Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུགས་ཟུང་ཚོགས་གཏམ་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ།
   
   
   
   
   
   
   
   
   
   
   
   
   


 
previousལུགས་ཟུང་ཚོགས་གཏམ་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ།next

ལུགས་ཟུང་ཚོགས་གཏམ་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ།


ZP01_Page_339
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཟུང་ཚོགས་གཏམ་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ་བཞུགས་སོ། །


ZP01_Page_340
[མ་དཔེ་གཟིགས་ན་འདིར་གནོན།]

དེང་བསླབ་གསུམ་བསྟན་པའི་སྒྲོན་མེ། སྐྱབས་མགོན་དམ་པའི་གཙོར་མཛད། འཕགས་ཚོགས་འདུས་པ་རྒྱ་མཚོ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་ས་རྨད་དུ་བྱུང་བར་བཞུགས་པ་ནས། གྲལ་མཛེས་པའི་གཏམ་དང་། རྒྱན་མཛེས་པའི་གྲ་རུ་འབོད་པའི་དཔེ་བཞིན། མཁས་པ་དགྱེས་པའི་གཏམ་གྱི་རྣམ་གྲངས་ཅུང་ཟད་ཙམ་དུ་ཞུ་ན། གཏམ་ལ་ཡས་གཏམ་དང་། །མས་གཏམ་གཉིས་སུ་ཡོད་དེ། ཡས་གཏམ་དམ་པ་ཆོས་ནས་གླེང་ན། ཆོས་ཀྱི་ཕུ་ཐག་གང་ལ་ཐུག་པ་སྟོན་པ་སྐུ་གསུམ་གྱི་བྱོན་ཚུལ་ལ་ཐུག །མས་གཏམ་འཇིག་རྟེན་མི་ཆོས་ལྟར་བཤད་ན།


ZP01_Page_341
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ན་རྗེ་ཡི་གདུང་རབས། འོག་ན་འབངས་ཀྱི་མི་རབས། འཇིག་རྟེན་སྲིད་པའི་ཆགས་ཚུལ་ལ་སོགས་པ་བཤད་ན་རྒྱ་ཆེ། བགྲང་ན་གྲངས་མང་། བཤིག་ན་དོན་ཞིབ་པ་མང་པོ་ཡོད་མོད་དེ། མང་པོ་བཤད་ན་གོ་དཀའ། ལྕི་མོ་གྱོན་ན་འགྲོ་དཀའ་བས་ཉུང་བསྡུས་སུ་གླེང་ན། ཇི་སྐད་དུ། སོགས་ཕུན་སུམ་ཚོགས་པ་ལྔ་དང་སྦྲེལ། འཇུག་ཏུ། ལགས་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་བཀྲ་ཤིས་ཀྱི་གྲལ་འཛོམ། རྟེན་འབྲེལ་གྱི་དབུ་ཚུགས་པ་ནས། གྲྭ་ས་བསྒྲིག་གིས་འཛིན། བསྒྲིག་ལམ་ཁྲེལ་གྱིས་འཚོ། །ཞེས་པ་ལྟར། ཡར་བླ་མ་དབུ་ཆོས་ནས་གཙོ་མཛད། མར་འདྲེན་པ་


