Nitartha Digital Library
Tibetan
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔལ་ལྡན་བཤད་པའི་རྒྱུད་ཀྱི་རྩ་བ།


   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།next

ལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གསུམ་པ་གནས་སྐབས་སྤྱོད་ལམ་བསྟན་པ་ནི། །བཀྲེས་སྐོམ་སྐྱུག་པ་གཡལ་དང་སྦྲིད་པ་དང༌། །དབུགས་གཉིད་ལུད་པ་མཆིལ་མ་བཤང་བ་འཕྱེན།གཅིན་དང་ཁུ་བའི་ཤུགས་ནི་བགག་མི་བྱ། །བཀྲེས་བཀག་ལུས་ཞིག་ཉམ་ཆུང་ཡི་ག་འཆུས། །མགོ་འཁོར་དེ་ཟས་ཡང་སྣུམ་དྲོ་ཆུང་སྦྱར། །སྐོམ་བཀག་ཁ་སྐམ་མགོ་འཁོར་སྙིང་ནད་འབྱུང༌། །མྱོས་འགྱུར་དེ་བསིལ་ཆོ་ག་ཐམས་ཅད་ཕན། །སྐྱུགས་བཀག་དང་ག་འགག་དང་དབུགས་མི་བདེ་།སྐྱ་རྦབ་མེ་དབལ་གཡན་པ་འབྲས་དང་མཛེ། །མིག་ནད་ལུད་པ་རིམས་ནད་འབྱུང་བར་འགྱུར། །སྨྱུང་གནས་དུད་རྣོན་ཁ་བཀང་དབོ་བར་བྱ། །སྦྲིད་བཀག་དབང་པོ་མི་གསལ་མགོ་བོ་ན། །གཉའ་བ་རེངས་དང་ཁ་ཡོ་འགྲམ་ཆག་འགྱུར། །དུད་རྣོན་སྣ་སྨན་ཉི་མ་བལྟ་བས་བསལ། །གཡལ་བཀག་དེ་འདྲ་ཆོ་ག་རླུང་འཇོམས་ཕན། །ངལ་དུབ་དབུགས་བཀག་སྐྲན་དང་སྙིང་ནད་འབྱུང༌། །མྱོས་འགྱུར་དེར་ནི་ངལ་གསོ་རླུང་སེལ་ཕན། །གཉིད་བཀག་གཡལ་མང་ལུས་སྙོམ་མགོ་བོ་ལྕི། །མིག་འགྲིབ་ཁ་ཟས་མི་འཇུ་ཤ་ཁུ་དང༌། །ཆང་བཏུང་བསྐུ་མཉེ་བྱ་ཞིང་གཉིད་ལོག་ཕན། །ལུད་པ་བཀག་པས་ལུད་འཕེལ་དབུགས་མི་བདེ། །ཤ་སྐེམ་སྐྱིགས་བུ་སྙིང་ནད་ཡི་ག་འཆུ། །དེར་ནི་ལུད་པ་བསལ་བའི་ཆོ་ག་བྱ། །མཆིལ་མ་བཀག་པས་སྙིང་དང་མགོ་བོ་ན། །སྣ་ཆུ་འཛག་ཅིང་མགོ་འཁོར་ཡི་ག་འཆུས། །དེ་ལ་ཆང་བཏུང་གཉིད་ལོག་གཏམ་སྙན་ཕན། །འཕྱེན་བཀག་རྟུག་སྐམས་འཕྱེན་དང་བཤང་བ་འགག །སྐྲན་གཟེར་མིག་རྟུལ་དྲོད་ཆུང་སྙིང་ནད་འགྱུར། །བཤང་བ་བཀག་པས་ཁ་རུ་མི་གཙང་འབྱུང༌། །ཀླད་པ་ན་ཞིང་ཉྭ་འགྱུར་ཆམ་པས་འདེབས། །སྔར་བཤད་ནད་འགྱུར་གཅིན་བཀག་རྡེའུ་ནད་དང༌། །ཆུ་སོ་ཕོ་མཚན་དཀུ་ནང་སྔར་ནད་འབྱུང༌། །དེ་སྨན་རེང་བུ་མས་བཏང་ལུས་བཅིང་དང༌། །བསྐུ་བྱུག་དུགས་དང་སྨན་མར་བསྟེན་པར་བྱ། །ཁུ་བ་བཀག་པས་དེ་འཛག་ཕོ་མཚན་ན། །ཆུ་འགག་རྡེའུ་འཕེལ་དང་མ་ནིང་འགྱུར། མས་བཏང་ལུས་བཅིང་བུད་མེད་སྤྱད་པར་བྱ། །ཏིལ་མར་འོ་མ་ཁྱིམ་བྱ་ཤ་ཆང་བཏང༌། །དེ་ལྟར་ཤུགས་ནི་བཀག་དང་བཙིར་བ་ཡིས། །ནད་ཀུན་འབྱུང་འགྱུར་འཕྲལ་དུ་རླུང་འཁྲུག་པས། །དེ་ཕྱིར་དེ་ཡི་ཟས་དང་སྨན་སྐོམ་སྦྱར། །ནད་གང་སྨྱུང་དང་ཞི་བ་ས་བཞུ་བྱས་ཀྱང༌། རོ་མ་ལྡང་འགྱུར་ལེགས་སྦྱངས་སླར་མི་འབྱུང་། །དེ་ཕྱིར་དགུན་བསགས་གྲང་ནད་དཔྱིད་དུས་སྦྱང་། །སོས་བསགས་དབྱར་སྦྱང་དབྱར་བསགས་སྟོན་དུས་སྦྱང་། །ལེགས་པར་སྦྱངས་པས་རོ་ཐོན་ནད་མེད་འགྱུར།རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས། །ཉམས་ལྡན་བསྟེན་པར་བྱེད་ན་ནད་མི་འབྱུང་། །ནད་ཀུན་མི་སྐྱེ་སྐྱེས་པའང་ཞི་བྱ་འི་ཕྱིར། །གནས་སྐབས་སྤྱོད་པའི་ཆོ་ག་འདི་ཉིད་བསྔགས། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གནས་སྐབས་ཀྱི་སྤྱོད་ལམ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།


previousལེའུ་བཅོ་ལྔ་པ། གནས་སྐབས་ཀྱི་སྤྱོད་ལམ་བསྟན་པ།next