Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
གསུང་རྣམ་པ་ཐམས་ཅད་ལ་བསྔགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་རྣམ་པ་ཐམས་ཅད་ལ་བསྔགས་པ།next

གསུང་རྣམ་པ་ཐམས་ཅད་ལ་བསྔགས་པ།

༈ གསུང་རྣམ་པ་ཐམས་ཅད་ལ་བསྔགས་པ། ཆུན་འཕྱངས་གཉིས་པ། །སྟོན་པ་བདེ་བར་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པ་ལ་བསྔགས་པ་ཨུ་དུམ་ཝཱ་རའི་ཆུན་པོ་ཞེས་བྱ་བ། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བརྗོད་མེད་བརྗོད་པ་ཀུན་གྱི་གཞིར་བཞེངས་ནས། །སྨྲ་བ་མཆོག་གི་ཉི་མ་གཅིག་པུ་རུ། །གཉིས་སུ་མེད་པར་གསུང་གི་ཚུལ་སྟོན་པ། ། ཏོག་གྱུར་དེ་ལ་ཕྱག་འཚལ་ལོ། ༡ །རྒྱལ་བའི་གསུང་ནི་རྣམ་པ་ཐམས་ཅད་དུ།


ZP01_Page_151
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གཅིག་སྒྲ་ལས་དུ་མའི་ཚུལ་གོ་སྟེ། །གང་ཡང་བརྗོད་པ་རྙོག་པ་མི་མངའ་བས། །ཟབ་པའི་ཚུལ་དེའི་རྒྱ་ཆེར་གྱུར་པ་ཡིན། ༢ །ལེགས་པར་སྦྱར་བས་མཁས་པའི་ཡིད་འཕྲོག་ཅིང་། །སྒྲ་དག་དབྱངས་གསལ་སྡེབ་སྦྱོར་ཉམས་པ་མེད། །ཀློག་པའི་ཚུལ་མཛེས་སྐྱེ་གནས་མ་འཁྲུལ་བར། །ཐམས་ཅད་མཁྱེན་པ་ལྷ་ཡི་སྐད་བཞིན་གསུངས། ༣ །ཉུང་ངུ་མ་ཡིན་རྒྱས་པར་སྟོན་པ་སྟེ། །གང་ཡང་དོན་ཟབ་བླུན་པོས་རྟོགས་པ་སླ། །སྙན་པའི་ངག་གིས་ཡིད་ནི་དགར་བགྱིད་དེ། །འགྲོ་བའི་གཙོ་བོས་ཀླུ་ཡི་སྐད་བཞིན་གསུངས། ༤ །དྲག་ཤུལ་ཚུལ་གྱིས་བསྒྲིམ་དེ་སྨྲ་བའི་སྒྲ། །ང་རོའི་གདངས་གསལ་ཟབ་ཅིང་ཡིད་འཕྲོག་པ། །འབྲུག་སྒྲ་ལྟ་བུར་ཟིལ་གནོན་དཔའ་བའི་དབྱངས། །མི་མཆོག་དེ་ནི་གནོད་སྦྱིན་སྐད་དུ་གསུངས། ༥ །སྒྲ་ལ་ཞེན་པ་རྟོག་གེ་སུན་འབྱིན་ཅིང་། །སྒྲ་དང་སྒྲ་མིན་དབྱེ་བ་མི་མཛད་དེ། །ལེགས་སྦྱར་དབྱངས་ལས་སྒྲུབ་པ་མ་བྱས་པས། །གྲུལ་བུམ་སྐད་དུའང་རྒྱལ་པས་ཆོས་རྣམས་སྟོན། ༦ །སྣ་ཚོགས་ཡུལ་དང་ཡུལ་གྱི་བྱེ་བྲག་གིས། །དུ་མར་སྨྲ་ཡང་དེ་ཚུལ་དང་མཚུངས་པའི། །རང་རང་སྐད་དུ་རྣ་བར་མཇེབས་པའི་ངག །མི་རྣམས་སྐད་དུ་ཐུབ་པས་ཆོས་ཚུལ་སྟོན། ༧ །ཚིགས་སུ་བཅད་པ་ཡིད་འོང་སྙན་ངག་ཕྲེང་། །ཚིག་སྙན་དོན་ཟབ་ལུས་དང་རྒྱུན་དུ་འགྲེལ། །སྨྲ་བའི་སྤོབས་པ་མི་ཟད་ཐོགས་མེད་པས། །དྲང་སྲོང་མཆོག་གིས་དྲང་སྲོང་རྗེས་སུ་འཛིན། ༨ །སྲབ་ཅིང་རིང་ལ་ཡངས་ཤིང་བཟང་བ་སྟེ། །