ZP01_Page_342
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་སྐོར་གྱི་མཐའ་བརྟེན་ཁྲིམས་རང་ས་ནས་བསྡམ་ན་གྱོད་མི་འོང་། གཅུས་ཕུར་རྩ་ནས་དམ་ན་སྣེ་མི་འབུད་ཟེར་བའི་དཔེ་བཞིན། རང་ལམ་ནས་གྲྭ་ས་གོང་མའི་ཕྱག་བཞེས། །བླ་མ་དམ་པའི་གསུང་སྲོལ་དང་མཐུན་པའི་དད་ལྡན་དང་བ་འདྲེན་པའི་རྟེན། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་། མཐོང་ན་མི་མཐུན་པ་མེད་པའི་ཕྱི་ཚུལ་སོ་སོར་ཐར་པའི་གཞུང་ལམ་དང་བསྟུན་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ཁྱེར་སོ་དང་མ་བྲལ་བ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་འདུ་བས་སྡོམ་གསུམ་འགལ་བ་མེད་པར་ཉམས་སུ་ལེན་པ་སྟོན་པ་རྡོ་རྗེ་འཆང་གི་བཅས་ཁྲིམས་ཡིན་པས་ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ལ་དམ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྒྲམ་ལ་ལྕི། ཞེས་འདི་ཕྱི་གཉིས་ཀ་ལ་བསམ་ནས་ཆོས་ཀྱི་ཁྲིམས་རང་ས་ནས་དམ་པ་དགོས་ཤིང་། ཆོས་ཁྲིམས་ལས་འགལ་ན་རྒྱལ་ཁྲིམས་ཀྱི་སྟངས་གཅོད་འོང་བའང་རྒྱ་གར་ཆོས་ཁུངས་བཙུན་པའི་ལོ་རྒྱུས་སུ་བཤད་པ་ལྟར་ཡིན་ལ། འཕྲལ་གྱི་སྤང་བླང་བཅའ་ཁྲིམས་ཀྱི་རིམ་པ། འདི་དང་འདི་ལྟ་བུ་ཡོད་པ་རྣམས་ཀྱང་། སླ་ཆོས་དང་བག་ཡོངས་སུ་མི་མཛད་པ་ཞུ་བྱའི་སྙིང་པོ་ཡིན་ཞིང་། སླད་མར་ཡང་། སྤྱིར་གྱི་ཡངས་


ZP01_Page_343
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་ཁམས་མཐའ་དབུས་མེད་པ་ཀུན་དང་། བྱེ་བྲག་བོད་ཁ་བ་ཅན་གྱི་ཡུལ་གྲུ་མ་ལུས་པ་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་གསར་བའི་དགའ་བ་བླ་ན་མེད་པས་མི་ངོམས་པར་ལོངས་སུ་སྤྱོད་པའི་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་དུ་འབྱེད་ཅིང་། །སངས་རྒྱས་ཀྱི་བསྟན་པ་སྡེ་དང་རིས་སུ་གཅོད་པར་མེད་པར་ནམ་མཁའི་གར་ཁྱབ་ཏུ་དཀར་འཇམ་ཡུག་གཅིག་ཏུ་བརྡལ་ཞིང་། །བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང་ཞབས་པད་རྡོ་རྗེའི་ཁྲི་ལ་གཡོ་མེད་བསྐལ་པ་རྒྱ་མཚོར་ལེགས་པར་བཀོད་ཅིང་། གཅིག་ཏུ་རྣམ་པར་དཀར་བའི་མཛད་འཕྲིན་གོང་ནས་གོང་འཕེལ་དུ་འགྱུར་ཞིང་། རིག་འཛིན་འདུས་པའི་ཚོམ་བུ་རྣམས་ཀྱང་བརྩེ་གདུང་རྒྱུན་ཆད་མེད་པའི་དམ་ཚིག་ཉམས་པ་མེད་པར་ཚེ་ལུས་གཅིག་གིས་མགོན་པོ་རྡོ་རྗེ་འཆང་བླ་ན་མེད་པའི་གོ་སར་ཚོམ་བུ་གཅིག་ཏུ་མངོན་སངས་རྒྱས་ཤིང་། འབྲེལ་ཐོག་ཐམས་ཅད་རྣམ་མཁྱེན་དམ་པའི་ལམ་ལས་གཞན་དུ་མི་འགྱུར་བའི་རྟེན་འབྲེལ་གྱི་མཐུན་འགྱུར་ཀྱང་ཞུ་བ་ལགས།། ༈ །།བླ་མ་ཆོས་ཁྲིམས་སོགས་ལས་སྣེ་རྣམས་ལ། །དང་པོ་བླ་མ་ནི་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག །དངོས་གྲུབ་


