སྦས་གནས་རི་བོ་ཏ་ལའི་གནས་བསྟོད་ཐར་བའི་དེད་དཔོན། ཡི་དམ་རྡོ་རྗེ།
༼སྦྲུལ་མདོ༽
རྒྱལ་ཀུན་བརྩེ་ཆེན་རང་གཟུགས་སྤྱན་རས་གཟིགས།
མཁྱེན་པའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །
མཐུ་སྟོབས་ནུས་པའི་དཔལ་མངའ་གསང་བའི་བདག །
འཕགས་པ་རིགས་གསུམ་མགོན་པོས་ཤིས་པ་སྩོལ། །
རིག་འཛིན་གྲུབ་རིགས་ཡོངས་ཀྱི་གཙུག་གི་རྒྱན། །
ཧེ་རུ་ཀ་དཔལ་རྡོ་རྗེ་འཆང་ཆེན་པོ། །
འགྱུར་མེད་བློ་གྲོས་མཐའ་ཡས་གང་གི་ཞབས། །
དུས་ཀུན་བདེ་ཆེན་འཁོར་ལོའི་རྒྱན་དུ་མཆོད། །
འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན། །
དེ་ཡི་བྱང་ཕྱོགས་བསིལ་ལྡན་ཁ་བའི་ལྗོངས། །
མདོ་ཁམས་སྨད་ཕྱོགས་གཡུ་རོང་འཛིན་མའི་ཆར། །
སྦས་གནས་ཞེས་གྲགས་རི་བོ་ཏ་ལའི་གནས། །
སྔོན་ཚེ་ལོ་ཆེན་བཻ་རོ་ཙཱ་ན་ཡི། །
གདུལ་བྱ་དུས་བབ་རྒྱལ་མོ་རོང་དུ་ཕེབས། །
ཡུལ་ཀུན་གཏེར་གནས་སྒྲུབ་རིར་བྱིན་རླབས་ཚེ། །
སྦས་གནས་འཕགས་པའི་གནས་འདིར་སྒྲུབ་པ་མཛད། །
སྒ་མཁར་ཁྱིམ་རྟེན་མ་ཎི་བཀའ་འབུམ་དེ། །
ཆུ་དར་སྔོན་པོས་དྲིལ་ནས་རྫུ་འཕྲུལ་གྱིས། །
པོ་ཏིའི་དབྱིབས་ཅན་ཕ་ཝཾ་ནང་དུ་སྦས། །
མི་འགྱུར་ཡི་གེ་བདུན་པའི་རྟགས་ཀྱིས་གདབས། །
གཞན་ཡང་ཨོ་རྒྱན་རྗེ་དང་གཡུ་སྒྲ་སྙིང་། །
ལྷ་ལུང་དཔལ་རྡོར་གཏེར་ཆེན་ལུང་རིག་གླིང་། །
གཞན་ཕན་བཟང་པོ་འཇིགས་མེད་རྣམ་པར་རྒྱལ། །
དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས། །
འགྲོ་དོན་དུས་བབ་དུས་རྟགས་མངོན་གྱུར་ཚེ། །
གྲུབ་དབང་འགྱུར་མེད་བློ་གྲོས་མཐའ་ཡས་པས། །
འབྲེལ་ཚད་དོན་ལྡན་གནས་ཀྱི་སྒོ་འཕར་ཕྱེས། །
རྡོ་རྗེ་རྩེ་རྒྱལ་ལ་སོགས་གནས་སྲུང་བརྐོས། །
གསུང་མཆོག་ཡི་གེ་དྲུག་མའི་གཡས་གཡོན་གྱི། །
རྡོ་ཡི་ངོས་སུ་འཇམ་དཔལ་དཔའ་བོ་དང་། །
གསང་བའི་བདག་པོ་རང་བྱོན་ཉིད་དུ་གསལ། །
གྲུབ་ཆུ་འཐོར་འཐུང་བཀྲུས་པས་ནད་གདོན་སེལ། །
གནས་ཀྱི་ཉེ་འདབས་ནེའུ་ཞེས་པ་རུ། །
ལྷ་ལུང་དཔལ་གྱི་རྡོ་རྗེའི་སྒྲུབ་ཆུ་དང་། །
རྡོ་དྲིལ་ཕུར་བུ་མདའ་གཞུའི་རྗེས་ཤུལ་དང་། །
ཕྱག་མཛུབ་ཀྱིས་བྲིས་མ་ཎི་ཡིག་དྲུག་ཡོད། །
རྟ་ཡི་ལོ་ལ་སྐུ་གསུམ་ཞིང་ཀུན་དང་། །
རྒྱ་བོད་གནས་ཀུན་བྱིན་ནུས་འདི་རུ་འདུས། །
གནས་འདིའི་རྩི་ཤིང་ས་རྡོ་ཐམས་ཅད་ཀུན། །
སྐུ་ཡིག་ཕྱག་མཚན་ཡི་གེ་དྲུག་མས་གཏམས། །
དེ་དུས་བསྐོར་བ་ལན་གཅིག་བྱས་པ་ན། །
ཡིག་དྲུག་དུང་ཕྱུར་དྲུག་ཅུའི་ཕན་ཡོན་དང་། །
ནམ་རྒྱུན་གསུང་མཆོག་རྒྱལ་པོ་ཡི་གེ་དྲུག །
དུང་ཕྱུར་བདུན་གྱི་ཕན་ཡོན་འཐོབ་པར་གསུངས། །
དེ་ལྟར་གནས་བསྟོད་ཐར་བའི་ལམ་སྟོན་འདི། །
སྔོན་བྱོན་དམ་པའི་གསུང་ལ་བརྟེན་ནས་བྲིས། །
དགེ་བས་མ་གྱུར་མཁའ་མཉམ་འགྲོ་བ་རྣམས། །
རིགས་གསུམ་སེམས་དཔའི་ཞབས་དྲུང་འཁོད་གྱུར་ཅིག །
ཅེས་པ་འདི་ཡང་ཡི་དམ་རྡོ་རྗེས་ལྕགས་སྟག་ས་ཟླའི་དཀར་ཕྱོགས་དགའ་བ་གསུམ་པ་ལ་བྲིས། །