Nitartha Digital Library
Tibetan
མདོ་ཁམས་གཡུ་ཁོག་ཡུལ་གྱི་གནས་ཡིག་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་ཕུར་པའི་གནས་རི་ཕྲིན་ལས་གྲུབ་པའི་ཡང་རྫོངས་ལ་ཅུང་ཟད་བསྔགས་པ་ངོ་མཚར་སྤྲིན་གྱི་རོལ་མོ། ཡི་དམ་རྡོ་རྗེ།
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་ཕུར་པའི་གནས་རི་ཕྲིན་ལས་གྲུབ་པའི་ཡང་རྫོངས་ལ་ཅུང་ཟད་བསྔགས་པ་ངོ་མཚར་སྤྲིན་གྱི་རོལ་མོ། ཡི་དམ་རྡོ་རྗེ།next

དཔལ་རྡོ་རྗེ་ཕུར་པའི་གནས་རི་ཕྲིན་ལས་གྲུབ་པའི་ཡང་རྫོངས་ལ་ཅུང་ཟད་བསྔགས་པ་ངོ་མཚར་སྤྲིན་གྱི་རོལ་མོ། ཡི་དམ་རྡོ་རྗེ།

རང་བཞིན་ཆོས་དབྱིངས་ཞི་ལས་མ་གཡོས་ཀྱང་། །

རང་གདངས་མ་འགགས་ཁྲོ་བོའི་སྐུར་བཞེངས་པ། །

རང་རིག་དབྱེར་མེད་བཛྲ་ཀུ་མ་རར། །

རང་བབ་གཉུག་མའི་ངང་ནས་གཅིག་ཏུ་འདུད། །

འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན། །

མངོན་པར་མཐོ་བ་བསིལ་ལྡན་བོད་ཀྱི་ཡུལ། །

སྒང་དྲུག་མདོ་ཁམས་སྨད་ཀྱི་སའི་ཐིག་ལེ། །

གཡུ་ལྗོངས་ཕྱུག་མོའི་ཆ་ཤས་འཁྱིལ་ཆེན་དུ། །

ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ཀཱི་ལ་ཡས། །

ས་དགུའི་རྟོག་པ་རྩད་ནས་གཞོམ་པའི་ཕྱིར། །

བཞད་པ་བརྒྱད་ཀྱིས་རྡོ་རྗེའི་གླུ་བླངས་པས། །

ཧ་ཧི་ཞེས་གྲགས་ལུང་དགུར་གྱེས་པའི་མདོར། །

སྔོན་ཚེ་ཨོ་རྒྱན་རྗེ་དང་སེང་ཆེན་རྒྱལ། །

རྣམ་སྣང་ལོ་ཙཱ་རྒྱལ་མོ་གཡུ་སྒྲ་སྙིང་། །

ཀརྨ་པ་དང་དཔལ་ཆེན་དགའ་ལོ་སོགས། །

སྐྱེས་ཆེན་དུ་མས་ཞབས་བཅགས་བྱིན་གྱིས་བརླབས། །

ལྕགས་ཡོས་ས་ཟླའི་དམར་ཕྱོགས་བཅོ་ལྔའི་ཉིན། །

རྒྱ་སྤྲུལ་ལུང་རྟོགས་ཆོས་ཀྱི་ཉི་མ་ཡིས། །

ཐུགས་བསྐྱེད་རབ་དཀར་ཟླ་བའི་ཟེགས་མ་འབུམ། །

གནས་འདིར་ལེགས་པར་བྲན་པའི་བཀའ་དྲིན་ལྕི། །

མཐིང་སྔོན་ནམ་མཁའ་རྩིབས་བརྒྱད་འཁོར་ལོའི་དབྱིབས། །

ལྷུན་སྟུགས་ས་འཛིན་པདྨའི་རིས་སུ་བཀྲ །

དྭངས་བསིལ་ཆུ་བོ་མདུན་ནས་གཡས་སུ་འབབ། །

སྣ་ཚོགས་ལྗོན་པའི་དྲྭ་བ་ཡིད་དུ་འོང་། །

ཤར་ཕྱོགས་ཉི་ཟླའི་བགྲོད་ལམ་རབ་ཡངས་ཤིང་། །

ལྷོ་རི་རིན་ཆེན་ཕུང་པོ་མདུན་དུ་སྤུང་། །

ནུབ་ཕྱོགས་ས་སྲུང་གླང་པོའི་གཙུག་གིས་གཡོར། །

བྱང་གི་རི་བྲག་བཙན་པོས་འགག་སྒོ་བསྡམས། །

ཕྱི་ལྟར་དམ་པ་དུ་མས་བྱིན་བརླབས་པའི། །

ཡིད་བཞིན་འདོད་འཇོ་རིན་ཆེན་གཏེར་གྱི་རི། །

ནོར་བུ་ཙིནྡ་མ་ཎིའི་གཟུགས་སུ་མཛེས། །

གསང་བ་མཐའ་བྲལ་དབྱིངས་ཀྱི་གཞལ་ཡས་ཁང་། །

ནང་ལྟར་རྡོ་རྗེ་གཞོན་ནུའི་ཕོ་བྲང་ཆེ། །

བར་ཆད་དམ་སྲིའི་བདུད་དཔུང་ཚར་གཅོད་པའི། །

གཙོ་དང་སྲས་འཁོར་ཟ་གསོད་སྤྲུལ་པར་བཅས། །

ཕྲིན་ལས་ཕུར་པའི་ལྷ་ཚོགས་བཀྲ་དཔུང་ངེ་། །

གཡས་ན་བདུད་རྩིའི་རྒྱུན་བཟང་དལ་གྱིས་འབབ། །

གཡོན་ན་རཀྟའི་ཆུ་བོའི་རྦ་རླབས་གཡོ། །

དབུས་རི་དཔལ་གྱི་གཏོར་མ་རང་གྲུབ་པས། །

གསང་ཆེན་སྒྲུབ་རྫས་མ་བཤམས་ལྷུན་གྱིས་གྲུབ། །

གྲུབ་པའི་དབང་ཕྱུག་དཔལ་ཆེན་དགའ་ལོ་པས། །

རང་བྱུང་བྲག་གི་ངོས་ལ་ཕྱག་འཁར་གྱིས། །

བཙུགས་ལས་ལེགས་ཐོན་དྲོ་འཇམ་ཁྲུས་རྫིང་གིས། །

མི་འདོད་ནད་ཀྱི་ཟུག་རྔུ་སེལ་བར་བྱེད། །

མཆོད་རྟེན་རང་བྱོན་དགའ་ལོའི་ཕྱག་རྗེས་དང་། །

ཆིབས་རྟའི་རྗེས་སོགས་གྲུབ་པའི་རྟགས་དུ་མ། །

མངོན་སུམ་མིག་གི་བདུད་རྩིར་བཞག་པ་འདི། །

མ་སྨད་བསོད་ནམས་བྱེ་བའི་དཔལ་ལས་གྲུབ། །

གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོ་མཆོག །

འོད་གསལ་སྙིང་པོའི་སྒྲུབ་ལ་གཞོལ་བ་ཡིས། །

འབྲེལ་ཚད་དོན་དང་ལྡན་པར་གྲུབ་པའི་གནས། །

གླག་ཚང་དཔལ་རི་གཉིས་པ་གནས་འདིའི་རྒྱན། །

རྔམ་བརྗིད་བྲག་རི་ནགས་ཀྱི་རྒྱན་ཕྲེང་ཅན། །

ངམ་གནག་ངོས་གཟར་ཤིན་ཏུ་སྐྱི་གཡའ་ཞིང་། །

འཇིགས་རུང་མཚོན་ཆའི་རུ་མཚོན་གཟེངས་འདྲ་བ། །

འཇམ་དཔལ་ཁྲོས་པ་གཤིན་རྗེའི་གནས་སུ་གྲགས། །

དབུ་རྨོག་བཙན་པའི་ཟོ་དོར་གནས་འཆའ་བའི། །

ས་འཛིན་ལྷུན་པོ་སྤྲིན་གྱི་ལ་ཐོད་ཅན། །

རྨོག་མཐོ་སེང་རྫོང་བཀྲ་ཤིས་ལྷ་རྩེ་སོགས། །