ZP01_Page_344
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་འབྱུང་གནས་ཡིན་པས། །བླ་མ་མེད་པའི་གོང་རོལ་ན། །སྔ་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་པ་ལ་སོགས་བརྗོད་པ་ལས་འདས་པའི་ཡོན་ཏན་གྱི་གཏེར་མཛོད་དུ་གྱུར་པ་ཡིན་ལ། བྱེ་བྲག་འདུལ་བ་ལྟར་ན། སུམ་བརྒྱ་པ་ལས། །ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིག་ཕན་འདོགས་ཀྱིས་བརྩོན་པ། །དུས་སུ་འདོམ་པ་དེ་དག་བླ་མར་བསྔགས། །ཞེས་པ་ལྟར། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་དང་། བྱང་སེམས་ལྟར་ན། སྡེ་སྣོད་གསུམ་ལ་མཁས་ཤིང་། རྒྱུད་བྱང་ཆུབ་སེམས་ཀྱིས་ངེས་པར་གང་བས་གཞན་སྣང་གདུལ་བར་ནུས་པ་དང་། གསང་སྔགས་ལྟར་ན་དེ་ཉིད་བཅུ་དང་ལྡན་པ་སྟེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་བ་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་བསྒྲུབས་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབས། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །


ZP01_Page_345
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་ལྟར་རྒྱུད་སྡེ་ཕྱི་ནང་དང་སྦྱར་བའི་དེ་ཉིད་བཅུ་པོ་རྣམས་ཤེས་དགོས་པ་ཡིན་ལ། བྱེ་བྲག་ཏུ་བསྒྲུབ་པ་ཆེན་པོའི་རྡོ་རྗེ་སློབ་དཔོན་ནི་བསྐྱེད་རྫོགས་ལ་བརྟན་པ་ཐོབ་ཅིང་། ལྟ་བ་མ་ནོར་བ་གཞིར་བཞག །དཀྱིལ་འཁོར་བྲི་ཐིག །ཆོ་གའི་ས་བཅད། གང་དང་ཕྱག་རྒྱ། འཆམ་དང་རོལ་མོ་ལ་སོགས་ཕྱག་བཞེས་བསྒྲུབ་འཕྲིན་གྱི་བྱ་བ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་མི་མཁྱེན་པ་ཅུང་ཟད་ཀྱང་མེད་ཅིང་། དེ་དག་ཀྱང་བརྡ་དོན་རྟགས་ཀྱི་སྒོ་ནས་རྒྱུད་སྡེའི་དགོངས་པ་དང་སྦྱོར་ཞིང་། །བྱང་ཆུབ་བསྒྲུབ་པའི་ཐབས་སུ་འགྱུར་ཚུལ་ལ་མ་རྨོངས་པས། གཞན་གྱི་ལད་མོ་དང་། མཐོང་བརྒྱུད་ཙམ་ལས་དོན་གྱི་གོ་བ་མ་ལོང་པ་དང་། རང་བཟོ་དང་ཕོ་ཚོད་ཁོ་ནས་བླུན་པོའི་དབུས་ན་ལེགས་ལེགས་ལྟར་བཅོས་པ་ཙམ་མ་ཡིན་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཀྱི་སྤྱོད་པ་ཇི་སྙེད་པ་ཤེས་ཤིང་རྒྱུད་ལ་སྦྱོར་བ་ཞིག་དགོས་ཏེ། དེ་ཡང་སྔ་འགྱུར་


ZP01_Page_346
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མ་བ་ལྟར་ན། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་ཞེས་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོངས་ཐུན་དང་བཅས་པ། སྨིན་བྱེད་དབང་བཞིའི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཉམས་མྱོང་གདམས་པའི་ཆུ་བོ་དམར་ཁྲིད་གནད་ཡིག་དང་བཅས་པ། ཕྱག་བཞེས་འཕྲིན་བསྒྲུབ་ཀྱི་ཆུ་བོ་བསྟན་བསྲུང་དྲག་སྔགས་དང་བཅས་པ་སྟེ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་ལྡན་པ་དགོས་ཤིང་། དོན་དུ་མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་སྟེ་དམ་པའི་ཚུལ་དགུ་དང་ལྡན་པ་ཞིག་དགོས་ལ། ཁྱད་པར་དབང་དང་རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་ནི། རང་རྒྱུད་ངེས་པར་སྨིན་པ་ཞིག་དགོས་ཏེ། རང་རྒྱུད་མ་སྨིན་པར་གཞན་བྱིན་གྱིས་རློབས་མི་ནུས་ཤིང་། ཁྱད་པར་བླ་མ་ལ་ནི། སྙིང་རྗེ་དང་ལྟ་དགོངས་ཁོ་ན་གཙོ་ཆེ་བ་ལས། ཚུལ་འཆོས་དང་ཁ་བཤད། ཐོབ་དང་རྣམ་གྲངས། སྐྱེ་སྤྲུལ་གྱི་གྲགས་སྙན། རྟ་དྲེལ་གྱི་འུར་རྒྱག །སྒར་ཆས་ཀྱི་གཟི་བརྗིད། ལྟ་སྟངས་ཀྱི་མཛེས་ཆོས་ལྟ་བུའི་ཤེས་པར་མི་ནུས་པའི་རྣམ་གྲངས་རྒྱས་པ་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ་རྒྱས་པར་བསྟན་པ་ལྟ་བུས་རྟོགས་པར་བྱ་དགོས་ལ།། །།


ZP01_Page_347
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཁྲིམས་ནི། འདུལ་བ་ལས། དགེ་སློང་ལས་བྱེད་པ་ཞེས་སྨྲོས་ལ། དགེ་འདུན་གྱི་བྱ་བ་ལ་དབང་ཞིང་དཀོར་རྫས་ལ་འབག་དགོས་པས། མགོན་པོ་ཀླུ་སྒྲུབ་ཀྱིས། དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ། །གང་ཟག་ལས་བྱེད་རྣམས་སུ་བདག་མ་སྐྱེ། །ཞེས་སྨོན་ལམ་དུའང་མཛད་ལ། དེ་ལས་དགེ་བསྐོས་དམ་བཞག་པ་ཞེས་ཆོས་ཁྲིམས་ཡིན་ཏེ། །དེའང་རང་ཁྲིམས་ལ་གནས་ནས་གཞན་ཁྲིམས་སུ་བཙུད་དགོས་པ་ཡིན་པས། ཆོས་ཀྱི་ཁྲིམས་ནི་སྡོམ་པ་གསུམ་སྟེ། ཕྱི་འདུལ་བའི་བཅས་ཁྲིམས། ནང་བྱང་སེམས་ཀྱི་བསླབ་ཁྲིམས། གསང་བ་རིག་འཛིན་སྔགས་ཀྱི་སྡོམ་ཁྲིམས་དང་གསུམ་ཡིན་ཞིང་། དེ་ཐམས་ཅད་ལ་བཅས་འགལ་གྱི་ཉེས་པ་སྤུ་ཙམ་ཡང་མ་གོས་པ་ནས། གཞན་འགལ་ན་དེ་བསྐུལ་ནས་ཆོས་བཞིན་དུ་དེ་བཤགས་སུ་འཇུག་པ་ཡིན་ལ། དེ་ཡང་ཆོས་བཞིན་དུ་བཤགས་ན་འདགས་པས། ལུས་སྲོག་དང་རྒྱུ་ཐོག་ནས་ཆད་པ་མི་འོང་བས་ཆོས་ཁྲིམས་དར་གྱི་མདུད་པ་ཞེས་འཇམ་པའི་དཔེར་བཞག་ལ། འགལ་ནས་མ་བཤགས་ན་འདི་ཕྱི་གཉིས་ཀར་ཕུང་བས་འདའ་དཀའ་བས་ན་དམ་པའི་དཔེར་ཡང་བཞག་པ་ཡིན་ལ། ཆོས་ཁྲིམས་ལས་འགལ་ཀྱང་འཇིག་རྟེན་ལུགས་ཀྱི་ཉེས་ཆད་


