Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུལ་ཡིག་ལེའུ་ཚན་དང་སྤྲིང་ཡིག
   
   
   
   
   
   
   
   
   


 
previousའབུལ་ཡིག་ལེའུ་ཚན་དང་སྤྲིང་ཡིགnext

འབུལ་ཡིག་ལེའུ་ཚན་དང་སྤྲིང་ཡིག


ZP01_Page_389
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ཡིག་ལེའུ་ཚན་དང་སྤྲིང་ཡིག་བཞུགས་སོ།། །།


ZP01_Page_390
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་མཆོག་གི་སྣང་བ་ཡིས། །རྨོངས་པའི་མུན་པ་རབ་བསལ་ནས། །ཐར་པའི་ལམ་བཟང་སྟོན་མཛད་པ། །བླ་མེད་བླ་མ་རྒྱལ་གྱུར་ཅིག །ཡང་དག་ཡེ་ཤེས་སྒྱུ་མའི་རྟེན་འབྲེལ་ལས། །མཚན་དཔེའི་རི་མོ་བཀྲ་བ་གཟུགས་ཀྱི་སྐུ། །སྲིད་པའི་གདུང་བ་སེལ་བའི་འོད་དཀར་ཅན། །བསོད་ནམས་བྱེ་བའི་འབྱུང་གནས་གང་དྲུང་དུ། །སོར་བཅུའི་པདྨོ་འཛུམ་པའི་རྣམ་འགྱུར་ལས། །དད་བརྒྱའི་ཀུ་མུད་དགོད་པའི་དཔལ་རྟོགས་པའི། །དགེ་མཚན་གསར་དུ་ངོམ་དང་ཆབ་གཅིག་པར། །ཞུ་མཆིད་རྒྱུ་སྐར་ལྷ་མོའི་མགྲིན་གླུ་སྒྲོགས། །གཅིག་དང་དུ་མའི་མཐའ་ལ་གནས་མིན་པའི། །རྒྱལ་བའི་ཡེ་ཤེས་གཅིག་གི་ཆོ་འཕྲུལ་ལས། །འགྲོ་ཁམས་མོས་པའི་བྱེ་བྲག་ཅི་སྙེད་དུ། །རྣམ་རོལ་སྤྲུལ་པའི་ཟླ་བ་བགྲངས་ཡས་འཆར། །གང་ཡང་རང་བཞིན་མེད་པར་རོ་གཅིག་པས། །ངང་ཚུལ་ཅིར་ཡང་འཆར་བ་ཆོས་ཉིད་ཕྱིར། །སྟོང་དང་རྟེན་འབྲེལ་འགལ་བ་མེད་ཚུལ་ལས། །སྲིད་དང་ཞི་བའི་ཆོས་ཁམས་གང་ཞིག་གདའ། །དེ་ཕྱིར་ཆོས་ཉིད་དག་པའི་ཆོས་སྐུ་ལས། །རྟེན་འབྱུང་ཡེ་ཤེས་འཁོར་ལོའི་སྒྱུ་འཕྲུལ་སྤྲིན། །སིནྡྷུའི་དྭངས་མཚོར་སྨིན་པ་མཚོ་སྐྱེས་རྗེ། །སྙིགས་འགྲོའི་མགོན་དུ་གྱུར་པ་ཁྱོད་མིན་ནམ། །སྣང་བའི་བདེན་ཞེན་ཟད་པའི་རིག་ངོ་ན། །རྙེད་བཀུར་མཚན་མར་འཛིན་


ZP01_Page_391
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བློ་ཟད་ཀྱང་། །སྙིང་རྗེའི་རྩ་བ་བརྟན་པའི་བྱང་སེམས་ཀྱིས། །ཕང་ཕུང་སྲིད་པའི་གདུང་སེལ་ལྷག་པར་རྒྱས། །གང་གི་བྱིན་རླབས་ཐུགས་རྗེའི་གྲིབ་བསིལ་དུ། །བསྟི་བའི་ངལ་བསོ་ཐོབ་པའི་སྐལ་བཟང་ཡང་། །མཐོ་རིས་ཡོན་ཏན་དུ་མའི་དགའ་བ་ལས། །རོལ་པའི་དཔལ་འབྱོར་གསར་དུ་བསྐྱེད་མིན་ནམ། །དེ་སླད་བརྩེ་བའི་མ་ལ་བུས་པོས་བཞིན། །རབ་དགའི་མིག་དཀྱུས་གཡོ་དང་ཆབ་གཅིག་པར། །དངོས་འབྱོར་མཆོད་པའི་མེ་ཏོག་ཆུང་ངུ་ཡང་། །ཞུམ་མེད་སྟོབས་པའི་ཚུལ་ལ་སྤྲོ་བ་འཕེལ། །གང་ཞིག་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་མགོན་གྱི་སློབ་དཔོན་པདྨ་འབྱུང་གནས་ཉིད་གདུལ་དཀའ་སྙིགས་མའི་འགྲོ་ངོར་སླར་ཡང་སྤྲུལ་པའི་རོལ་གར་གཉིས་པར་བསྟན་པ། ཟབ་མོ་གཏེར་གྱི་འཁོར་ལོས་བསྒྱུར་བ་ཆེན་པོ་གང་ཉིད་སྔོན་སྨོན་ལམ་ཟབ་མོའི་རྟེན་འབྲེལ་དང་། ཐུགས་བསྐྱེད་བླ་ན་མེད་པའི་མཚམས་སྦྱོར་ལས། །མདོ་ཁམས་སའི་ལྟེ་བ། རུ་དམ་འཛིན་མའི་ལྗོངས་འདིར། ཞབས་ཀྱི་འཁོར་ལོ་ལེགས་པར་བཀོད་དེ། །ཁོ་བོ་ཅག་གང་དུ་བསྟི་བའི་གཙུག་ལག་ཁང་ཆེན་པོ་འདིར་ཡང་། །བཀྲ་ཤིས་པའི་དགེ་མཚན་བརྒྱ་ཕྲག་གི་བྱེད་པོ། །ཞལ་དཀྱིལ་ཟླ་བ་གང་པའི་ལང་ཚོ།


ZP01_Page_392
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བཟང་མིག་གི་བདུད་རྩིར་སྣང་བར་མཛད་ནས། །སྨིན་གྲོལ་ཟབ་མོའི་དགའ་སྟོན་གྱིས་རིགས་མཆོག་རྡོ་རྗེ་འཆང་གི་རྒྱལ་སར་དབང་བསྐུར་བ་དང་། མཐོང་ཐོས་དྲན་རེག་གིས་འབྲེལ་པའི་སྐལ་མེད་ཐར་བའི་ས་བོན་འདེབས་པ་དང་། རྟེན་འབྲེལ་ཟབ་མོའི་ཚོགས་སྣོད་བཅུད་དགེ་ལེགས་སུ་བྱེད་པའི་ཐབས་མཁས་ངོམ་པ་སོགས་གང་ལ་གང་འདུལ་གྱི་མཛད་པ་དཔགས་དཀའ་བའི་ཐུགས་རྗེ་གཞལ་དུ་མེད་པའི་བཀའ་དྲིན་གྱིས་སྐྱོང་བར་མཛད་པའི་སྐུ་དྲིན་ནམ་མཁའི་མཐའ་བཞིན་གཞལ་བར་ནུས་པ་མ་ཡིན་མོད་ཀྱིས། །རང་བློས་བྱས་ཤིང་དྲིན་བཟོའི་སྲོལ་ཀ་མི་ནུབ་པའི་བརྡ་ཙམ་དུ་ཐོག་མར་བཀྲ་ཤིས་ལྷ་གོས་ཟླ་བའི་མདངས་ཅན་བཀྲ་ཤིས་པའི་རི་མོ་བཀྲ་བ་སོགས། བརྒྱ་ཕྲག་གསུམ་གྱི་འབུལ་ལམ་ཞུ་ཞིང་། དེ་ལྟར་དངོས་འབྱོར་ཟང་ཟིང་གི་མཆོད་པ་ཕྲ་མོའི་མཚོན་པའི་རྟེན་དུ་བྱས་ཏེ་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རྗེས་སུ་སློབ་པའི་མོས་འདུན་རྣམ་པར་དག་པ་དང་བཅས་དགེ་ཚོགས་བྱང་ཆེན་དུ་བསྔོ་བའི་ཚིགས་སུ་བཅད་པའི་དབྱངས་ལ་འཁོར་གསུམ་བདེན་ཞེན་དག་པའི་ཟག་མེད་ཐུགས་ཀྱི་དགོངས་པས་རྗེས་སུ་དགོངས་ཤིང་། ཚངས་དབྱངས་གསུང་གི་བརྗོད་པའི་མཐུན་གྱུར་ཀྱང་བཀའ་དྲིན་དུ་ཞུ་ལགས། །གང་ཞིག་བྱང་ཆེན་རྒྱ་


ZP01_Page_393
[མ་དཔེ་གཟིགས་ན་འདིར་གནོན།]

མཚོར་རོ་གཅིག་པའི། །སེམས་མཆོག་སྙིང་རྗེས་ཤུགས་ཀྱིས་སྲིད་འགྲོ་སྤྱིའི། །རྣམ་མཁྱེན་ཡེ་ཤེས་རྒྱ་མཚོའི་ཚོང་ཟོང་དུ། །སྦྱར་ལ་ཡིད་འོང་འབྲས་བུ་ཅིས་མི་སྨོན། །གནས་སྐབས་བྱང་ཆུབ་སྤྱོད་པ་བླ་ན་མེད། །ཀུན་བཟང་འཇམ་དཔལ་དཔའ་བོའི་རྗེས་སློབ་པའི། །ཐབས་ཚུལ་ནམ་མཁའི་ཕྱོགས་དུས་ལ་འགྲན་ལ། །མིང་ལ་བརྩོན་པའི་ཁུར་དུ་ཐོབ་པར་སྨོན། །དེ་འབྲས་མ་རྒན་འགྲོ་བའི་དགའ་སྟོན་དུ། །གྱུར་ནས་སྲིད་པའི་དུཿཁ་ཀུན་ཞི་ཞིང་། །ལམ་དང་ལམ་གྱི་སྟེགས་ལ་བདེར་འཛེགས་པའི། །བགྲོད་པ་ནོར་བུས་ཐེམ་སྐས་རྟེན་གྱུར་ཅིག །ཁྱད་པར་སྙིགས་མའི་སྐྱབས་མགོན་ཨོ་རྒྱན་རྗེ། །ཕྲིན་ལས་ནམ་མཁའི་མཐས་ཀྱང་གཞལ་དཀའ་བར། །གསལ་བྱེད་སྤྲུལ་པའི་རོལ་གར་འབུམ་ཕྲག་འབུམ། །མཐོང་བའི་སྐལ་བཟང་དགའ་བ་རྟག་འཆར་ཤོག །གང་ལ་མཆོག་གི་མཛད་པ་མཆོག་གྱུར་བ། །གང་ཡང་བདེ་ཆེན་བདེ་བར་སྡོམ་པའི་མགོན། །གང་དུ་གདུལ་བྱའི་གླིང་བཞིར་གླེང་གྱུར་བ། །གང་གི་ཞབས་པད་བསྐལ་བརྒྱའི་བསྐལ་མཐའ་བརྟན། །ཞལ་མཇལ་གསུང་གི་བདུད་རྩི་ལེགས་བཏབ་པའི། །བདག་ཅག་ལྟོས་བཅས་སློབ་མའི་འཁོར་ཚོགས་ཀྱང་། །སྨིན་གྲོལ་ལམ་གྱི་སྦྱངས་བརྩོན་མི་དམན་ཞིང་། །ཀུན་


ZP01_Page_394
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཐོང་སྒོམ་འབྲས་བུ་དར་གྱུར་ཅིག །ས་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་ཀུན། །སྙིགས་མའི་རྒུད་པ་མིང་གི་མཐར་བྱས་ཏེ། །རྫོགས་ལྡན་གསར་དུ་མཐོང་བའི་ངོ་མཚར་གྱིས། །སྣོད་བཅུད་གསུམ་རྩེན་གནས་ལ་འགྲན་པར་སྨོན། །སྨོན་འོས་ལེགས་ལམ་སྟོང་གི་རྒྱུད་གཅིག་ཏུ། །ཟབ་གཏེར་བདུད་རྩི་གསར་བའི་རྒྱུན་བཟང་པོར། །བཤད་སྒྲུབ་སྦུ་ཕྲེང་བྱེ་བའི་གར་རོལ་བ། །སྲིད་པའི་མཐའ་རྒྱ་འགེབ་ལ་རྒྱལ་གྱུར་ཅིག །རྙིང་བསྟན་ལྷ་ལམ་ཡངས་པའི་དོ་ར་ན། །བཀའ་གཏེར་ཉི་ཟླའི་བགྲོད་པ་ཕྱོགས་མཐུན་པའི། །དགེ་ལེགས་ངེས་པ་ལྔ་ལྡན་ཞིང་བཞིན་དུ། །འཛམ་གླིང་ཡངས་པའི་ཁམས་ཀུན་འགེངས་གྱུར་ཅིག །སྔོན་བྱོན་ཆོས་རྒྱལ་ཡབ་སྲས་ཐུགས་བསྐྱེད་རྒྱུན། །ཕྱིས་འབྱུང་གདུལ་བྱ་འདུལ་བའི་ཐབས་མང་པོར། །གེགས་མེད་རྟེན་འབྲེལ་སྒོ་འཕར་བརྒྱ་ཕྱེ་ཞིང་། །བསྟན་འགྲོའི་ལེགས་ལམ་སྣང་བ་རྒྱས་པར་སྨོན། །བཀྲ་ཤིས་གང་ཞིག་སྲིད་དང་ཞི་བའི་གདུང་སེལ་བ། །རིན་ཆེན་སེམས་དང་གཉིས་སུ་དབྱེ་བ་མེད་གྱུར་གང་། །དམིགས་བྲལ་ཆོས་ཉིད་མངོན་སུམ་གཟིགས་པའི་དགེ་བ་དེས། །ས་གསུམ་ཡང་དག་ཡེ་ཤེས་སྣང་བ་འབར་གྱུར་ཅིག །གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པ་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་སྐབས་རྫོགས་ཆེན་བླ་བྲང་གི་འབུལ་


ZP01_Page_395
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དཔལ་སྤྲུལ་པས་སོ།། ༈ །།རྒྱལ་ཀུན་ཡེ་ཤེས་ཐུགས་རྗེ་ཕྲིན་ལས་ཁམས། །གདུལ་བྱའི་སྣང་དོར་མཚན་དཔེའི་སྐུར་སྣང་བ། །རྡུལ་སྙེད་སྤྲུལ་པའི་གར་རོལ་ཨོ་རྒྱན་རྗེ། །ཐུགས་སྲས་རྗེ་འབངས་བརྒྱུད་བཅས་རྒྱལ་གྱུར་ཅིག །གང་ཐུགས་ཡེ་ཤེས་གཅིག་གི་རྣམ་རོལ་ལས། །འགྲོ་ཁམས་མོས་པའི་བྱེ་བྲག་ཇི་སྙེད་པར། །གདུལ་བྱེད་སྟོན་པའི་རྣམ་གྲངས་བརྗོད་འདས་ལ། །དད་བརྒྱའི་གུས་ཕྱག་གློག་གི་གར་བཞིན་རྩེན། །ཁྱད་པར་སྙིགས་འགྲོའི་གདུལ་དཀའི་རྒྱུད་ཐ་བར། །ལམ་བཟང་བདུད་རྩིའི་རླན་སྦྱིན་ཟབ་གཏེར་ཆོས། །སྦས་པའི་རྒྱ་བཀྲོལ་ཐང་མར་བརྡལ་མཛད་པའི། །བཀའ་དྲིན་ནམ་མཁའི་མཐས་ཀྱང་གཞལ་དཀའ་ཤེས། །ལྷག་པར་ཐུགས་རྗེ་མཆོག་གིས་སྤྱན་རས་གཟིགས། །མཆོག་དམན་སྐལ་པར་འཇུག་པའི་ཕྲིན་ལས་རྒྱུན། །རང་རྒྱུད་བསོད་ནམས་ཟོང་གིས་ཁུག་པའི་རིན། །སྟོང་ཆེན་གསེར་གྱིས་བཀའ་ཡང་ཆུང་མཐར་ངེས། དེ་ལྟ་ནའང་འཕགས་ཆེན་དམ་པའི་ཐུགས། །མ་ལ་བུ་བཞིན་གདུལ་འགྲོར་རྗེས་བརྩེ་བས། །ཆོས་བརྒྱད་ཟང་ཟིང་འདོད་པ་བྱེད་པའི་གཤིས། །དམ་པའི་སྐུ་དྲིན་དྲན་ནས་མཇལ་བློ་སྐྱེས། །སྐྲ་རྩེས་བླང་བའི་ཆུ་ཐིག་རྒྱ་མཚོར་བཞིན། །དགེ་ཚོགས་ཆོས་དབྱིངས་དག་པའི་ཀློང་སྟོབས་པའི། །ཐུགས་བསྐྱེད་མཁའ་ཁྱོན་འགེངས་


ZP01_Page_396
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆ་ཤས་སུ། །དངོས་འབྱོར་མཆོད་པའི་རྡུལ་ཕྲན་གཤིབ་ལ་བྲེལ། ཞེས་ཤིས་བརྗོད་ཕྱག་དང་མཆོད་པའི་ཚིགས་སུ་བཅད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ། སྐབས་སུ་བབས་པའི་ཞུ་གསོལ། དེང་བླ་ན་མེད་པའི་ཐུགས་བསྐྱེད་མཆོག་གི་སྐྱ་རེངས་ཀྱི་སྣང་བས་མངོན་པར་དྲངས་པའི་གཟུགས་སྐུ་རྟ་ལྗང་གི་དཀྱིལ་འཁོར་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་མཆོག་གི་ཕྲིན་ལས་ཀྱི་ཁུར་ཆེན་པོ་བསྣམས་ཏེ། ཟབ་མོ་གཏེར་གྱི་འཁོར་ལོས་ཐུབ་བསྟན་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་ནས་སྐལ་བཟང་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་དུ་འབྱེད་པའི་ཕྲིན་ལས་བླ་ན་མེད་པ་ལས། རང་རྒྱུད་སྐལ་པའི་དཔལ་དུ་ཐུགས་རྗེས་ཆར་རྒྱུན་ལྷག་པར་བབས་པའི་སྐུ་དྲིན་གསོ་བྱེད། དངོས་འབྱོར་མཎྜལ་གྱི་མཆོད་པ་ཕྲན་བུ་སྤྲོ་བ་ལ། ཐོག་མར་སོགས་ཞུ་ཞིང་། གང་ཞིག་གསེར་དང་བོང་བ་མཉམ་གཟིགས་པའི། །སྤྱན་སྔར་དངོས་རྫས་མཆོད་པ་མཉེས་བྱེད་དུ། །འོས་པ་མིན་ཀྱང་བདག་ལྟའི་མདུད་པའི་རྒྱ། །ལྷོད་བར་རེ་བའི་ཐབས་ལ་དགའ་བ་སྐྱེས། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་རྒྱུན། །ཡིད་སྤྲུལ་རང་བློས་གང་དཔོགས་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་རོལ་རྗེས་སློབ་པའི། །ཚུལ་ལ་འཇུག་པའི་རྣམ་རྟོག་ཟད་པར་གྱུར། །གཡོ་བའི་ཀུན་རྟོག་རླབས་ཀྱིས་དཀྲུགས་ཡིད་མཚོར། །ཉེས་སྤྱོད་རྙོགས་མ་བཀྲུ་བའི་ཀེ་ཏ་ཀ །སྟོབས་


ZP01_Page_397
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཡན་ལག་རྫོགས་པའི་ཀུན་སློང་འཕུལ། །དག་བྱེད་གངྒའི་རྒྱུན་བཟང་གཉིས་པར་ཆས། །སྲས་བཅས་རྒྱལ་བའི་ཕྲིན་ལས་དཔག་དཀའི་ཁུར། །ཐུགས་བསྐྱེད་དཔུང་བ་གཅིག་གིས་བཏེགས་པའི་རྗེས། །ཡི་རང་མེ་ཏོག་སིལ་མ་འགམ་པ་ལ། །ལྷ་ཡུལ་ནམ་མཁའི་དྲི་བཞོན་ཁེངས་པ་འཕྲོག། ཟབ་དོན་མཁའ་འགྲོའི་ཞལ་ཆབ་བཞུས་པའི་གསེར། །ཐབས་མཆོག་རྩིབ་སྟོང་བཀྲ་བའི་བཤད་སྒྲུབ་འགྲོས། །སྐལ་ལྡན་ཡིད་མཁར་ཐོགས་པ་མེད་རྒྱུ་བས། །ཀུན་སྦྱོར་འཆིང་བ་གཅོད་ལ་རྟག་ཏུ་རེ། །དབང་བཅུའི་དབང་གིས་ཆེས་ཕྱུག་ཨོ་རྒྱན་རྗེའི། །རྒྱལ་ཚབ་རྒྱལ་བར་མཉམ་པའི་འཚོ་གཞེས་རྒྱུན། །བསྐལ་བརྒྱའི་བསྐལ་མཐར་བསྲིང་བའི་ངོ་མཚར་ལ། །དད་གསུམ་དད་ཕྱག་དང་བཅས་ལན་བརྒྱར་གསོལ། །དེ་དགེ་དྲི་མེད་ཟླ་བའི་མདངས་འཕྲོག་པ། །འཁོར་གསུམ་ར་རི་ཕྱིས་བའི་དཀར་ཕྱོགས་ཆ། །ཀུན་མཁྱེན་ཡེ་ཤེས་ཕུང་པོར་ཡོངས་རྫོགས་ནས། །སྲིད་པའི་སྣང་བྱེད་གཅིག་པུར་འབར་གྱུར་ཅིག །གནས་སྐབས་སུ་ཡང་སྲིད་པའི་འགྲོ་རྒྱུད་ཁམས། །བདེ་དགེ་དཔལ་བརྒྱས་ཆེས་ཆེར་གང་བའི་རླབས། །ཐུབ་བསྟན་ལྗོན་པའི་རྐང་གིས་ལྷབ་ལྷུབ་ཏུ། །བརྒྱན་པའི་རྒྱ་མཚན་མཐོ་རིས་རྒྱལ་གྱུར་སྨོན། །བཅུ་དྲུག་དགའ་བས་བཞུས་པའི་བདེ་ཆེན་གསེར། །གླིང་བཞིའི་མཁའ་མཐར་མཐོ་བའི་ཏོག་བཟང་དུ། །སྤྲས་ལས་


ZP01_Page_398
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གཏེར་འོད་བརྒྱའི་དཔལ་འབར་བ། །དར་རྒྱས་རྟག་བརྟན་རྡོ་རྗེའི་ཁམས་སུ་གྱུར། །བཀྲ་ཤིས་སྙིང་གི་ཉིན་བྱེད་འོད་པོ་ཆེ། །སྲིད་ཁམས་མ་རིག་མུན་པ་སེལ་བའི་འོད། །ཡང་དག་ཡེ་ཤེས་སྣང་བས་འཛམ་གླིང་ཁྱོན། །ངོ་མཚར་དགེ་ལེགས་མཆོག་གིས་ཁྱབ་གྱུར་ཅིག །ཅེས་པ་འབུལ་ཡིག་འདི་གཏེར་ཆེན་རིན་པོ་ཆེ་གླིང་སྤྲུལ་ཚང་གིས་གདན་འདྲེན་སྐབས་སུ་དཔལ་སྤྲུལ་རིན་པོ་ཆེས་ལྗགས་རྩོམ་མོ།། ༈ །།རྡོ་བླ་སྤྲུལ་སྐུ་ཚང་ལ་བླ་མ་རོག་གྲ་མ་དཔལ་དགེའི་མདུན་ནས་རྩ་རླུང་ཞུ་བསྐུལ་རྩེད་མོའི་ཚུལ་དུ་ཞུ་གསུངས་པ། །བླ་སྤྲུལ་དབོན་བཅས་ཞབས་དྲུང་དུ། །སྡེ་མཐའི་རྒན་མོས་རུ་ཆུས་བཞིན། །བས་མཐའི་རྒན་པོས་གུས་ཞུ་བ། ཀློང་ཆེན་སྙིང་ཐིག་རྩ་རླུང་འདི། །དར་རུས་ཧ་ཅང་དར་ཆེ་སྟེ། །རས་པ་བྲ་རས་ས་སྟེང་ཁྱབ། །ད་ནི་ཧ་ཅང་དཀོན་ཆེ་སྟེ། །བླ་རྒན་དཔལ་དགེ་མ་གཏོགས་པ། །བརྒྱུད་འཛིན་གཅིག་བྱང་བོད་ན་མེད། །ད་ནི་རྒྱུད་པ་ཆད་ལ་ཐུགས། །ཨི་ཐུག་མི་ཐུག་ཐུགས་བསམ་གཞིག །རྡོ་གསེར་དགོན་པ་ཐམས་ཅད་ན། །ཆོས་ཐུན་གསུམ་པོ་ཆག་པ་མེད། །ཨ་བུ་ཚང་ལ་གཅིག་ལས་མེད། །ད་ནི་གྲྭ་པ་ཐམས་ཅད་པོ། །རྩ་རླུང་རྫོགས་ཆེན་ཞུ་ཕྱིར་ཏུ། །དཔལ་སྤྲུལ་ཡུལ་འཆོར་རེ་ས་རེད། །མ་ཤོར་གསུམ་ལ་རྡོག་པ་གཏོད། །བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག། ༈ །།རྣམ་རྟོག་སྤན་སྤུའི་དམག་ཚོགས་ལང་བ་ན། །ཁ་བོ་ཆེ་བའི་རྫོགས་ཆེན་དཔའ་བོ་ཡང་། །གར་སོང་མེད་པར་ཆ་མེད་ཡུལ་དུ་བྲོས། །ཟང་ཐལ་


ZP01_Page_399
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་མདུང་ཐུང་རྣོན་པོ་ཡང་། །གཡུགས་ལོང་མ་བྱུང་མདུང་ཡུ་ཆག་ལ་ལྟོས། །སྒོམ་ཆེན་མཉམ་པར་བཞག་པའི་གདན་འོག་ནས། །རྣམ་རྟོག་སྤན་སྤུའི་བྱི་ལོང་འབུར་བ་ན། །སྡོད་དུ་མ་ཚུགས་འཕར་འདར་ལིང་ལིང་ལངས། །ཆགས་སྡང་འཁྲུགས་ལོང་རླུང་ཚུབ་ལངས་བ་ན། །ཆོས་དབྱིངས་མཛོད་ཀྱང་ནུས་པ་མེད་པར་གཏོར། །ད་ནི་ཅི་ཡང་བྱེད་ཐབས་མི་འདུག་པས། །སྤྱོད་འཇུག་བཟོད་ལེའི་ཁྲབ་སྒོག་འཐོར་བོ་དེ། །གྱོན་མོས་མེད་ཀྱང་མི་གྱོན་ཁ་མེད་ཡིན། ཇི་སྐད་དུ། །ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །དེ་བཞིན་ཕྱི་རོལ་དངོས་པོ་ཡང་། །བདག་གིས་ཕྱིར་བཟློག་མི་ལང་གིས། །རང་གི་སེམས་འདི་ཕྱིར་བཟློག་བྱའི། །གཞན་རྣམས་བཟློག་ཀོ་ཅི་ཞིག་དགོས། །ཞེས་དང་། །དེ་བས་ངལ་བས་མ་བསྒྲུབ་པས། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་བའི། །བདག་གི་དགྲ་ལ་དགའ་བར་བྱ། །ཞེས་སོ། །འདི་ན་སྒོམ་ཆེན་མང་པོ་ཞིག །གཉེན་པོའི་གོ་མཚོན་མང་ཡོད་ཀྱང་། །ཁོང་ཁྲོའི་འཐབ་ཡུལ་མ་རྙེད་ནས། །ཞི་གནས་ངང་ལ་གཉིད་དུ་ལོག །བསོད་ནམས་ཅན་གྱི་གང་ཟག་ལ། །ཆགས་སྡང་རྐུན་པོ་འཇབ་པ་དེ། །གཉེན་པོའི་གོ་ཆ་སྲ་མི་སྲ། །ལྟ་བསྒོམ་རལ་གྲི་རྣོ་མི་རྣོ། །རྣལ་འབྱོར་དཔའ་སྙིང་ཡོད་མེད་བལྟ། ཨོ་ཧོ་ཧོ། །གང་ཚེ་རང་ཡིད་ཆགས་པ་དང་། །ཁྲོ་བར་འདོད་


ZP01_Page_400
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་བྱུང་ངམ། །སྨྲ་བར་འདོད་པའི་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་བཞུགས་སུ་གསོལ། བཛྲ་སམ་ཡ་ཏི་ཥྛ་ལྷན། །རིག་འཛིན་འཇིགས་མེད་གླིང་པའི་ཞལ་ནས། །ཆེ་དགུ་དུ་མའི་སྙིང་ལ་གནས་བཅས་ནས། །མཛད་སྤྱོད་ལོག་པར་བསྒྱུར་དང་ཆབ་གཅིག་པར། །ནད་མཚོན་མུ་གེའི་སྣ་འདྲེན་བྱེད་པ་ཡི། རྒྱལ་འགོང་སོགས། །ཞེས་སོ། །དེ་ཡང་། རྔ་ལ་རྔ་ཡི་དབྱུ་གུ་དང་། །རོལ་མོ་ཀུན་ལ་ཁ་ཡ་བཞིན། །གྲོགས་མེད་གཅིག་པུར་གནས་པ་ལ། །གཏམ་དང་སྨྲ་བརྗོད་འབྱུང་མི་སྲིད། །དེ་ཕྱིར་བླ་མ་གྲྭ་པ་དང་། །དབུ་ཆོས་དཔོན་གཟུ་ལ་སོགས་པའི། །ཁ་སེམས་གཉིས་པོ་འདྲེས་དཀྲུགས་ནས། །འཁྲུགས་ལོངས་བཤད་གཏམ་འཐབ་རྩོད་སློང་། །དེ་ལས་ནད་མཚོན་མུ་གེ་སོགས། །འཇིག་རྟེན་མི་བདེ་ཐམས་ཅད་འབྱུང་། །དེ་དག་ཀུན་གྱི་རྩ་བ་ནི། །གཅིག་པུར་སྡོད་དུ་མ་ཚུག་པའི། །རྣམ་རྟོག་ངན་པ་གཅིག་ལ་ཐུག །དེའི་ཕྱིར་མི་བློ་འདྲེས་བརྒུལ་བའི། །རྣམ་རྟོག་འཕྲོ་འདུ་མང་པོ་འདི། །རྫོགས་པ་ཆེ་དང་བཟོད་པ་དང་། །ཐ་ན་སྡུག་བསྲན་མུག་བསྲན་ཡན། །ཐབས་ཚུལ་གང་དང་གང་དྲག་གིས། །ཡང་དག་ལམ་དུ་སློང་ནུས་ན། །དེ་ཚེ་བདུད་ཀྱི་གཡུལ་ལས་རྒྱལ། །ཕྱིན་ཆད་ལྷ་ཆོས་ཅི་སྤྱོད་ཀྱང་། །བར་ཆད་མེད་ཅིང་ལམ་དུ་འགྲོ། །བདུད་དབང་རྣམ་རྟོག་ངན་པ་འདི། །ལམ་དུ་མ་སློང་རྗེས་འབྲང་ན། །བླ་མའི་ཐུགས་དཀྲུགས་མཆེད་གྲོགས་ཀྱི། །


ZP01_Page_401
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་དཀྲུགས་ཐར་པ་ནག་པོ་བཞིན། །ཕྱིན་ཆད་ཆོས་ཀྱི་སྐལ་པ་ཆད། །དེ་ཕྱིར་རྟོག་ངན་ཅི་སྐྱེས་ཀྱང་། །སྤང་བླངས་མི་བྱ་རང་སོར་ཀློང་། །ཀུན་བཟང་སྨོན་ལམ་བཏོན་ན་གོ །དྲན་པས་ཟིན་པའི་རྣམ་རྟོག་གས། །ལས་མི་གསོགས་ཞེས་བླ་མས་གསུངས། །དེ་ཕྱིར་ཁོང་ནས་སྐྱེས་ཙམ་གྱི། །རྟོག་ངན་ཅི་ཙམ་འཕྲོ་ན་ཡང་། །དེ་ཡིས་ངན་འགྲོར་འཕེན་མི་ནུས། །གཉེན་པོ་ལྡན་པའི་རྣལ་འབྱོར་ལ། །རྟོག་ངན་ཅི་ཙམ་སྐྱེས་ན་ཡང་། །ཤར་གྲོལ་ངང་དུ་གློད་ཤེས་ན། །གྲོལ་ལུགས་བཞི་ཡི་ལྟད་མོ་དང་། །རྣམ་གྲོལ་འབྲས་བུའི་སྟོན་མོ་ཡོད། །ལྟད་མོ་སྟོན་མོ་ལ་རོལ་ནས། །མཁའ་འགྲོས་ལུང་བསྟན་གནས་མཆོག་ཏུ། །སྡོད་པའི་མི་དེ་སྐལ་བ་བཟང་། །ཞེས་པ་འདི་ཁྲོམ་ཟ་ཀུན་བཟང་བསྟན་འཛིན་ཁྲ་མ་ལུང་རི་ཁྲོད་ལ་སྡོད་སྐབས་རྣམ་རྟོག་གི་རྐྱེན་མང་གཡོས་ཚེ། །སྐྱབས་རྗེ་དཔལ་སྤྲུལ་པས་སྤྲིང་པ་ཡིན་ནོ།། ༈ །།རྫ་རྒྱལ་རྒྱབ་རི་རྨ་རྒྱལ་མདུན་རི་ཅན། །བླ་མ་མཁའ་འགྲོས་ལུང་བསྟན་གནས་མཆོག་ཏུ། །རྩེ་གