Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མནྜལ་རྣམ་བཤད་ཚོགས་གཉིས་ལམ་བཟང་།
   
   
   
   
   
   
   
   
   
   
   
   


 
previousམནྜལ་རྣམ་བཤད་ཚོགས་གཉིས་ལམ་བཟང་།next

མནྜལ་རྣམ་བཤད་ཚོགས་གཉིས་ལམ་བཟང་།


ZP01_Page_351
[མ་དཔེ་གཟིགས་ན་འདིར་གནོན།]

མནྜལ་རྣམ་བཤད་ཚོགས་གཉིས་ལམ་བཟང་བཞུགས་སོ། །


ZP01_Page_352
[མ་དཔེ་གཟིགས་ན་འདིར་གནོན།]

མནྜལ་གྱི་མདོར། །བ་ལྕི་ཆུང་བཅས་སྦྱིན་པ་སྟེ། བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆག་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཞེས་གསུངས་པ་ལྟར་རོ། །མནྜལ་ལག་གཡོན་མེ་ཏོག་དང་བཅས་པའི་ཡོ་འཁྱོག་མེད་པར་བཟུང་ལ། གཡས་པས་མནྜལ་ལན་གསུམ་ཕྱི་ཞིང་ཡི་གེ་བརྒྱ་བཟླས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པར་བསམ་པ་དང་། མནྜལ་གྱི་གཞི་དེ་ཉིད་རྒྱ་མཚོ་ཆེན་པོ་ཁ་དོག་སྔོ་ལ་ཤིན་ཏུ་དངས་པ་ཞིག་དུ་བསམ། །དེ་ནས་


ZP01_Page_353
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡས་པའི་མཐེབ་འཛུམ་ཀྱི་བར་དུ་མེ་ཏོག་ཅུང་ཟད་བཟུང་། སོར་མོ་ལྷག་མ་རྣམས་བརྐྱངས་ལ་དྲི་བཟང་དང་བ་བྱུང་གིས་སྦགས་སྟེ། སྙིང་རྗེ་བྱང་སེམས་ཀྱི་རླན་དང་མི་འབྲལ་ཞིང་སྦྱིན་པ་རྣམ་བཞི་ཡོངས་སུ་གཏོང་བའི་བརྡར་མནྜལ་གྱི་མཐའ་སྐོར་ནས་གཡོན་སྐོར་དུ་བྱས་ལ་རིམ་པར་བྱུག་ཅིང་ངག་ཏུ་ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་སོགས་ཞེས་བརྗོད་པ་ན། མནྜལ་དེའི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཁྱོན་ཚད་ལས་འདས་པ་ལམ་གྱིས་གྲུབ་པར་བསམ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་མུ་ཁྱུད་ཀྱིས་


ZP01_Page_354
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་ཞེས་པ་དང་མཉམ་དུ་སྔར་དྲིའི་ཐིག་ལེ་ཕྱུགས་བཞིན་པའི་ལག་པ་མ་བཏེག་པའི་འཕྲོ་ལས། སྲིན་ལག་གིས་མནྜལ་གྱིས་མཐའ་བསྐོར་ཞིང་། །དབུས་སུ་ཧཱུྃ་ཞེས་བརྗོད་པ་དང་། གཡས་པའི་མཐེབ་འཛུབ་ན་ཡོད་པའི་མེ་ཏོག་དབུས་སུ་བཞག་པས་བགེགས་བསལ་བར་བསམ་པའམ། ཡང་ན་རི་རབ་བསྐྱེད་པའི་ས་བོན་ཡིན་པར་མངོན་ཞིང་ལུགས་གཉིས་གང་འཐད་བརྟག་པར་བྱ། སླར་ཡང་དེ་གའི་སྟེང་དུ་རི་རབ་གླིང་བཞི་གླིང་ཕྲན་རྣམས་འགོད་ཅིང་། ཤར་གླིང་དབྱིབས་ཟླ་གམ་ཆུ་ཤེལ་གྱི་རང་བཞིན། ལྷོར་སོག་ཁ་བཻཌཱུརྱ་རང་བཞིན། ནུབ་ཟླུམ་པོ་པདྨ་རཱ་ག་བྱང་གྲུ་བཞི་གསེར་གྱི་རང་བཞིན་དུ་བསམ་མོ། །ཤར་གླིང་གི་ནང་དུ་རིན་པོ་ཆེའི་རི་བོ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ཅན་རྒྱ་དཔང་ལ་ཚད་བཟུང་མེད་པ། ལྷོ་གླིང་གི་ནང་དུ་དཔག་བསམ་གྱི་ཤིང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཅན་རྩ་སྡོང་ཡལ་འདབས་མེ་ཏོག་འབྲས་བུ་ལ་སོགས་དགོས་འདོད་འབྱུང་བའི་ཡོན་ཏན་གྱིས་དུད་པ། ནུབ་གླིང་གི་ནང་དུ་འདོད་འཇོའི་བ་དམར་སེར་གཟུགས་བཟང་ཞིང་ལྟ་ན་སྡུག་པ་རང་གི་ཡོན་ཏན་དང་ལྡན་པ། བྱང་གླིང་གི་ནང་དུ་མ་རྨོས་པའི་ལོ་ཏོག་རོ་བཅུད་ཕུན་