ZP01_Page_348
[མ་དཔེ་གཟིགས་ན་འདིར་གནོན།]

དབབ་པ་ནི། སྟོན་པ་སངས་རྒྱས་ཀྱིས་མ་གནང་སྟེ། ང་ཡི་རྗེས་འཇུག་ཇི་ལྟར་ཞན་ན་ཡང་། །སྐྱེ་བོ་ཕལ་བ་བརྒྱ་ཡིས་དོ་ཟླ་མིན། །ཞེས་གླ་བ་ཤི་ཡང་གླ་རྩི་དང་། གླང་པོ་ཤི་ཡང་གི་ཝཾ་ཡོད་པའི་དཔེ་བཞིན། སངས་རྒྱས་ཀྱི་རྗེས་འཇུག་ཚུལ་ཁྲིམས་རལ་ཀྱང་ད་དུང་ཡོན་ཏན་གྱི་ཆ་འགའ་ཙམ་ཡོད་ངེས་པས་རྒྱལ་པོ་ལ་སོགས་པས་ཆད་པ་གཅད་ན་དེ་ལ་རྩ་ལྟུང་འབྱུང་བར་བཤད་པ་ལྟར་ཡིན་པས། ཆོས་ཀྱི་ཁྲིམས་ཆོས་ཁྲིམས་ཀྱིས་སྡོམ་དགོས་ཤིང་། སྡོམ་རྒྱུའི་ཁྲིམས་ཀྱི་རྣམ་གྲངས་རང་གི་མ་ཤེས་ན་སྡོམ་རྒྱུ་དང་། ཁྲིམས་འཇོག་རྒྱུ་གཉིས་ཀ་མེད་དེ། ལྟུང་བ་འབྱུང་བའི་སྒོ་བཞིའི་དང་པོའང་། མི་ཤེས་པ་ཞེས་ཐོག་མེད་བཞེད་པ་ཡིན། ཞེས་པ་ཡིན་ཕྱིར། འདུས་པ་སྤྱིའི་བྱ་བཞག་བསྒྲིགས་སྲོལ་ཐམས་ཅད་སྡོམ་པ་གསུམ་གྱི་ཁོངས་སུ་མ་འདུས་པ་ཅུང་ཟད་མེད་པས་དེ་དག་ཐམས་ཅད་ཤེས་ཤིང་རང་ཉམས་ལ་སྦྱོར་བ་ཞིག་དགོས།། ༈ །།དབུ་མཛད་ནི། འདུལ་བ་སོགས་ལས་མ་བཤད་ཀྱང་། གསང་སྔགས་ཀྱི་ཚོམ་བུ་ཚོགས་ཀྱི་བསྒྲུབ་པའི་སྐབས་སུ་སྐད་གདངས་ཆེ་ཞིང་ལས་ཁྲིགས་ལ་མཁས་པའི་ཀརྨ་གདངས་ཆེན་ཞེས་འཁོར་ཕུན་སུམ་ཚོགས་པའི་གྲལ་དུ་བཤད་