ZP01_Page_152
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་འདབ་ལྟར་རྣམ་པར་དག་གྱུར་པ། །སྟོང་ཁམས་འདི་ཡང་རྒྱས་པར་ཁེབ་ནུས་པའི། །ལྗགས་ཀྱི་དབང་པོ་མཆོག་ཅིག་ཁྱོད་ལ་མངའ། ༩ །བསོད་ནམས་དུ་མས་ཡོངས་སུ་བསྐྲུན་པའི་ངག །འཁོར་གྱི་དཀྱིལ་འཁོར་ཡོད་དགུར་དུས་གཅིག་ཀྱང་། །སྣ་ཚོགས་སྐད་དུ་སྣ་ཚོགས་ཆོས་སྟོན་པ། །ཐུབ་པའི་དབྱངས་ཀྱི་ཡན་ལག་རྒྱ་མཚོ་ཡིན། ༡༠ །ཟབ་ཅིང་ཡངས་ལ་གཏིང་དཔགས་དཀའ་བ་སྟེ། །མཐའ་ཡས་རྒྱ་ཆེ་རྒྱུན་རིང་ཟད་མེད་པར། །ཐུབ་པ་ཆེན་པོའི་གསུང་ནི་འབྲུག་སྒྲ་བཞིན། །གདངས་ཀྱི་བྱེ་བྲག་ཟིལ་གནོན་བརྗིད་པར་གསུངས། ༡༡ །གསུངས་སྙན་དབྱངས་ནི་རང་རང་སྐད་དུ་སྟེ། །གཅུ་དང་འཛེར་བག་འདར་བའི་ཉམས་མེད་པར། །ལྔ་ལྡིབ་མ་ཡིག་དག་གསལ་ཡིད་དུ་འོང་། །ཤིན་ཏུ་འཇེབས་ལ་རྣ་བར་སྙན་པ་ཡིན། ༡༢ །བརྗོད་པ་གང་གིས་བརྗོད་བྱ་གང་སྟོན་པ། །ཚིག་དོན་མ་འཁྲུལ་དོན་དང་ལྡན་པ་སྟེ། །དོན་མེད་མི་གསུངས་གདུལ་བྱས་ཤེས་ནུས་པས། །ཐུབ་པའི་གསུང་ནི་བརྗོད་བྱ་ཟབ་པ་ལགས། ༡༣ །ཐུབ་པའི་བྱིན་རླབས་ཚངས་པའི་དབྱངས་ཀྱི་གསུང་། །གང་ལྟར་བསྟན་པ་དེ་ལྟར་གཟུང་སླ་སྟེ། །གསུངས་གཅིག་གིས་ཀྱང་བསྐལ་པར་དོན་བྱེད་ཅིང་། །བླུན་པོ་ཡིན་ཀྱང་ཤེས་ནི་རྟོགས་པར་ནས། ༡༤ །སུ་ཡིས་གང་ཞིག་དྲི་བའི་ཚིག་སྨྲས་པ། །དེ་དང་དེ་ཡི་འདོད་པ་ཡོངས་སྐོང་ཞིང་། །དུད་འགྲོ་ལ་སོགས་སྣ་ཚོགས་རང་རང་གིས། །སྐད་དག་ལས་ནི་ཅི་འདོད་ཉིད་འཆད་མཛད། ༡༥ །དེ་དག་གི་ཕྱིར་འགྲོ་བ་སོ་


