Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆུ་གྲུ་ལུགས་ཀྱི་རྣམ་བཤད།
   
   
   
   
   
   
   
   
   
   
   


 
previousཆུ་གྲུ་ལུགས་ཀྱི་རྣམ་བཤད།next

ཆུ་གྲུ་ལུགས་ཀྱི་རྣམ་བཤད།


ZP01_Page_361
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གྲུ་ལུས་ཀྱི་རྣམ་བཤད་བཞུགས་སོ། །


ZP01_Page_362
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གྲུ་ལུས་ཀྱི་རྣམ་བཤད་པ། །ཆོས་དང་དོན་སྤོབས་ངེས་པའི་ཚིག །སོ་སོ་ཡང་དག་མཁྱེན་ལྡན་པ། །འཇམ་མགོན་སྙིང་གི་ཉི་མ་ལ། །བཏུད་དེ་འདིར་ནི་བཤད་པར་བྱ། གང་གི་ཚེ་རྒན་པ་དག་བག་ཕེབ་པར་གཞི་རུ་གནས་ཤིང་། །དོན་དང་བྱ་བ་འགའ་ཞིག་གི་ཕྱིར་གཞོན་པ་དག་ཕྱོགས་ཕྱོགས་སུ་སོང་ངོ ། །དེ་དག་སོང་ནས་རང་གི་དོན་དང་བྱ་བ་འགའ་ཞིག་གི་དོན་གང་ཡིན་པ་དེ་སྒྲུབ་ནས་སླར་འོང་བས་རྒན་པ་དག་གིས་དྲིས་པ། ཨ་བུ་དག་ལོ་བརྒྱ་དག་ཅི་ཞིག་ནི་ཐོས། ཅི་ཞིག་ནི་གོ ། བཤད་པར་བྱ་བ་ནི་ཅི་ཞིག་ཡོད། གཞོན་པས་སྨྲས་པ། སྐུ་ཚེ་ལགས། དགུང་ལོ་ལགས། ཐོས་པ་དང་། གོ་བ་དང་། བཤད་པར་བྱ་བ་ནི་ཆུ་གྲུ་ལུས་ཀྱང་མེད་དོ། །རྒན་པས་སྨྲས་པ། །གཞོན་ནུ་ཁྱོད་ཀྱིས་སྨྲས་པ་དེ་དག་གི་དོན་ཁ་ཅིག་ནི་ཁོ་བོས་གོ་ལ། ཁ་ཅིག་ནི་མ་གོ་སྟེ། དེ་ཡང་ཐོས་པ་ཞེས་བྱ་བ་ནི། ཕྱོགས་དང་ཕྱོགས་སུ་གྲགས་པའི་སྐད་ཆ་ཁྱེད་ཀྱི་རྣ་ལམ་ལ་ཐོས་པ་ཅུང་ཟད་ཡོད་དམ་ཞེས་དྲིས་པ་ལ་དེ་མེད་དོ་ཞེས་ཟེར་བ་སྟེ་དེ་ནི་གོའོ། །གོ་བཞེས་པ་ནི་གཞན་དག་གི་བྱ་བ་ཁ་ཅིག་ཐོས་པའམ། མཐོང་བ་ལས་དེ་ནི་དེ་ལྟ་བུ་དག་ཡིན་ནོ་སྙམ་དུ་རང་གི་ཡིད་ལ་ངེས་པར་གྱུར་པ་དག་སྟེ། དེ་ལྟ་བུ་ཡང་མེད་དོ་ཞེས་པ་དེ་ཡང་གོའོ། །འོན་ཀྱང་གཞོན་ནུས་ཆུ་གྲུ་ལུས་ཀྱང་མེད་དོ་ཞེས་པ་ནི་ཁོ་བོས་མ་གོ་ན་འདི་ཇི་ལྟར་ཡིན། འདི་ཇི་ལྟར་ཤེས་པར་བྱ། གཞོན་པ་དག་གིས་སྨྲས་པ། ཐོས་པ་དང་གོ་བ་ཞེས་པའི་དོན་ཉིད་ཀྱིས་མཁྱེན་པ་དེ་ལགས་ན། ཆུ་གྲུ་ལུས་ཀྱང་མེད་དོ། །ཞེས་པ་ནི་དོན་དེ་གསལ་བར་བྱ་བའི་ཁོ་བོས་དཔེ་བསྟན་པ་ཡིན་ནོ། །རྒན་པ་དག་གིས་སྨྲས་པ། གཞོན་ནུ་ཆུ་གྲུ་ལུས་ཞེས་པ་དེའི་


ZP01_Page_363
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ནི་གང་ཡིན། དོན་ནི་ཇི་ལྟར་ཤེས་པར་བྱ། གཞོན་པས་སྨྲས་པ། ཆུ་གྲུ་ལུས་ཞེས་པ་དེའི་དོན་ཡང་གསུམ། དཔེ་ཡང་གསུམ་སྟེ། འདི་ལྟར་ཆུ་ནི་འཇིག་རྟེན་གྱི་དྲི་མ་དང་སྐོམ་པ་སེལ་བའི་ཕྱིར་རྒྱ་མཚོ་ཆེན་པོ་ནས་འོང་སྟེ་ཕྱོགས་ནས་ཕྱོགས་སུ་འགྲོ་ཞིང་། མཐར་ཆུ་ཐམས་ཅད་ཀྱི་གནས་རྒྱ་མཚོ་ཆེན་པོ་དེར་གཞོལ་ཞིང་བབས་པ་ཡིན་མོད་ཀྱི། ཆུ་དེ་ལ་ནི་ཕྱོགས་དང་ཕྱོགས་ནས་བསྣོན་པ་དང་བྲི་བ་དང་རྙོགས་པ་དང་དྲི་མར་གྱུར་པ་ཅུང་ཟད་མེད་དེ། སྔར་རྒྱ་མཚོ་ནས་ཇི་ལྟར་སོང་བ་ལྟར་ཕྱིས་ཀྱང་རྒྱ་མཚོ་ཆེན་པོར་སླར་འོང་མོད་ཀྱི། ཆུ་བོ་ཆེན་པོ་དག་འགྲོ་བའི་ལམ་དེ་དང་དེ་དག་ཏུ་ནི་གཞན་འགའ་ཞིག་གིས་བཏུང་བ་དང་། བཀྲུ་བ་དང་། བསྐྱུར་བ་ལ་སོགས་པ་བྱེད་པ་ལྟར་ནི་སྣང་ངོ ། །དེ་བཞིན་དུ་ཁོ་བོ་དག་རང་གི་ཁྱིམ་ནས་དོན་དང་བྱ་བ་འགའ་ཞིག་གི་ཕྱིར་ཕྱོགས་དང་ཕྱོགས་སུ་འགྲོ་ཞིང་། །དེ་དང་དེ་དག་ཏུའང་། འགའ་ཞིག་དང་འཕྲད་པ་དང་། གཏམ་བྱ་བ་དང་། དགའ་བར་བྱ་བ་ལ་སོགས་པ་ནི་ཡོད་མོད་ཀྱི། སྔར་མ་ཐོས་པ་དང་། མགོ་བ་དང་། མ་ཤེས་པ་དག་གསར་དུ་གོ་བ་དང་ཐོས་པ་ནི་ཅི་ཡང་མེད་དེ་དཔེར་ན་ཆུ་ཀླུང་དག་བཞིན་ནོ། །ཞེས་པ་སྟེ། འདི་དཔེ་དང་དོན་གཉིས་དང་པོའོ། །ཡང་འདི་ལྟར་གྲུ་ནི་གཞན་དག་སྒྲོལ་བར་བྱ་བའི་ཕྱིར་ཚུ་རོལ་ནས་ཕ་རོལ་དུ་འགྲོ་བ་དེ་ལས་ཀྱང་སླར་འོང་སྟེ་དེ་ལྟར་འགྲོ་བ་དང་ལྡོག་པ་རྒྱུན་ཀྱང་མི་ཆད་ལ། གྲུ་དེས་ནི་རེས་འགའ་ཚོང་བ། རེས་འགའ་མགྲོན་པོ་གཞན། རེས་འགའ་བུད་མེད་དང་། དགེ་སློང་། བླ་མ། བྲམ་ཟེ།


ZP01_Page_364
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་པོ། །ཤན་པ་ལ་སོགས་པ་བསྒྲལ་ཏེ་འགྲོ་ཡང་། གྲུ་དེ་སླར་འོང་བའི་ཚེ་ན་ནི་སྔར་ཅི་འདྲ་བ་དེ་འདྲ་བ་ལས། བྲི་བ་ཡང་མེད། གང་བ་ཡང་མེད་དོ། །འགའ་ཞིག་གི་བཟང་པོའམ་ངན་པར་བྱ་བ་བྱས་པ་ཡང་མེད་ལ་སྔར་ཅི་འདྲ་བ་དེ་བཞིན་དུ་ཡོད་མོད་ཀྱི་གྲུ་དེ་ད་དུང་ཀྱང་ཡང་ནས་ཡང་དུ་ཚུ་རོལ་ནས་ཕ་རོལ་དང་ཕ་རོལ་ནས་ཚུ་རོལ་དུ་འགྲོ་ཡང་དགོས་སོ། །དེ་བཞིན་ཏུ་ཁོ་བོ་ཡང་རང་གི་ཁྱིམ་ནས་ཀྱང་ཁྱིམ་གཞན་ཏུ་འགྲོ་དེ་ནས་ཀྱང་སླར་རང་གི་ཁྱིམ་དུ་འོང་སྟེ་གཞི་དེ་ལྟ་བུ་ཡང་ནས་ཡང་དུ་འགྲོ་ཞིང་ལྡོག་པར་བྱེད་པ་ལ་སོགས་པ་དེའི་ཚེ་རེས་འགའ་སྐྱེས་པ་དང་། རེས་འགའ་བུད་མེད་དང་། རེས་འགའ་བྱིས་པ་དང་འཕྲད་པ་དང་། མཐོང་བ་དག་ཡོད་མོད་ཀྱི་དེ་དག་ལས་བདག་གིས་ཅུང་ཟད་སྔར་མ་གོ་བའམ། མ་ཐོས་པ། གསར་དུ་གོ་པ་དང་ཐོས་པ་ནི་ཅུང་ཟད་ཀྱང་མེད་དོ། །དཔེར་ན་གྲུ་དང་འདྲ་ཞིང་ད་དུང་ཡང་ནས་ཡང་དུ་ཁོ་བོ་འགྲོ་ཡང་དགོས་ཏེ། འདི་དཔེ་དང་དོན་ཡང་གཉིས་པའོ། །ཡང་དེ་དག་གི་ལུས་ནི་ཆུ་ལས་སྒྲོལ་བར་བྱ་བའི་ཕྱིར་གྲུ་ནང་དུ་འཇུག་ཀྱང་། གྲུ་ནང་ནས་སླར་ཡང་འབྱུང་ཀྱང་གྲུ་ནང་དེ་ནས་ནི་མི་དེའི་རྙེད་པའམ་ཐོབ་པར་གྱུར་བའང་ཅུང་ཟད་ཀྱང་མེད་པ་ལ། གྲུ་དེར་མི་དེའི་ལུས་པར་འགྱུར་པའམ་བཞག་པར་གྱུར་བ་ཅུང་ཟད་ཀྱང་མེད་དེ་གྲུ་ཡང་སྔར་བཞིན། མི་ཡང་སྔར་བཞིན་འཇུག་ཅིང་འབྱུང་མོད་ཀྱི་མི་དེ་གྲུར་འཇུག་པ་ལ་དོན་ཅུང་ཟད་ཀྱང་མེད་པའང་མིན་ནོ། །དཔེ་དེ་བཞིན་དུ་ཁོ་བོ་ཡང་རང་གི་ཁྱིམ་ནས་གཞན་དུ་འཇུག་ཅིང་འབྱུང་མོད་ཀྱིས་སྐད་མ་གོ་བའམ་མ་ཐོས་པ་གསར་དུ་བཤད་པར་བྱ་བ་ནི་ཅུང་ཟད་ཀྱང་མེད་དེ་


ZP01_Page_365
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་དོན་མ་གྲུབ་པ་ཡང་མིན་ནོ། །དེའི་ཕྱིར་གྲུར་འཇུག་པའི་ལུས་ཀྱི་དཔེ་སྟེ། འདི་ཡང་དཔེ་དང་དོན་གསུམ་པའོ། དེ་ལ་ཆུ་ནི་གཞི་ཡིན་ལ། གྲུ་ནི་ཆུ་ལ་འཇུག །ལུས་ནི་གྲུར་འཇུག་པའི་ཕྱིར། ཆུ་ལ་གྲུ་གནས། གྲུར་ནི་ལུས་གནས་པས་དེ་དག་གི་སྔ་ཕྱི་རྟེན་དང་བརྟེན་པའི་གོ་རིམ་གྱི་དབང་གིས་ཀྱང་ཆུ་གྲུ་ལུས་ཞེས་དཔེ་གསུམ་པོ་རིམ་བཞིན་ཏུ་བཞག་པ་ཡིན་ནོ། །ཡང་ཁོ་བོ་ནི་འདི་ལྟར་ཕྱོགས་གཞན་དང་གཞན་གྱི་མི་ཞིག་ན་པ་དང་ཤི་བར་གྱུར་པ་དེ་དང་དེ་དག་གི་སྐུ་རིམ་མམ་དགེ་རྩའི་ཕྱིར་ཡང་ནས་ཡང་དུ་དགེ་འདུན་གྱི་ཚོགས་སུ་འགྲོ་སྟེ་དེར་ནི་ཁོ་བོས་བཟླས་པ་དང་། ཀློག་པ་དང་། སྒོམ་ཕལ་སོགས་པ་གཞན་ལ་ཕན་པ་འགའ་ཞིག་གི་ཕྱིར་ཞུགས་པ་ཡིན་ལ། རེས་འགའ་ནི་རང་གི་དོན་ཕྲན་བུ་དག་གི་ཕྱིར་ཡང་འགྲོ་ཞིང་འོང་བ་དེ་དག་གི་ཕྱིར་ཡང་དཔེ་གསུམ་དུ་རིམ་པ་བཞིན་བཞག་པ་སྟེ། དེ་ཡོན་བདག་གི་སྐུ་རིམ་ཀྱི་ཕྱིར་འགྲོ་བ་ནི་ཆུ་ཀླུང་གི་དཔེ་དང་འབྲེལ་ཏེ། ཆུ་ཀླུང་གིས་འགྲོ་བ་དག་གི་དྲི་མ་དང་སྐོམ་པ་སེལ་ཞིང་ཕན་པ་དུ་མ་བྱེད་དེ་སྲོག་གནས་པར་བྱེད་ཅིང་མཐར་རྒྱ་མཚོ་ཆེན་པོར་འཇུག་པ་བཞིན་ཏུ་ནད་ཀྱི་དྲི་མ་སེལ་ཞིང་། གདོན་གྱི་གནོད་པ་སྐོམ་པའི་ཟུག་རྔུ་ལྟ་བུ་མེད་པར་བྱེད་ལ་སྨན་གྱི་མཐུ་བསྐྱེད་པ་ལ་སོགས་ཕན་པ་དུ་མ་བྱེད་ཅིང་ཐོག་ཡུན་རིང་དུ་གནས་པར་བྱེད་དེ་བྱ་བ་དེ་དག་མཇུག་བསྔོ་བས་རྒྱས་འདེབས་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོར་འབབ་པ་དེའི་ཕྱིར་ན་ཆུའི་དཔེ་དང་འབྲེལ་ལོ། །ཤི་བ་དག་གནས་སྦོར་བའི་ཕྱིར་འགྲོག་ནི་གྲུའི་དཔེ་དང་འབྲེལ་ཏེ། མགྲོན་པོ་དག་ནི་ཚུ་རོལ་གྱི་གནས་ནས་ཕ་རོལ་གྱི་གནས་


ZP01_Page_366
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་འདོད་པ་ཡིན་ལ། དེའི་ལམ་བར་དུ་ཆུ་ཀླུང་ཆེན་པོ་དག་གིས་བཅད་པའི་ཕྱིར། རང་སྟོབས་ཀྱིས་འགྲོ་མི་ནུས་ཏེ། །ཁོ་བོ་ལ་སོགས་འཕགས་པའི་དགེ་འདུན་དང་དམ་པའི་ཆོས་ཀྱི་གྲུ་བོ་ཆེ་ལ་བསྟེན་ན་བར་དོའི་རྣམ་ཤེས་ཆུ་ནང་གི་མི་ལྟར་བསྒྱུར་སླ་བ་དེ་ཐར་པའི་སྐམ་སར་འཁོད་པའི་ཕྱིར་འདི་ནི་གྲུའི་དཔེ་དང་འདྲའོ། །གནས་སྐབས་ཀྱི་དོན་ཕྲ་མོ་དག་གི་ཕྱིར་འགྲོ་བ་ལུས་ཀྱི་དཔེ་དང་འབྲེལ་ཏེ། ལུས་ནི་ཆུའི་དོན་དུའང་གྲུར་འཇུག་པ་མིན། གྲུའི་དོན་དུའང་མ་ཡིན། །གཞན་སུའི་དོན་དུའང་མ་ཡིན་ཏེ་ལུས་ནི་རང་ཉིད་དང་རང་ལ་བརྟེན་པའི་ཞྭ་གོས་ཙམ་ཆུ་ལས་སྒྲོལ་བ་འབའ་ཞིག་གི་ཕྱིར་འཇུག་པ་དེ་དང་འདྲ་བར་ཁོ་བོ་ཡང་གནས་སྐབས་ཀྱི་དོན་ཕྲན་བུ་དག་གི་ཕྱིར་འགྲོ་བའི་ཚེ་རང་དང་རང་ལ་བརྟེན་པའི་གྲོགས་ཁྱེད་ཅག་གི་བྱ་བ་ཅུང་ཟད་དེའི་ཕྱིར་འགྲོ་བར་ཟད་ཀྱིས། དེ་ལས་གཞན་པའི་དོན་གང་ཡང་མེད་པའི་ཕྱིར་ན་ལུས་ཀྱི་དཔེ་དང་འདྲའོ། །དཔེ་གསུམ་པོ་དེ་དག་གི་སྐབས་སུ་རང་གི་དོན་དང་དོན་གང་ཡིན་པ་དེ་དང་དེ་དག་ནི་ཡོད་ལ་དེ་ལས་གཞན་པའི་དོན་གོ་བའམ་ཐོས་པའམ། བཤད་པར་བྱ་བ་ནི་ཅུང་ཟད་ཀྱང་མེད་པ་དེ་བཞིན་དུ་ཁོ་བོ་ལ་རང་ཉིད་གང་གི་དོན་དུ་ཕྱིན་པའི་དོན་དེ་དང་དེ་དག་ནི་ཡོད་ལ། དེ་ལས་གཞན་པའི་གོ་བའམ། ཐོས་པའམ། བཤད་པར་བྱ་བ་ནི་ཅུང་ཟད་ཀྱང་མེད་དེ་དེའི་ཕྱིར་ཁོ་བོས་ཆུ་གྲུ་ལུས་ཞེས་པའི་དཔེ་དོན་གསུམ་པོ་འདི་བཞག་པ་ཡིན་ནོ། །ཆུ་གྲུ་ལུས་ཀྱི་དོན་འདི་བྲི་ན་ཡང་། །ཚོང་ཁང་ཇི་སྙེད་ཤོག་བུ་ཟད་འགྱུར་ཞིང་། །མཁན་པོ་ཇི་སྙེད་སྣག་ཚ་ཟད་འགྱུར་གྱི། །ཁོ་བོའི་བློ་གྲོས་ཟད་པར་མི་འགྱུར་ཏེ། །ཆུ་གྲུ་ལུས་ཀྱི་དོན་ཀྱང་


ZP01_Page_367
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་དོ། །རྒན་པོ་དག་གིས་སླར་སྨྲས་པ། ཨོཾ་མ་ཎི་པདྨེ་ཧཱུྃ། རྟག་ཏུ་སྡུག་བསྔལ་ལ་སྤྱོད་པའི། །འགྲོ་བ་དྲུག་ལ་སྤྱན་རས་ཀྱིས། །རྟག་ཏུ་གཟིགས་པའི་ཐུགས་རྗེ་ཅན། །མགོན་པོ་དེ་ལ་གུས་པས་འདུད། །འདི་ན་རྒྱུད་འགྲེལ་རྩོམ་པ་འགས། །རྒྱུད་ཚིག་རྣལ་མ་རྩ་བཞིན་པོར། །དོན་མེད་ས་ཡི་མཐའ་རྒྱུན་སྦྱར། །དེ་ལ་ཚིག་རྒྱན་ཀྱང་ཡང་སྦྱར། །ཆུ་གྲུ་ལུས་གསུམ་གནས་སྐབས་འགལ། །རྒྱུད་དང་མཐུན་པར་འགྲེལ་པ་རྩོམ། །རྒྱུ་མཚན་བཟུང་ན་ཆུ་གྲུ་ལུས། །ཚིག་བཀྲལ་རྒྱུད་དང་བསྟན་བཅོས་སོགས། །དབང་པོ་ལུང་གི་སྦྱོར་མེད་ལ། །ཚིག་གཉོག་ནགས་འགྲོས་སུ་བཀོད་ནས། །འགྲེལ་པའི་ཕུང་པོ་ཞིག་རྩོམ་པ། །དཔྱད་ན་རྩ་འགྲེལ་མ་འབྲེལ་བའི། །འགལ་འདུ་དུ་མ་ཞིག་མཆིས་ཀྱང་། །རེ་ཞིག་རྒོལ་བ་མི་བྱེད་ཀྱང་། །སླར་ཡང་བཞེད་ན་སྤྲོས་པས་ཆོག །ཅེས་སོ། །ཡང་དེའི་ལན་ནི། །སྤྱིར་ན་འཆད་རྩོད་རྩོམ་པ་གསུམ། །དགོན་སྡེའི་མགོ་འཛིན་བྱེད་པ་ལ། །མེད་ཐབས་མེད་པ་དེ་ལགས་པས། །ཁྱེད་ཀྱང་རྩོད་པའི་འབྱམས་ཡིག་འདི། །རྩོམ་པར་བྱེད་པ་ལགས་མོད་ཀྱི། །ཆུ་གྲུ་ལུས་ཀྱི་རྣམ་བཤད་འདི། །དགོན་སྟོད་མཁས་པ་མང་ལ་གྲགས། །གཞུང་བཤད་དགེ་བའི་དཔལ་བ་ཁོང་། །བསྒོམ་པའི་བློ་གྲོས་གཏིང་ན་གསལ། །དཔེར་ན་བུམ་ནང་མར་མེ་འདྲ། ཁོ་ཐག་ནང་ནས་ཆོད་དེ་མཆི། །ནམ་ཕུག་རྒོལ་བས་མི་བརྫི་བའི། །གདེངས་ཤིག་སེམས་ལ་མ་ཐོབ་པར། །མ་བརྟགས་ཅ་ཅོར་གསུང་མི་སྲིད། །


ZP01_Page_368
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་བྱེད་དཔལ་གྱི་དགེ་བ་དེ། །གཞུང་བརྒྱ་འབྱེད་པའི་རྣམ་དཔྱོད་ཡོད། །ཚིག་བརྒྱ་སྨྲ་བའི་སྤོབས་པ་ཡོད། །སྔ་རྒོལ་བྱས་ན་དམ་བཅའ་བརྟན། །རང་འདོད་བསྒྲུབ་པའི་བློ་གྲོས་ཡོད། །ཕྱི་རྒོལ་བྱས་ན་རྩོད་རིགས་རྣོ། །གཞན་འདོད་བཤིགས་པའི་རྣམ་རིག་ཡོད། །རིག་ལམ་མེ་དཔུང་འབར་བ་འདྲ། །གང་ཡང་ཁོང་གི་གྲོགས་སུ་འགྲོ། །གནས་བརྟན་བློ་གྲོས་བཟང་པོ་དེ། །བློ་གསལ་སྟོང་གི་སློབ་དཔོན་ཡིན། །མཁས་མང་འདུ་པའི་འདུ་ས་ཡིན། །དཔེ་ཡང་ཁོང་གི་ཟུང་ནས་འབྱུང་། །འདི་ལ་རྒོལ་དུ་ཅིས་ཀྱང་དཀའ། །འབྲུ་དྲུག་མ་ཎི་པདྨ་འདི། །ཆོས་ཀྱི་སྙིང་པོ་ཡིན་པ་སྐད། །དར་བ་བོད་ཡུལ་ཡོངས་ལ་དར། །ཤེས་པ་རྒད་མོ་རྣམས་ཀྱང་ཤེས། །འདོན་པ་སྤྲང་པོ་རྣམས་ཀྱང་འདོན། །བྲི་བ་བྱིས་པ་རྣམས་ཀྱང་བྲི། །མཁས་པས་བསྟན་བཅོས་རྩོམ་པ་ལ། །མ་ཎིའི་འགྲོས་སྒོ་ཡོད་རབ་མེད། །རྩ་བ་ཚིག་འབྲུ་གསུམ་པོ་དེ། །སྔོན་ཆད་སྙན་ནས་སྙན་དུ་བརྒྱུད། །འགྲེལ་བྱེད་ཁོང་གི་མ་གཏོགས་པ། །དཔེ་ལ་འཁོད་པ་མ་བྱུང་སྐད། །དེ་ལ་ས་མཐའ་མེད་པ་འདི། །སྒྲུབ་བྱ་ཡིན་ཀྱི་སྒྲུབ་བྱེད་མིན། །རྩ་བ་རྒྱུད་དུ་ཁྱེད་བཞིད་ཅིང་། །ཆུ་གྲུ་ལུས་གསུམ་སྐབས་དུ་མར། །འབྲེལ་བ་ཞལ་གྱིས་བཞེས་ལགས་ན། །འགལ་ན་སྒྲུབ་དུ་མི་ནུས་ཏེ། །འབྲེལ་བའི་ཕྱིར་ན་རྒྱུད་དོ་ཞེས། །བཀའ་བསྟན་ཡོངས་ལ་རླུང་ལྟར་གྲགས། །ལུང་གི་དག་བྱེད་རིག་པ་ནི། །མཁས་མང་མདུན་སར་གྲགས་ལགས་ན། །རིག་པ་ལས་ལྷག་ལུང་མི་


ZP01_Page_369
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །དགོས་ཀྱང་ཁོང་ལ་ཡོད་དེ་མཆི། །ཚིག་བྱས་ནག་འགྲོས་བཀོད་པ་དེ། །བཀའ་བསྟན་འགྲེལ་བྱེད་སྤྱི་ཡི་སྲོལ། །ཕྱག་ལེན་ཐབས་སུ་སྤྲད་པ་ཞིག །རྙིང་བོན་ཆོ་ག་འགའ་ཞིག་ལ། །ཡོད་པར་སྲིད་ཀྱིས་གཞན་ཏུ་མིན། །ད་དུང་འགལ་འདུ་མང་པོ་ཞིག །སྤྲོ་རྒྱུ་ཡོད་ན་ཅིས་ཀྱང་སྤྲོས། །མེད་ན་རྩོད་རྒྱུ་བློ་མེད་གྱིས།། །།དགེའོ།། །དགེའ།། །དགེའོ།།


previousཆུ་གྲུ་ལུགས་ཀྱི་རྣམ་བཤད།next