ZP01_Page_349
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ཡང་གསང་སྔགས་ཀྱི་ཕྲིན་ལས་ཐམས་ཅད་ཆོ་ག་ལ་རག་ལས་ཤིང་། ཆོ་ག་མཛེས་པར་བྱེད་པ་གདངས་དབྱངས། གདངས་དབྱངས་ཁྲིགས་སུ་འཇུག་པ་རོལ་མོ་ལ་ལྟོས་ཤིང་། རྒྱལ་བ་དགྱེས་པར་བྱེད་པ་ལུས་ཀྱི་སྟངས་སྟབས་གར་དང་ཕྱག་རྒྱ། ངག་གི་གྱེར་ཚིག་རྡོ་རྗེའི་གླུ། ཡིད་ཀྱི་ཏིང་ངེ་འཛིན་གསལ་འདེབས་པ་ཆོ་གའི་གཞུང་སྟེ། །ཕྱག་བཞེས་ཕྲིན་ལས་ཀྱི་རྣམ་གྲངས་ཀུན་གྱི་དང་པོ་སྣ་འདྲེན། བར་དུ་ཚུགས་འཛིན། འཇུག་ཏུ་གཅོད་མཚམས་ཤེས་ཤིང་བྱེད་པ་པོ་ཡིན་པས་ན་དབུ་མཛད་དམ་བྱང་འདྲེན་པ་ཞེས་བཤད་པ་ཡིན་ལ།། ༈ །།མཆོད་དཔོན་ལ་ནི། གསང་སྔགས་ཀྱི་རྒྱུད་སྡེ་ནས་ལས་ཀྱི་རྡོ་རྗེ་ཞེས་གསུངས་ཤིང་། དཀྱིལ་འཁོར་གྱི་རྒྱན་དང་ཡོ་བྱད། བྲི་ཐིག་གི་རྣམ་གྲངས་ལ་སོགས་རྡོ་རྗེ་སློབ་དཔོན་གྱི་ཕྱག་ལེན་ཆེ་ཕྲ་ཀུན་གྱི་ཞབས་ཕྱིར་འབྱོར་བ་དགོས་པས་དེ་དག་ཐམས་ཅད་ལ་མཁས་ཤིང་བྱང་ཆུབ་པ་དགོས་ལ། ཁྱད་པར་ནང་གསང་སྔགས་ཀྱི་མཆོད་པ་ཀུན་གྱི་གཙོ་བོ་སྨན་རག་གཏོར་གསུམ་དུ་ངེས་པས་གཏོར་མའི་རྣམ་གྲངས་དུ་མ་དག་ནི་མཛེས་ཤིང་ཡིད་དུ་འོང་ལ་བརྗིད་ཅིང་ལྷུན་ཆགས་པ་རྒྱན་དང་མེ་རི། ཚོན་དང་རི་མོའི་རྣམ་


ZP01_Page_350
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྒྱལ་བ་དགྱེས་པ་སྐོངས་ཤིང་དཀྱིལ་འཁོར་མཛེས་པར་བྱེད་པའི་ལག་གི་བཟོ་ལ་མཁས་པ་དང་། ཁྱད་པར་ཆོ་གའི་སྐབས་སུ་ལས་ཀྱི་རྡོ་རྗེས་བགྱི་བར་འོས་པའི་ཕྱག་བཞེས་དུ་མ་ཞིག་བྱུང་བ་རྣམས་ཀྱང་དེ་དང་དེའི་སྐབས་སུ་མ་ནོར་བར་ངེས་པར་ཤེས་པ་དགོས་ལ། འཕྲལ་གྱི་སྤྱོད་ལམ་ཞི་བས་ཤིང་ཚུལ་དང་མཐུན་པ་སོགས་དགོས་ལ།། ༈ །།སྤྱིར་ཚོམ་བུ་ཚོགས་སྒྲུབ་ཀྱི་འཁོར་དུ་འདུས་པ་ཐམས་ཅད་ཀྱང་། ཇི་སྐད་དུ། སྒྱུ་འཕྲུལ་ལས། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །ཏིང་འཛིན་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་མཚན་ཉིད་དྲུག་ལྡན་དུ་བཤད་པ་ངེས་པར་འཛོམ་དགོས་པ་ལགས་ཤིང་དེ་དག་གི་རྣམ་གྲངས་རྒྱས་པར་ཚིག་ཚོགས་ཉུང་ངུས་ཤེས་པར་མི་ནུས་པས་རེ་ཞིག་དེ་ཙམ་མོ།། །།དགེའོ། །དགེའོ། །དགེའོ།།


previousལུགས་ཟུང་ཚོགས་གཏམ་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ།next