ZP01_Page_355
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པའི་འབྱུང་ཁུང་། རིན་པོ་ཆེའི་རི་བོའི་མདུན་དུ་འཛམ་བུའི་ཆུ་བོ་གསེར་སྦྱངས་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་ཉི་མའི་གཟི་བྱིན་འཕྲོག་པ། དཔག་བསམ་ཤི་ཏ་གི་མདུན་དུ་ནོར་བུ་རིན་པོ་ཆེ་བཻཌཱུ་རྱ་ཟུར་བརྒྱད་པ་འོད་ཟེར་གྱིས་དཔག་ཚད་བརྒྱའི་བར་གྱི་ཁོར་ཡུག་ཀུན་གྱི་མུན་པའི་གོ་སྐབས་འཕྲོག་པར་བྱེད་ཅིང་། ཚ་བས་གདུངས་ན་བསིལ་བར་ནུས་པ། གྲང་བས་གདུངས་ན་དྲོ་བར་ནུས་པ་གང་དུ་གནས་ཀྱང་ས་ཕྱོགས་དེའི་སྐྱེ་བོ་ཀུན་གྱི་མི་དགེ་བའི་རྒྱུ་སོགས་མཐའ་དག་སེལ་བར་ནུས་ཤིང་ཡིད་ལ་སྨོན་ཚད་འགྲུབ་པའི་རང་བཞིན་ཅན། འདོད་འཇོའི་བའི་མདུན་དུ་བཙུན་མོ་རིན་པོ་ཆེ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་། ཡོན་ཏན་བརྒྱད་དང་ལྡན་པ་ཤིན་ཏུ་ཡིད་འཕྲོག་པ། རེག་པ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བར་ནུས་པ་བྲམ་ཟེའི་བུ་མོ་གཟུགས་ཀྱི་ཉི་མ་ལྟ་བུ། མ་རྨོས་པའི་ལོ་ཏོག་གི་མདུན་དུ་བློན་པོ་རིན་པོ་ཆེ་གཟུགས་བཟང་ཞིང་སྟོབས་ཆེ་བ། རྩལ་དང་ལྡན་ཞིང་ཐམས་ཅད་ལ་དཔྱད་བཟོད་པ། སའི་བདག་པོ་ལ་སྙིང་ཉེ་ཞིང་ངང་གིས་བརླིང་པ་དེད་དཔོན་བཞིན་བཟང་ལྟ་བུ། ལུས་དང་རྔ་ཡབ་གྱི་བར་མཚམས་ཤར་ལྷོར་གླང་པོ་རིན་པོ་ཆེ་ཁ་


ZP01_Page_356
[མ་དཔེ་གཟིགས་ན་འདིར་གནོན།]