ZP01_Page_153
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཡང་། །ཕྱོགས་དང་ཕྱོགས་ནས་དད་པས་འདུས་གྱུར་ཏེ། །རྨོངས་པར་སོང་བ་ཉམས་པའི་དུད་འགྲོ་ཡང་། །ཐུབ་པ་ཁྱོད་ཀྱི་གསུང་ནི་མཉན་པར་མོས། ༡༦། སྙན་པའི་དཔེ་ནི་འགྲོ་བའི་ཡིད་འཛིན་ཏེ། །དེ་ལས་མི་འགྲོ་དབང་པོ་དེར་གཏོད་ཅིང་། །རྣམ་པར་མི་གཡེངས་གཅིག་ཏུ་དགའ་བའི་ཡིད། །ཐམས་ཅད་མཁྱེན་པའི་གསུང་གིས་ངོམས་པར་རྒྱུར། ༡༧ །ཚིག་གི་དོན་ནི་རྣམ་གྲོལ་ལམ་ཡིན་ཏེ། །ཚིག་གཅིག་གིས་ཀྱང་དོན་མང་མཚོན་ནུས་ཕྱིར། །ཐུབ་པ་ཁྱེད་ཀྱི་སློབ་མར་གང་གྱུར་པ། །ཐར་པའི་ལམ་ལས་ཐ་དད་སོང་བ་མེད། ༡༨། རྟོག་གེ་སྨྲ་བ་གཡོ་རྒྱུའི་བསྟན་བཅོས་བཞིན། །གཟུང་བར་དཀའ་བ་རྒྱལ་བས་མི་སྟོན་ཏེ། །ཐོས་པ་ཙམ་ནས་ཁོང་དུ་ཆུད་པའི་ཕྱིར། །ཁྱེད་ཀྱི་རྗེས་འཇུག་མཁས་པར་ཆུད་པ་མང་། ༡༩ །མ་སྨིན་ལོག་འགྲོ་རྨོངས་པའི་སྐད་ལས་ཀྱང་། །ཆོས་ཀུན་སྟོན་ཅིང་སྨིན་པར་བྱེད་པ་སྟེ། །ཁྱོད་གསུང་ས་བོན་གང་གི་རྣམ་བཏབ་པ། །དེ་ནི་བྱང་ཆུབ་སྙེ་མ་ནམ་ཡང་སྦོམ། ༢༠ །ལྷ་ཡི་ཡུལ་དུ་དབང་པོའི་རྔ་དག་དང་། །དྲི་ཟའི་ཡུལ་དུ་རྒྱུན་མང་། །སྐལ་པར་ལྡན་ལ་ལྗོན་ཤིང་སིལ་སྙན་དང་། །བེམ་པོའི་སྒྲ་དག་ལས་ཀྱང་ཆོས་མང་སྟོན། ༢༡ །མི་གཙང་འདམ་དུ་གསེར་གྱི་བུང་བ་དང་། །གཅན་གཟན་ཁྲོད་དུ་སེངྒེའི་རྒྱལ་པོ་སོགས། །གང་གིས་གང་འདུལ་ད་ཡི་སྐད་དུ་སྟེ། །རྣམ་པ་ཐམས་ཅད་མཁྱེན་པའི་གསུང་ལས་བྱུང་། ༢༢ །གསུང་གི་བྱིན་རླབས་སྤྲུལ་པ་མི་ཟད་པ། །གདུལ་བྱའི་དབང་


ZP01_Page_154
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨོན་ལམ་དབང་ལས་ཏེ། །དེ་ཕྱིར་འགགས་པ་མེད་པ་རྒྱལ་བའི་གསུང་། །གསུང་གསང་རྣམ་པར་འཕྲུལ་ལ་ཕྱག་འཚལ་ལོ། ༢༣ །གསུང་གི་ཡོན་ཏན་སྐལ་པ་བྱེ་བར་ཡང་། །རྡོ་རྗེའི་ལྕེས་ཀྱང་བགྲངས་པར་མི་ནུས་ན། །མཁས་པ་མིན་པ་བདག་འདྲས་ལྟ་ཅི་སྟེ། །ཉུང་ངུའི་ངག་འདི་དད་པའི་ཡིད་ཀྱིས་ཡིན། ༢༤ །དགེ་བ་དེ་ཡིས་ཁམས་གསུམ་འགྲོ་བ་ཀུན། །སྐྱེ་འགག་མེད་པ་རྒྱལ་བའི་གསུང་ཐོབ་ཅིང་། །གསུང་དེར་མོས་པའི་ཨ་བུ་བླུན་པོ་ཡང་། །འཁྲུལ་བའི་ངག་འདིའི་སྒྲིབ་པ་བྲལ་གྱུར་ཅིག་༢༥ །སྟོན་པ་བདེ་བར་གཤེགས་པའི་གསུང་རྣམ་པ་ཐམས་ཅད་པ་ལ་བསྔགས་པའི་སྐབས་རྫོགས་སོ།། །།


previousགསུང་རྣམ་པ་ཐམས་ཅད་ལ་བསྔགས་པ།next