ཕྱིར་རོ། །ཀློང་སྡེ་སྣོད་བཅུད་དག་མ་དག་ཇི་སྙེད་སྣང་བ་ཐམས་ཅད་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ལས་མ་འདས་པས་གང་སྣང་བའི་ཆོས་ཐམས་ཅད་མི་སྟོང་པ་ཞིག་སྐྲའི་རྩེ་མོ་ལན་བརྒྱར་གཤགས་པ་ཙམ་ཡང་མེད་པས་དབྱིངས་ཀྱི་རྒྱན་དང་ཆོ་འཕྲུལ་སོགས་གསུངས། འདི་པས་ཡེ་ཤེས་མི་འདོད་པ་མིན་ཀྱང་གཙོ་བོ་དབྱིངས་རྩལ་འདོན་ཙམ་ཡིན་པའི་ཕྱིར་རོ། །སེམས་སྡེ་ཕྱོགས་ནས། ཐམས་ཅད་ལ་ཡེ་ཤེས་ཀྱིས་རྒྱས་འདེབས་བྱེད་ནི་རེད། རྣམ་རྟོག་གི་ངོ་ལྟ་ཀློད་མ་བཅོས་པར་བཞག་པ་སོགས་འགྱུ་ལོག་གཉིས་གསུམ་རེ་མ་བྱས་པར་གནད་ཐོག་ཏུ་མི་ཕེབས་པས། རིག་ཆ་ཙམ་ངོ་ཟིན་ནའང་ད་དུང་འོད་གསལ་ཕྱོགས་ལ་གོམ་པ་འདེགས་འཇོག་ཙམ་ཡང་ཕྱིན་ནི་མ་རེད། ཀློང་སྡེ་ཕྱོགས་ནས་དབྱིངས་ལ་གཏོད་ནི་རེད། རྣམ་རྟོག་མེད་སོང་བའི་སྟོང་སང་གི་རྣམ་པ་ཅན་དེ་ལ་འཇོག་པ་དང་བལྟ་རྒྱུ་མེད། བརྟགས་རྒྱུ་མེད། དབྱིངས་ཀྱི་རང་བཞིན་ལས་མ་འདས་པས་ཤར་ཤར་མེད་འགྲོ་ཟེར་བ་སོགས་ཕྱོགས་གཅིག་ཏུ་སོང་བས་འོད་གསལ་གྱི་ཕྱོགས་ལ་གོམ་པའི་འདེགས་འཇོག་ཙམ་ཡང་མ་བྱས་ནི་རེད། འདི་གཉིས་ལ་རབ་གནད་རེ་ཤེས་ན་རྫོགས་ཆེན་སེམས་ཀློང་གི་ལྟ་སྒོམ་ཏུ་འགྲོ་ཞིང་། མ་ཤེས་ན་སྡུག་ན་རྟག་ཆད་དང་བསམ་གཟུགས་གང་རུང་ཏུ་གོལ་ས་རེད། གནད་ནི་རིག་པ་དང་ངོ་བོ་དབྱིངས་གཉིས་ལ་གོ་དགོས། མན་ངག་སྡེའི་ལུགས་ལ་འདི་གཉིས་གོལ་ས་རེད། འདུས་མདོར་འགྲོ་མ་ཐུབ་པའི་ཕྱིར་རོ། །ཉག་བླས་ཕར་འོད་གསལ་གྱི་ཐོག་ཏུ་མི་འགྲོ་བར་འོད་གསལ་ལ་རྒྱབ་འཁོར་ནས་སུ་ཟུར་དེས་མགོ་འཁོར་འགྲོ་ནི་རེད། མན་ངག་སྡེ་ནི་རིག་སྟོང་ཟུང་འཇུག་ཏུ་གཏན་ལ་ཕབ་ནས་དེའི་ངོ་བོ་སྐྱོང་བ་ཡིན་ལ། སྤྱིར་སྔ་འགྱུར་རྙིང་མའི་མདོ་ནས་འོད་གསལ་རྫོགས་ཆེན་བར་ཟུང་འཇུག་རེད། ཟབ་རྒྱ་ཆེ་ཀླུ་ཐོགས་རྣམ་གཉིས་ཀྱི་དགོངས་པ་ཟུང་འཇུག་ཉིས་ཁུག་རེད། དགེ་ཕྱོགས་གཞན་མས་ཕལ་ཆེར་དྲང་དོན་འདོད་གསུངས། རྫོགས་ཆེན་སེམས་ཕྱོགས་པ་ཡིན་ནས་བཟུང་སེམས་ནི་རྣམ་ཤེས་ཚོགས་བརྒྱད་དུ་འདུ་སྟེ། འཁོར་སེམས་རང་རང་ལ་བསྡུ་ལ་དེ་དག་གི་འཆར་གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་ལ། རྫོགས་ཆེན་གྱི་རྒྱུད་ལ་ལ་ན་སེམས་ལ་བྱུང་གནས་འགྲོ་གསུམ་ཡོད་ཚུལ་གསུངས་པ་ལྟར་རོ། །མི་ཕམ་རིན་པོ་ཆེས་བཀའ་བརྒྱུད། བཀའ་གདམས། ས་སྐྱ། ཞི་བྱེད་རྣམས་སེམས་སྡེའི་ཕྱོགས་རེ་ཡིན་པར་གསུངས། དབང་ལས་སྐྱེས་པའི་ཡེ་ཤེས་ནི། །གསུངས་པ་དང་། ཞི་བྱེད་པས། གཅིག་པུ་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་ལ་ཕུད་པ་ཡིན། །མང་པོའི་གསེབ་དུ་འགྲོ་ཙ་ན། །གང་ཤར་ངོ་བོ་ལྟ་བ་ཡིན། །གསུངས་སོ། །ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་ངོ་བོ་རྩལ་རོལ་པ་སོགས། ངོ་བོ་རང་བྱུང་གི་ཡེ་ཤེས། རྩལ་དཔེར་ན་མེ་ལོང་གཡའ་བྲལ་ལ་གཟུགས་བརྙན་འཛིན་རུང་གི་ནུས་པ་ཡོད་པ་དང་། རྒྱ་མཚོ་ཁ་གཏིང་མེད་པར་དྭངས་པ་ལ་ནམ་མཁའ་གཟའ་སྐར་གྱི་གཟུགས་བརྙན་འཛིན་རུང་གི་ནུས་པ་ཡོད་པ་ལྟར་རང་བྱུང་གི་ཡེ་ཤེས་རྩལ་ཡུལ་ལྔ་སོགས་འཆར་རུང་ཡོད་པས། རིག་ངོ་ལེགས་པར་འཕྲོད་པའི་འོད་གསལ་གྱི་གཤིས་ཐོག་ཏུ་ཕེབས་ཚེ་གཞིའི་ཀློང་དུ་ཡུལ་ལྔ་འགགས་མེད་དུ་ཤར་ཡོད་ནི་རེད། དེ་དུས་ཕྱི་སྣང་བས་རིག་པ་ལ་ཚུར་མ་གོས། ནང་འཛིན་པས་ཕར་མ་བསླད་པར་སྣང་ཤེས་འབྲེལ་ཐག་ཆད། རྒྱུ་འབྲས་འབྲེལ་ཆད་ནི་རེད། དེ་འདྲའི་སྒོ་ལྔ་ཡག་པ་ཞིག་ཞོག་ན་བཞག་ཐབས་བཞི་པའི་སྒོམ་ཅོག་བཞག་དང་གནད་གཅིག་རེད། འདི་ནི་རིག་འཛིན་རྩལ་འཆང་བརྒྱུད་པའི་ཕྱག་བཞེས་ཀྱི་མན་ངག་ཁྱད་པར་ཅན་རྒྱལ་བའི་དགོངས་པ་ཡང་དག་པ་རེད་གསུངས། རོལ་པ་ནི། ཡབ་ཀྱིས་ཡུམ་ལ་རོལ་པ་ལྟར་ཡུལ་ཅན་གྱིས་ཡུལ་ལ་རོལ་པ་མིག་ཤེས་གཟུགས་ལ་རོལ་པ་སོགས་སོ། ཉག་བླས། སིལ་ཆལ་ཁ་ཡེས་མེད་ན་གནམ་ལ་བརྒྱབ་ན་ནི་སྐད་མི་གྲགས། ས་ལ་བརྒྱབ་ན་གཅོག་སྟོན་གསུངས། མདོའི་དོན་དམ་དབྱིངས་ལ་ཟེར་ཚུལ་ཀུན་རྫོབ་སེམས་བསྐྱེད་ཀྱི་མཐུས་སྡིག་སྒྲིབ་དག་ནས་དོན་དམ་སེམས་བསྐྱེད་རྒྱུད་ལ་འཁྲུངས་ཚུལ། རྒྱུ་སྐྱབས་ལ་བརྟེན་ནས་འབྲས་སྐྱབས་འབྱུང་ཚུལ་རྣམས་ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། ཐབས་གཞན་མེད་ཚུལ་གསུངས། གང་སྣང་གི་ཐོག་ཏུ་འཇོག་རྒྱུ་དཀའ། ཐེག་ཆེན་པའི་ལུགས་ལ་སྤང་གཉེན་དུས་མཉམ་པ་ཡིན་པས་འདོད་ཆགས་ལྟ་བུའི་སྤང་བྱ་སྐྱེས་ཚེ་དྲན་པས་ཟིན་ན་གཉེན་པོ་སྐྱེ་བ་ལ་ཕྱོགས་ཚེ་སྤང་བྱ་འགོག་པ་ལ་ཕྱོགས། སྐྱེས་བཞིན་པ་ནས་འགག་བཞིན་པ། གཉེན་པོ་སྐྱེ་ཟིན་པ་ན་སྤང་བྱ་འགགས་ཟིན་པ་དུས་མཉམ་རེད། དོན་ལ་ཐོག་ཏུ་ཞོག་ཟེར་བ་ནི། དེ་བས་དེའི་རྗེས་མ་འདེད་ཟེར་བ་དང་ལས་བྱེད་ཚེ་ད་ཞོག་ཟེར་བ་ལྟར་ཡིན་ཀྱང་རབ་ན་རིག་ཐོག་ཏུ་གོ་དགོས། གོལ་ས་གསུམ་ནི། གསལ་ཉམས་ལ་མིག་ཤེས་ཕྱིར་གོལ་དང་ཡིད་ཤེས་གསལ་རིག་དང་། ཀུན་གཞིའི་རྣམ་ཤེས་གསལ་ལ་རྟོག་མེད་སོགས་ལས་གཙོ་བོར་ཕྱེད་ཆེ་བ་ཀུན་གཞིར་གོལ་བ་རེད། གང་ལྟར་ཡང་གསལ་བ་ཙམ་ཡིད་ཤེས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པས་གོམ་ཤུགས་ཆེ་ཆུང་གིས་གཟུགས་ཁམས་གང་རུང་ཏུ་འཕེན། རྣམ་རྟོག་མེད་སོང་ཤུལ་གྱི་མི་རྟོག་པའམ་སྟོང་ཉམས་ལ་ཡིད་ཤེས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པས་གོམ་ཤུགས་ཆེ་ཆུང་གིས་སྐྱེ་མཆེད་མུ་བཞི་གང་རུང་དུ་འཕེན། དཔེར་ན་བདེ་བའི་ཉམས་རྐྱེན་ཁ་ནས་ཤར་བ་དངུལ་རྡོ་ཚད་ཞིག་ལོན་པའམ། ཡང་ན་བདེ་བཟང་ལ་༼མི་ཞིག་གི་མིང་༽ནང་བར་ཤི་སོང་བར་ཚོར་ན་ཤིན་ཏུ་སྡུག་ནི་རེད། ཡང་གཅིག་གིས་མ་ཤིའོ་ཟེར་ན་ཤིན་ཏུ་དགའ་ནས་མཉམ་བཞག་ལ་བསྡད་ན་བདེ་སང་ངེ་ཡོད་པ་ལྟ་བུའི་བདེ་ཉམས་ཡུལ་དུ་བྱས་ནས་ཡིད་ཤེས་ཀྱིས་བསྒོམ་པའམ་སྒོམ་ཤུགས་ཆེ་ཆུང་གིས་འདོད་ལྷ་རིགས་དྲུག་གང་རུང་དུ་འཕེན་ནི་རེད། ཟག་བཅས་དགེ་བས་ཡང་འདི་དག་ཏུ་སྐྱེ་ནི་རེད། འདི་དག་གཟུང་འཛིན་སེམས་ཀྱི་སྟོད་ཕུར་ཟེར། སྤྱིར་ལུས་ཤ་ཁྲག་གི་རྒྱ། རྣམ་ཤེས་སེམས་ཀྱི་རྒྱ། མ་རིག་ཀུན་གཞི་གསུམ་སོགས་མི་ཕམ་རིན་པོ་ཆེས་གསུངས། སྤྱིར་གོལ་ཤོར་ནོར་གསུམ་ཡོད་ཀྱང་ཤོར་ས་བཞི་ནི། འཁོར་བ་རང་གྲོལ་ལས། ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་༼རིག་པ་ངོ་མ་ཟིན་ན་དེའི་༽ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོགས་ནས་བསྒྲུབ་པ་ན། །གཤིས་ལ་ཤོར་བ་ཞེས་སུ་བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །༼སྐུ་གསུམ་རང་ཆས་སུ་ཡོད་པས་གཞི་འབྲས་དབྱེར་མེད་ལམ་བྱེད་རེད། ༽རྒྱུ་འབྲས་ལྷུན་གྲུབ་མ་ཤེས་ན། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་༼འོད་གསལ་གྱི་ངང་ལ་༽ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོ་གཞན། །བསྒོམ་པ་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། བློ་དང་རྣམ་རྟོག་རྗེས་འབྲང་ནས། །རྒྱུ་འབྲས་མེད་པར་༼དཔེར་ན་རྣམ་རྟོག་སྔ་ཕྱི་རྣམས་བྱ་མ་རྗེས་སུ་བུ་སླེབ་པ་ལྟར་རྒྱུ་འབྲས་འབྲེལ་མར་འབྱུང་བའི་རང་བཞིན་ཅན་འདི་མེད་ཟེར་བའི་༽སྐུར་འདེབས་པ། །འདི་ནི་རྒྱས་འདེབས་སྟོང་པའོ། །ཞེས་དང་། གཞན་ཡང་། དགག་སྒྲུབ་བྲལ་བའི་རིག་པ་ལ། །ཤེས་བྱ་གཤིས་ལ་ཤོར་བ་ཟད། །སྐུ་གསུམ་ལྷུན་གྲུབ་ཆེན་པོ་ལ། །སྟོང་ཉིད་ལམ་དུ་ཤོར་བ་བྲལ། །ཡེ་ནས་ཤར་གྲོལ་དུས་མཉམ་ལ། གཉེན་པོ་གཞན་ནས་བཙལ་བ་སྤངས། སྒོམ་དང་མི་སྒོམ་བློ་བྲལ་ལ། །རྒྱས་འདེབས་འཛིན་པ་རང་སར་ཡལ། །ཞེས་སོ། །ཀློང་སྡེའི་སྐབས་སྣང་གྲགས་དྲན་རིག་གསུམ་དབྱིངས་ཀྱི་རྒྱན་དང་སྐུ་གསུང་ཐུགས་ཀྱི་འཁོར་ལོར་གསུངས། བཻ་རོ་ཚ་བ་རོང་དུ་བྱོན་ཚེ་སྤང་རྒན་མི་ཕམ་མགོན་པོ་ཝ་སང་བྲག་ཏུ་འཇའ་ལུས་གྲུབ་ཚུལ་ཞབས་དྲུང་རིན་པོ་ཆེ་དེར་ཕེབ་སྐབས། མི་ཕམ་མགོན་པོའི་ཡེ་ཤེས་ཀྱི་སྐུས་ཞལ་གཟིགས་ནས་ཉེ་བརྒྱུད་བབ་ཚུལ་སོགས་སོ། ༈ །རྡོར་སེམས་མེ་ལོང་ཤེལ་རྡོ་ལ་གསུངས། ཤེལ་རྡོ་འདི་རྡོ་རྗེ་སེམས་དཔས་མ་འོངས་པའི་དུས་སུ་རྫོགས་ཆེན་བསྟན་པ་དར་བར་གཟིགས་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་རྫོགས་ཆེན་བསྟན་པ་དར་ཕྱོགས་སུ་འབྱུང་བའི་དབང་རྫས་སུ་བྱིན་གྱིས་བརླབས་ན་བྱིན་རླབས་ཅན་ཡིན་པས་དབང་བཞི་ཐོབ་ཚེ་དམ་ཚིག་གི་རྟེན་དུ་གའུའི་ནང་དུ་འཇོག་ནི་རེད། མན་ངག་སྡེ་ཤེལ་རྡོ་ལག་ནས་མ་བོར་ན་འོད་ལྔ་ཕྱོགས་བཅུར་འཕྲོ་ཡང་འགལ་བ་མེད་སོགས་ལྟར་རོ། །གཞན་སེམས་ཀློང་གཉིས་ནི་བྱིས་པས་འཇའ་རྗེས་དེད་པ་ལྟར་རོ། །སྤྱིར་འོད་གསལ་རིག་པ་འདི་ངོ་མ་ཤེས་ན་དེས་དབྱིངས་གདོད་མའི་སྟོང་ཆེན་གྱི་དབྱིངས་སམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་མི་ཤེས་པའི་ཕྱིར། རྡོ་གྲུབ་རིན་པོ་ཆེས་ཉག་བླ་ལ། དཔེ་ཆ་ནས་དབྱིངས་རྒན་མ་མི་ཤེས་ནས་ཕུང་སོགས་གི་སྟོང་ཉིད་འདི་གི་ཅིག་ལས་ལས་འཇོག་ནི་རེད། དེས་གོ་བརྡ་མི་འཕྲོད་གསུངས་པ་ལྟར། མི་ཕམ་རིན་པོ་ཆེས་ཡང་ཤེས་རབ་ལམ་གྱི་དབུ་མ་འདི་བུམ་ཆུའམ་རྒྱུའི་དབུ་མ་ལྟ་བུ་རེད། དེ་ལ་བརྟེན་ནས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། རྣམ་པ་ཀུན་གྱི་མཆོག་ལྡན་པའི། སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་པ་ལྟར། འདི་རྣམ་གྲངས་པའི་དོན་དམ་རྣམ་གྲངས་མ་ཡིན་པ་ལ་འཇུག་པའི་སྒོ་ཙམ་ཡིན། དགག་བྱ་བདེན་གྲུབ་སྦྱར་བ་སོགས་ལ་དབུ་མ་མེད་ཚུལ་དང་དེ་རྗེ་རིན་པོ་ཆེའི་ལྟ་བ་མིན་ཚུལ་མཁས་གྲུབ་ནོར་བཟང་རྒྱ་མཚོ་པཎ་ཆེན་བློ་བཟང་ཆོས་རྒྱན། ལྕང་སྐྱ་བ་སོགས་ཀྱིས་གསུངས་ཚུལ་སོགས་སོ། །འོན་ཀྱང་མདོ་ལས་ཕུང་སོགས་སྟོང་ཉིད་གཏན་ལ་ཕབ་པ་ལ་དགོས་པ་རྒྱ་ཆེན་པོ་ཡོད་དེ། སྲིད་རྩའི་དངོས་གཉེན་སྟོང་ཉིད་བདུད་རྩི་ལྟ་བུ་མེད་ན་ཐར་པ་ཙམ་ཡང་མི་ཐོབ། འདི་ནི་ཤེས་སྒྲིབ་རགས་པའི་གཉེན་པོ་བདག་འཛིན་གྱི་གཉེན་པོ་དེས་དྲངས་པའི་ཉོན་སྒྲིབ་སྤོང་བྱེད་རེད། དེས་ན་སོ་སྐྱེས་ལམ་འདིར་རྣམ་མཁྱེན་ལས་ཀྱང་ཡིད་ཤེས་བཟང་ཞེས་པ་ལྟར་ཡིད་ཤེས་འཁོར་གྱི་སེམས་བྱུང་། ཤེས་རབ་དེའི་ངོ་བོ་དུས་སུ་ཇེ་ཆེར་སོང་ནས་ཡིད་ཤེས་གཙོ་འཁོར་བཅས་ཤེས་རབ་ཀྱི་ངོ་བོར་གྱུར་ནས་དགག་རྟོག་དང་བསྒྲུབ་རྟོག་གང་རུང་གིས་བསྐལ་ཆེན་གྲངས་མེད་གསུམ་གྱིི་མཐའ་ན་འཕགས་ལམ་བརྟེན་ནི་རེད། དེ་དུས་གཙུབ་ཤིང་གཙུབ་སྟན་མེའི་ངོ་བོར་གྱུར་དགག་སྒྲུབ་དང་བྲལ་བའི་ཡེ་ཤེས་ཉག་གཅིག་ཏུ་གྱུར་འགྲོ་ནི་རེད། སྔགས་བླ་མེད་འབྲས་བུ་ལམ་བྱེད་ཡིན་ཕྱིར་འོད་གསལ་གྱི་དོན་སྤྱི་ངོས་ཟིན་དགོས་ནི་རེད། དེ་ཡང་ཚོགས་ལམ་དུ་རི་མོར་བྲིས་པའི་ཟླ་བ་ལྟ་བུ། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་གྱི་དྲན་ཉེར་བཞི། ཡང་དག་སྤང་བཞི། རྫུ་འཕྲུལ་རྐང་བཞི་སོགས་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཆོག་གི་སྤྲུལ་སྐུའི་ཞལ་མཇལ་བ་སོགས་མི་ཕམ་རིན་པོ་ཆེ་དཔལ་རི་རབ་གསལ་འདི་དེ་རེད་གསུངས་པ་ལྟར་རོ། །སྦྱོར་ལམ་དཔེ་ཡི་འོད་གསལ་ཟླ་གཟུགས་ཆུ་ནང་ཤར་བ་ལྟར་རང་རྒྱུད་ལ་འོད་གསལ་ཡོད་པའི་རྟགས་ཡིད་ཤེས་ངོར་ཤར་ནི་རེད། མཐར་འཕགས་ལམ་ན་འོད་གསལ་དངོས་མཐོང་བ་ཡིན། དེ་ལྟར་ཚོགས་ལམ་པས་གོསྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་གསུངས་པ་ལྟར་མ་གཏོགས་རྫོགས་ཆེན་བཀའ་གཏེར་གཉིས་ན་དབང་པོ་ཡང་རབ་ཁ་ཅིག་དབང་དུས་ན་རྟོགས་པ་འདྲ་མི་ཤེས་དེ་ལས་རྟོགས་ཚུལ་མ་གསུངས། མ་དག་ཚུར་མཐོང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀ་བ་དང་བུམ་པ་སོགས་ཀྱི་སྣང་བ་འདི་མ་རིག་བདེན་འཛིན་གྱིས་དྲང་བས་ཆགས་སོགས་ཉོན་མོངས་པའི་དབང་གི་བཞག་པ་ཡིན་པས་འདི་དག་པའི་ས་ན་མི་འགྲོ་ནི་རེད། དཔེ་སྟོང་གཞི་བྱས་པའི་སྟོང་ཉིད་ཀྱང་མི་འགྲོ་སྟེ། ཀ་བ་མ་གྲུབ་པའི་སྔ་ལོགས་སུ་ཀ་བའི་སྟོང་ཉིད་མེད། ཀ་བའི་རྒྱུན་འགག་པའི་ཕྱི་ལོགས་སུ་ཀ་བའི་སྟོང་ཉིད་མེད། ཀ་བ་ཡོད་པའི་རང་དུས་ན་དེའི་སྟོང་ཉིད་ཀྱང་ཡོད། དེས་ན་སྔགས་བླ་མེད་དུ་འདི་དག་གི་སྟོང་ཉིད་འདི་སྟོང་ཉིད་རེ་འགའ་བའམ་ཉི་ཚེ་བའི་སྟོང་ཉིད་དུ་བཞག་ལ། དེ་དག་པའི་སར་མི་འགྲོ་བའི་མཐུན་དཔེར་མཁྲིས་ནད་དངས་ཚེ་དུང་སེར་སྣང་ཤུལ་ན་མི་ལུས་པ་དང་རབ་རིབ་ཀྱི་ནད་དྲག་ཚེ་སྐྲ་ཤད་མི་ལུས་པ་དང་ཡི་དྭགས་ཀྱིས་གཙང་མའི་ཆུ་རྣག་དུ་མཐོང་ཡང་སྒྲིབ་པ་དག་པ་ན་རྣག་འཛིན་ལྡོག་ཚེ་ཤུལ་ན་རྣག་མི་ལུས་པ་ལྟར། ཡུལ་ཅན་དྲི་མས་དག་པ་ན་ཡུལ་གྱི་འཁྲུལ་སྣང་ཤུལ་ན་མི་ལུས་པར་རང་ལོག་ཏུ་འགྲོ་བ་ནི་རྨི་ལམ་གྱི་འཇིགས་སྐྲག་གི་སྣང་བ་སད་ཚེ་མེད་འགྲོ་བ་ལྟར་རོ། །མན་ངག་སྡེ་ནི་བཀའ་མེད་ལུང་སྡུག་ཞིག་མིན་ཏེ། དང་པོ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་གིས་རིག་པ་རྗེན་ལ་ཕུད། དངོས་གཞི་དགའ་རབ་རྡོ་རྗེའི་འདས་རྗེས་ལ་བརྟེན་ནས་ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེངས་གྲོལ་ཐོག་ཏུ་བཅའ་བ་དང་། སེམས་དང་རིག་པའི་ཤན་འབྱེད། ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད། ཡིད་དང་ཤེས་རབ་ཀྱི་ཤན་འབྱེད། སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་རྣམས་ཀྱིས་ཤན་ཕྱེ། ལ་བཟླས་ལ་བཟླས་ནས་འདས་རྗེས་གཟེར་བུ་བདུན་པས་ཐོད་རྒལ་སྒོམ་ཐབས་དང་། བཞག་ཐབས་བཞི་པ། སྒོམ་ཉམས་དྲུག་པ་རྣམ་གཉིས་ཀའི་བསྒོམ་ཐབས་ཐུན་མོང་བ་ཡིན་གསུངས། ༈ མུ་བཞིའི་སྐབས་རྫོགས་ཆེན་སྙིང་ཐིག་གི་ལྟ་བ་འདི་ནི་དངོས་གཞི་གཉིས་ཀ་ཡིན་པ། ཡང་གསང་བླ་མེད་ཀྱི་དགོངས་པ་མཐར་ཐུག་པ་ཡིན་གསུངས། ཡེ་ཤེས་བླ་མའི་མུ་བཞིའི་སྐབས་རྡོ་གྲུབ་ལ་གླིང་སྤྲུལ་གྱིས་ཞུས་ནས་གསུངས་པ་དེ་ལ་བརྟེན་ནས་ཉིད་ཀྱི་གསུང་རྣམས་གོ་དཀའ། ད་ལྟ་ཀཿདཔལ་རྫོགས་གསུམ་ཕལ་ཆེ་བས་རང་གི་གཞུང་ལྟར་ཁྲེགས་ཆོད་ལ་སྦྱར་བ་ལས་མི་མངོན། ཡང་རྫོགས་ཆེན་དཔལ་སྤྲུལ། མཁན་པད་རྡོར། ཞབས་དྲུང་རིན་པོ་ཆེ་རྣམས་ནས་ཐེག་མཆོག་མཛོད་ཀྱི་རིམ་ཁང་བཅོ་བརྒྱད་པའི་སྐབས་ཁྲེགས་ཐོད་ཟུང་འཇུག་ཏུ་བསྟན་པ་འདི་ལྟར་དཔལ་སྤྲུལ་རིན་པོ་ཆེ་ཚང་གིས་སྨྱོ་ཤུལ་ལུང་རྟོགས་ལ་ཡེ་ཤེས་བླ་མ་ཕྱག་མཆན་ཅན་ཞིག་གནང་བ་ལ། ལུང་རྟོགས་གིས་ཡི་གེ་མ་ལ་འདྲི་ཟེར་བ་ལས་གཞན་སུ་ལའང་མི་སྟོན་རྒྱུ་དེ་ཨ་བསེ་ཀླུ་མོ་ར་བའི་མཁན་སྤྲུལ་གྱི་ཕྱག་ན་ཡོད་པའི་དཔེ་ལ་ས་བཅད་བསྡུས་མ་བསྡུས་དང་ཚིག་སྣ་བསྟུང་བ་ཙམ་ལས་ཐེག་མཛོད་ཀྱིི་སྐབས་སོར་བཞག་རེད་གསུངས། དཔལ་སྤྲུལ་ཚང་གི་མ་ཤི་ཚེ་ཨ་འཛོམས་ཚང་འཕོ་འདེབས་ལ་དྲངས་བས་འཕོ་རྟའི་ཁ་མ་ཡེ་ཤེས་བླ་མ་ཕུལ་གསུངས་ནས་ཡེ་ཤེས་བླ་མ་གསུང་པའི་ཞལ་རྒྱུན་དང་། ཞབས་དྲུང་གིས་ཨ་འཛོམ་ཚང་གིས་གསུངས་པའི་ཞན་རྒྱུན་དང་། མཁན་པད་རྡོར་ཞལ་རྒྱུན་རྣམས་དེ་ལྟར་གསུངས་པ་རང་ཅག་གི་བླ་མ་རིན་པོ་ཆེས་ཁོང་གིས་གསན་ནས། ཉིད་ཀྱི་ཞལ་ནས་ཡེ་ཤེས་བླ་མ་འདི་མཛོད་བདུན་དང་ཡ་བཞིའི་དགོངས་བཅུད་ཡིན་པས་ཕུག་དེར་གཏུག་དགོས་གསུངས། ཡེ་ཤེས་བླ་མའི་མུ་བཞི་འདི་གབ་པའི་ཚུལ་དུ་གསུངས་པ་ཡིན་པས་སློབ་རྒྱུད་ལ་ཞལ་རྒྱུན་ཞིག་ཡོད་གསུངས་སྲོལ་ཡོད་ཀྱང་། དཔལ་སྤྲུལ་ཞལ་རྒྱུན་མི་ལོན་ན་དེ་ལོན་དཀའ་གསུངས། ཆོས་གཞི་ལ་ལུས་ཞེས་པ་ཁྲེགས་ཆོད་ཀྱི་རིག་པ་བལྟར་མེད་ཙམ་དུ་མཐོང་བ། རིག་གདངས་ཕྲ་བའི་ལོངས་སྐུའི་འཆར་གཞི་ཙམ་ལས་མི་མཐོང་ལ་ཐོད་རྒལ་རིག་པ་བལྟར་ཡོད་ཡིན་པས་གཟིགས་སྟངས་དང་བཞུགས་སྟངས་སྒོ་ཡུལ་རླུང་རིག་གི་མན་ངག་གི་གནད་ལས་ཞིང་སྐུ་ཕོ་བྲང་གསུམ་དངོས་སུ་མཐོང་ནས་ཆོས་གཟུགས་ཀྱིི་སྐུ་དངོས་ལམ་དུ་བྱེད་གི་ཡོད་ནི་རེད། དབྱིངས་ཐིག་རིག་གསུམ་དངོས་མཐོང་བས་རྒྱུད་ཐ་དད་པའི་སངས་རྒྱས་བརྒྱའི་ཞལ་མཇལ་བ་ལས་ཆོད་ཆེ་བ་དང་བྱིན་རླབས་ཆེ་ནི་རེད། ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་རྟོག་མེད་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་དེ་དག་པའི་ས་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གྲུབ་ཟིས་མ་དག་པའི་དུས་ན་སེམས་ཅན་གྱི་ལུས་གྲུབ་ཟིས་དེས་མོ་སྐྲག་མོ་ཞིག་ཡིན་ནི་རེད། དེའི་ཕྱིར་ད་ལྟ་ནས་ཆོས་སྐུ་དང་ལོངས་སྐུ་དངོས་ལམ་དུ་བྱེད་གི་ཡོད་ཚུལ་ཤེས་སོ། །འོག་མའི་ཆོས་གཟུགས་ཀྱི་བསྒྲུབ་གཞི་སོགས་ཀྱི་ཁྱད་དང་ཐོབ་བྱ་སངས་རྒྱས་གོ་འཕང་འདོད་པ་སོགས་སྤྱི་ལྟར་རོ། །


previousགཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས།next