དོག་ཐལ་སྐྱ་མཆེ་བ་དྲུག་ལྡན། སྤྱི་གཙུག་དམར་ཞིང་དཔངས་མཐོ་བ་ནོར་བུའི་དཝྲ་བས་གཡོག་པ། གླང་ཆེན་ཕལ་པ་སྟོང་གི་སྟོབས་ཤུགས་མངའ་ཞིང་། གངས་ལྡན་གྱི་ས་འཛིན་ཐང་ལ་ཕབས་པ་ལྟར་དལ་གྱིས་འགྲོ་བ་གླང་ཆེན་ས་སྲུང་ལྟ་བུ། རྔ་ཡབ་དང་ལམ་མཆོག་འགྲོའི་བར་མཚམས་ཀྱི་ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེ་ཁ་དོག་སྔོན་པོ་སྤུ་རྨ་བྱའི་མགྲིན་པ་ལྟར་སྡུག་ལ་ནད་གཅོད་མེད་ཅིང་ཡིད་དུ་འོང་བ། ཞོན་པའི་ཚེ་འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་བར་ནུས་པའི་བང་འགྲོས་ཅན་རྟའི་རྒྱལ་པོ་ཅང་ཤེས་བྷ་ལ་ཧ་ལྟ་བུ། གཡོ་ལྡན་དང་གླིང་ཆུང་སྒྲ་མི་སྙན་གྱི་ཟླ་བའི་མཚམས་ཀྱི་ནུབ་བྱང་དུ་དམག་དཔོན་རིན་པོ་ཆེ་སྙིང་སྟོབས་དང་ལྡན་ཞིང་སྒྱུ་རྩལ་དང་གཡུལ་གྱི་བྱ་བ་ལ་མཁས་པས་དཔུང་ཚོགས་ཡན་ལག་བཞི་པའི་འགྲོ་ལྡོག་ལ་གོམས་ཤིང་གོ་ཞུབ་ཀྱིས་སྤྲས་པ། གཟི་བྱིན་བཟོད་པར་དཀའ་བ་རྒྱལ་ཆེན་མིག་མི་བཟང་ལྟ་བུའམ། ལུགས་གཞན་དུ་ཁྱིམ་བདག་རིན་པོ་ཆེ་འབྱུང་བའི་ཚེ་ན། སྐྱེ་བོ་ཐམས་ཅད་རབ་ཏུ་དགའ་བར་བྱེད་པའི་བསོད་ནམས་ཀྱི་མཐུ་ཕུན་སུམ་ཚོགས་པ། གཡོ་སྒྱུ་མེད་ཅིང་ཅི་བྱས་པ་ཤེས་ལ་དྲིན་བཟོ་བ་རྡོ་རྗེ་དང་། རིན་པོ་ཆེ་དང་། མཐོན་ཀ་


ZP01_Page_357
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མར་གད་དང་། སུ་ཝརྣ་དང་། སྤུག་ལ་སོགས་པའི་བང་མཛོད་ཀྱིས་ཕྱུག་པ་རྣམ་ཐོས་ཀྱི་བུ་ལྟ་བུའོ། །སྒྲ་མི་སྙན་དང་ལུས་འཕགས་ཀྱི་བར་མཚམས་ཀྱི་བྱང་ཤར་དུ་གཏེར་ཆེན་པོའི་བུམ་པ་དགོས་འདོད་ཀུན་ཚང་རིན་པོ་ཆེའི་འཕྲས་སྤྲས་པ། འཁོར་ལོ་རིན་པོ་ཆེའི་མདུན་དུ་སྒེག་མོ་མ་མཛེས་ཤིང་ལྟ་ན་སྡུག་པ་སྒེག་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྟོན་པ། ནོར་བུ་རིན་པོ་ཆེའི་མདུན་དུ་ཕྲེང་བ་མ་ཕྲེང་བ་འཛིན་ཞིང་བཞིན་ལག་ངོམ་པ། བཙུན་མོ་རིན་པོ་ཆེའི་མདུན་དུ་གླུ་མ་འགྱུར་ཁུག་དང་ལྡན་པའི་གླུ་ལེན་པ། བློན་པོ་རིན་པོ་ཆེའི་མདུན་དུ་གར་མ་རྣམས་འགྱུར་དཔག་གིས་མི་ལང་པའི་གར་རྩེ་བ། མེ་ལྷའི་གླང་པོ་རིན་པོ་ཆེའི་མདུན་དུ་མེ་ཏོག་མ་འགྱུར་ཞིང་མེ་ཏོག་འཆང་བ། སྲིན་པོའི་རྟ་མཆོག་རིན་པོ་ཆེའི་མདུན་དུ་བདུག་སྤོས་མ་བདུག་སྤོས་འཛིན་པ། རླུང་ལྷའི་དམག་དཔོན་རིན་པོ་ཆེའི་མདུན་དུ་སྣང་གསལ་མ་སྣང་བྱེད་ཀྱི་མར་མེ་འཛིན་པ། དབང་ལྡན་གྱི་གཏེར་བུམ་ཆེན་པོའི་མདུན་དུ་དྲི་ཆབ་མ་དུང་ཞལ་འཛིན་པ། སྒེག་མོ་མོའི་མདུན་གྱི་ནམ་མཁའ་ལ་མེ་ཤེལ་ལས་གྲུབ་པའི་ཉེ་མའི་དཀྱིལ་འཁོར་འོད་ཟེར་འབར་བ། གླུ་མའི་མདུན་གྱི་སྟེང་གི་ནམ་མཁའ་ལ་ཆུ་ཤེལ་


ZP01_Page_358
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར་དངས་ཤིང་གསལ་བ། གར་མའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། ཕྲེང་བ་མའི་མདུན་གྱི་ནམ་མཁའ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཤིང་ལྡེམས་པ། དེ་དག་གི་དབུས་ཀྱི་བར་མཚམས་རྣམས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་མ་ཚང་བ་མེད་པའི་ཕྱུར་བུར་བཀའ་ཞིང་། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་ཀྱང་རང་རང་ལ་མངའ་བའི་ཡོན་ཏན་ཆ་མཐུན་གྱིས་ལོངས་སྤྱོད་ཉི་ཟེར་ལ་རྡུལ་འཁྲིགས་པའམ། ཁ་ཆར་བུ་ཡུག་འཚུབས་པ་ལྟ་བུར་ལོང་ལོང་དུ་འཕྲོ་ཞིང་། དེ་འདྲ་བའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་བཤད་མ་ཐག་པའི་མནྜལ། རྡུལ་སྙེད་དུ་འཁྲིགས་ཤིང་སོ་སོའི་སྐྱེ་བོའི་བློས་དཔག་པར་མི་ནུས་ཤིང་མཐའ་གཏུགས་པ་མེད་པའི་བར་དུ་ཏིང་འཛིན་གྱིས་རྣམ་པར་སྤྲུལ་ནས་འབུལ་བ་ནི་ཀུན་བཟང་མཆོད་སྤྲིན་དུ་གྲགས་ལ། །ལུགས་ལ་ལར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་གཅིག་གི་ཐུགས་ཀ་ནས། འོད་ཟེར་བྱེ་བ་ཐེར་འབུམ་ཁུག་པ་གསུམ་གྱིས་གྲངས་ཀྱིས་ཀྱང་མི་ཆོད་པར་སྤྲོས་པའི་སྣེ་མོར་ཀུན་བཟང་རོ་སྤྲོས་ཏེ་མནྜལ་


ZP01_Page_359
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་པོར་བགྱིས་ནས། དེ་ལྟ་བུ་རེ་རེའི་ལྟེ་བ་ལས་ཀྱང་འོད་ཟེར་དེ་འདྲ་བ་སྤྲོས་ནས། མཁའ་ཁྱབ་ཏུ་ཕུལ་བ་ལ་ཀུན་ཏུ་བཟང་པོའི་མནྜལ་དུ་བཞེད་པའོ།། །།ཨ་བུ་ལྷོད་པོའི་བྲིས་པའོ།། །།


previousམནྜལ་རྣམ་བཤད་ཚོགས་གཉིས་ལམ་བཟང་།next