དཀར་ཕྱོགས་སྐྱོང་བ་དུ་མས་གནས་འདི་བསྲུང་། །

སྙིགས་དུས་མཐའ་དམག་དམ་སྲི་ཁ་དར་ཞིང་། །

ནད་མུག་མཚོན་གྱི་བསྐལ་ངན་འཆར་ཉེའི་ཚེ། །

ཕྲིན་ལས་ཕུར་པའི་ལྷ་ལ་བརྟེན་གྱུར་ན། །

དུས་ཀྱི་རྒུད་མུན་དབྱིངས་སུ་ཞི་བར་འགྱུར། །

ཀཱི་ལ་འབྲུ་དགུ་རྡོ་རྗེ་སྙིང་པོའི་སྲོག །

ཕྲིན་ལས་ཀུན་འདུས་བཟླས་པ་སུས་བགྱིད་ན། །

བར་ཆད་བདུད་བཞིའི་འཇིགས་པ་ལས་གྲོལ་ཏེ། །

མཆོག་ཐུན་ལས་བཞིའི་དངོས་གྲུབ་འཐོབ་པར་འགྱུར། །

ཁྲོ་རྒྱལ་ཆེན་པོའི་སྐུ་གཟུགས་མཇལ་ཙམ་གྱིས། །

སྐྱེ་བ་བདུན་ནས་མ་བསྒོམ་སངས་རྒྱས་ཞེས། །

ཚད་མར་གྱུར་པའི་ལུང་ལས་གསུངས་གྱུར་ན། །

ཕྱག་བསྐོར་མཆོད་པའི་ཕན་ཡོན་སུ་ཡིས་དཔོགས། །

ལྷ་བརྒྱའི་དབུས་ན་ལྷ་ཡི་དབང་པོ་དང་། །

རྒྱུ་སྐར་ཁྲོད་ན་ཉིན་བྱེད་གཞོན་ནུ་བཞིན། །

ཕལ་བའི་གནས་ཀྱིས་དོ་ཟླ་མ་མཆིས་པས། །

མོས་ལྡན་ཀུན་གྱིས་དད་ཕྱག་བསྐོར་བར་རིགས། །

གནས་འདིར་བཟང་ངན་ལས་གྱིས་འབྲེལ་བ་ཀུན། །

ཚེ་འདིར་ཚེ་རིང་ནད་མེད་གང་བསམ་འགྲུབ། །

མཐར་ཐུག་ཀ་དག་གདོད་མའི་གཞི་ཀློང་དུ། །

ཁྲག་འཐུང་རྒྱལ་པོའི་གཏན་སྲིད་ཟིན་པར་སྨོན། །

རིག་པའི་ཕུར་བུས་བདག་རྟོག་དབྱིངས་སུ་བསྒྲལ། །

སྙིང་རྗེའི་ཕུར་བུས་འགྲོ་ཁམས་རྗེས་སུ་འཛིན། །

རྫས་ཀྱི་ཕུར་བུས་ཉེས་ཅན་རྩད་ནས་གཅོད། །

ཕྲིན་ལས་ཕུར་པའི་འགྲོ་དོན་མཐའ་རྒྱས་ཤོག །

ཅེས་ཟག་པ་མེད་པའི་ཆོས་སྡེ་ཉེར་གཅིག་གི་གྲངས་ལྡན་གྲངས་ལྡན་ཚིགས་སུ་བཅད་པའི་བསྟོད་ཚིག་འདི་ནི་ཡི་དམ་རྡོ་རྗེར་འབོད་པའི་སྙོམ་ལས་མཁན་དེས། བོད་རབ་བྱུང་བཅུ་བདུན་པའི་ནང་ཚན་ཆུ་སྦྲུལ་ས་ག་ཟླ་བའི་དམར་ཕྱོགས་བཅོ་ལྔའི་ཉིན་གནས་དེའི་ཉེ་འགྲམ་ནས་བྲིས་པ་འགྲོ་ཀུན་དཔལ་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག དགེའོ། །

དགེའོ། །

དགེའོ། །


previousདཔལ་རྡོ་རྗེ་ཕུར་པའི་གནས་རི་ཕྲིན་ལས་གྲུབ་པའི་ཡང་རྫོངས་ལ་ཅུང་ཟད་བསྔགས་པ་ངོ་མཚར་སྤྲིན་གྱི་རོལ་མོ། ཡི་དམ་རྡོ་རྗེ།next