Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ།next

གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ།

༈ གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ། ཆུན་འཕྱངས་ལྔ་པ། སྟོན་པ་བདེ་བར་གཤེགས་པའི་གསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ་མེ་ཏོག་གི་ཆུན་འཕྱངས་ཞེས་བྱ་བ། །བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེའི་ཁམས། །སྲིད་ཞིའི་སྲོག་ཏུ་གྱུར་པའི་དེ་ཁོ་ན། །བརྗོད་མེད་བརྗོད་པའི་


ZP01_Page_163
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་ཆེན་ནཱ་དའི་སྒྲ། རབ་འབྱམས་རྒྱལ་ཀུན་གསུང་གི་རྡོ་རྗེས་སྐྱོངས། ༡ །དག་ཆེན་ཡེ་ཤེས་གཅིག་གི་དབྱིངས་ཁོ་ནར། །ཤེས་བྱའི་རང་ཚུལ་ཞིག་བ་ཟབ་མོའི་ངག །མིང་ཚིག་ཡི་གེའི་སྤྲོས་པས་མ་ལགས་ཏེ། །ཐུགས་ཉིད་གསུང་གི་གསང་བར་གཉིས་སུ་མེད། ༢ །ཆོས་དབྱིངས་རང་བཞིན་བརྗོད་དུ་མེད་པའི་ཁམས། །འཕོ་མེད་དག་པ་སྒྲིབ་བྲལ་དོན་གྱི་གཤིས། །ཡུལ་དང་ཡུལ་ཅན་སྤྲོས་པས་ལྟ་ཅི་སྟེ། །འཛིན་པའི་ཁམས་ལ་གསུངས་ཞེས་དམིགས་སུ་མེད། ༣ །གཅིག་ཏུ་མ་ཡིན་དབྱིངས་རིག་མཉམ་པ་ཆེ། །རྟོག་མེད་རྟོགས་པས་དག་པའི་རང་བཞིན་བྱིན། །སྤྲོས་པས་མ་རླབས་སྤྲོས་བྲལ་ཉིད་ཀྱི་ངང་། །གསུང་གི་གསང་བ་མ་འདྲེས་སོ་སོར་རྟོགས། ༤ །ཐ་དད་མ་ཡིན་ཐིག་ལེ་གཅིག་གི་ཀློང་། །གཉིས་འཛིན་ཅི་ཞིག་ཡོད་མེད་ཡུལ་མིན་ཏེ། །མཐའ་ཡི་མི་ཕྱེད་རྡོ་རྗེ་དེ་ཁོ་ན། །གསུང་གི་དབྱིངས་ནི་རང་བཞིན་མཉམ་པ་ཉིད། ༥ །དག་པས་དགོངས་པ་གཞི་ལས་མི་གཡོ་ཡང་། །ཡེ་ཤེས་སྒྱུ་མའི་བཀོད་པ་བརྡའ་ཡི་ཚུལ། །སྣང་དང་དེ་ཡུལ་ཐ་མི་དད་མཚོན་པ། །གསུང་གི་རང་བཞིན་དག་པའི་མེ་ལོང་བཞིན། ༦ །བརྗོད་མེད་དབྱངས་ཀུན་བརྗོད་པའི་སྤྲར་ཤར་བ། །གདུལ་བྱའི་ཡུལ་ལ་ཚངས་པ་ཆེན་པོའི་དབྱངས། །རྩོལ་བསམ་ཡིན་རང་བཞིན་བབས་ཀྱིས་སྣང་། །གསང་གི་ཕྲིན་ལས་བརྗོད་པའི་བྱ་བ་གྲུབ། ༧ །འདོད་ཆགས་ཆེན་པོའི་བདེ་ཆེན་དག་པའི་མེས། །


ZP01_Page_164
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པའི་འོད་སྣང་དཔགས་མེད་ཆོས་རྒྱལ་པོ། །དག་པས་འདུ་ཤེས་ཡེ་ཡོད་རྟག་པའི་ཁམས། །གསུང་གི་རྡོ་རྗེ་སྐུ་དང་ཡེ་ཤེས་མཛོད། ༨ །རྨོངས་པའི་རྩུབ་རེག་གཞན་ཡང་དམིགས་མིན་ཏེ། །འཇམ་པའི་རྡོ་རྗེ་དཔལ་ལྡན་རྒྱལ་བའི་དབྱངས། །སྒྲིབ་པའི་དྲ་བ་ཡེ་བྲལ་བསྡུར་མེད་པ། །གསུང་གི་ཐུགས་ནི་རྣམ་ཀུན་ཟབ་པའི་དབྱིངས། ༩ །ལྔ་ཕྲག་རང་བཞིན་གསལ་བའི་སྤྱན་རས་ནི། །དག་པས་གཟིགས་པའི་སྣང་བ་རྒྱ་ཆེ་རུ། །གསུང་གཅིག་དབྱངས་ཀྱིས་ཟབ་པའི་གནས་སྟོན་པས། །གསུང་གི་གསུང་ནི་དམིགས་པའི་ཡུལ་ལས་འདས། ༡༠ །མཉམ་པའི་གཞི་ཀློང་ཡེ་གདལ་གཏིང་མཐའ་མེད། །བརྗོད་པའི་ངག་ཀུན་བརྗོད་མེད་གསུང་ཡིན་ཏེ། །རྣམ་གསུམ་སྒྲ་འདི་སྒྲ་ཡི་རྡོ་རྗེ་མ། །གསུང་གི་སྐུ་སྟེ་རྒྱལ་ཀུན་དགྱེས་པ་སྐོང་། ༡༡ །རྨོངས་པའི་མུན་ཆེན་ཟད་བྱེད་སྣང་བའི་ཁམས། །ཆོས་རབ་གསལ་བ་ཡེ་ཤེས་ཉི་མ་སྟེ། །སྲིད་པའི་སྲེད་པ་གཅོད་པའི་དཔལ་གང་བ། །གསུང་གི་ཡོན་ཏན་འགྲོ་བའི་རེ་བ་སྐོང་། ༡༢ །སྒྲིབ་མེད་འཚེར་བའི་དབྱངས་གཅིག་དེ་ཁོ་ན། །འགྲོ་ཁམས་རྣམ་གྲོལ་ལམ་གྱི་རྟ་ཡིན་ཏེ། །ཐེག་པའི་ཚུལ་ཆེན་མགྲིན་པ་ལས་འཕོས་ཀླུ། །གསུང་གི་ཕྲིན་ལས་ཤེས་ཉོན་ཡུལ་ལ་ཁྲོ། ༡༣ །སྲིད་པའི་ལྕགས་ཁམས་འཆིང་བའི་མཀྵི་ཀས། །ལས་ཉོན་འཁོར་བའི་སྒྲོགས་སུ་མི་བགྱིད་ཏེ། །ཡེ་ཤེས་སྒྱུ་མ་ཐབས་ཀྱི་རང་བཞིན་ཉིད། །གསུང་གི་རྣམ་པར་འཁོར་འདས་རོ་གཅིག་སྡོམ། ༡༤ །བསམ་


ZP01_Page_165
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མི་ཁྱབ་འོག་མིན་ཆེན་པོའི་གནས། །གཉིས་འཛིན་སྣང་བ་དབྱིངས་སུ་ནུབ་པའི་གཞི། །རང་སྣང་རང་བཞིན་ཕྱོགས་བྲལ་མཉམ་པའི་ཀློང་། །གསུང་གི་དཀྱིལ་འཁོར་རང་བཞིན་ལྷུན་གྱིས་གྲུབ། ༡༥ །དབང་བཅུའི་རང་བཞིན་ཡོན་ཏན་ཆ་བསགས་སྒྲོ། །ཉོན་མོངས་དུག་ཆེན་ཐབས་ཀྱིས་ཞི་བའི་གར། །བཀྲགས་པའི་རྒྱན་སྣང་རྨ་བྱའི་མགྲིན་བཏེག་པ། །གསུང་གི་གདན་ཁྲི་རྒྱལ་བའི་རྒྱན་དུ་བཀྲམ། ༡༦ །འཁོར་བའི་མུན་པ་མཐར་བྱེད་ཤེས་རབ་ཅན། །རྣམ་གྲོལ་དག་ཆེན་སོ་སོར་རྟོགས་པའི་གདངས། །དྲན་པའི་གསུང་འགྲུབ་གྲུབ་པ་བཞི་ཡི་ཚུལ། །གསུང་གི་སྙིང་པོ་བརྗོད་མེད་ཀློང་ལས་ཤར། ༡༧ །དག་པའི་ཆགས་ཆེན་ཆགས་པ་གཅོད་པའི་མཚོན། །སྐུ་ལས་ལེགས་འོང་ཡེ་ཤེས་སྣང་བའི་གདངས། །དབྱིངས་ལས་རང་ཤར་ཁ་དོག་དམར་པོ་སྟོན། །གསུང་གི་འོད་ཟེར་རང་སྣང་བཀོད་པའི་རྒྱན། ༡༨ །བདེན་ཞེན་གཉིས་འཛིན་འཆིང་བ་ལྟ་ཅི་སྟེ། །རང་བཞིན་གྲུབ་པའི་ཆོས་ཞིག་དམིགས་མིན་ཕྱིར། །རྫུན་སྣང་རང་བཞིན་ཤེས་ཀྱང་དོན་སྨྲ་སྟེ། །གསུང་གི་དམ་ཚིག་འགྲོ་བློའི་ངོར་སྣང་ཙམ། ༡༩ །གང་ཡང་མ་གསུངས་ཅི་ཞིག་གསུང་འགྱུར་ཏེ། གསུང་བར་མི་མཛད་ཚུལ་དེ་རྒྱལ་བའི་གསུང་། །མི་ཤིག་རང་བཞིན་རྡོ་རྗེའི་ཟ་མ་ཏོག །གསུང་བའི་དུས་ནི་བསམ་མི་ཁྱབ་པ་ཉིད། ༢༠ །དབྱངས་འདིའི་རང་བཞིན་བྱིས་བློས་མ་ཡིན་ཏེ། །ཡིད་ཆེས་ཚད་མ་ལུང་གིས་མི་བསླུ་བའི། །རྡོ་རྗེའི་གནས་ལ་གང་གིས་གང་བསྟན་


ZP01_Page_166
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གསུང་གི་ཟབ་དོན་སྤས་པའི་གསང་བར་བཞུགས། ༢༡ །ཡ་ཡིས་མཚོན་པ་ཟླ་གམ་རྡོ་རྗེའི་ལྗགས། །དབང་ཤེས་ཡོངས་རྫོགས་དག་པའི་སེམས་དཔའ་སྟེ། །བགྲངས་བར་མི་སྤྱོད་ཡོན་ཏན་རྒྱ་མཚོའི་གཞི། །གསུང་གི་དབྱིངས་སུ་མ་བྱས་རང་བཞིན་ཤར། ༢༢ །འཕགས་པའི་ཡེ་ཤེས་རྣམ་པར་དག་པས་ཀྱང་། །གསུང་གི་གསང་བ་གཞལ་བའི་ཡུལ་མིན་ན། །སོ་སྐྱེས་བློ་ལས་ཡེ་ནས་འདས་མོད་དེ། །སྤྱི་བརྟོལ་ངག་མིན་གསུང་གི་དོན་བཞིན་སྨྲས། ༢༣ །མོས་པའི་བློ་ཡིས་བློ་ལ་རྗེས་བསྐུལ་ནས། །བློ་བྲལ་གཤིས་ལུགས་གསུང་གི་རྡོ་རྗེ་དེར། །གུས་པ་ཁོ་ནས་རྗེས་བསྔགས་ཚིག་བཅད་སྡེབ། །ཁེངས་དང་མུ་ཅོར་ནོང་ཆ་འདིར་ཡོད་མིན། ༢༤ །གེ་བ་དེ་ཡིས་བརྗོད་བྲལ་ཟབ་མོའི་དོན། །འགྲོ་བའི་རྒྱུད་ལ་རང་བཞིན་སྒྲིབ་བྲལ་ཏེ། །དད་པའི་བློ་གྲོས་ཨ་བུ་ཧྲལ་པོ་ཡང་། །གསུང་གི་རྡོ་རྗེས་རྗེས་སུ་འཛིན་གྱུར་ཅིག །དེ་བཞིན་གཤེགས་པའི་གསུང་གི་གསང་བ་གསང་སྔགས་ཀྱི་ཚུལ་དུ་བསྔགས་པ་བརྗོད་པའི་སྐབས་རྫོགས་སོ།། །།


previousགསུང་གསང་སྔགས་ཀྱི་ཚུལ་ལ་བསྔགས་པ།next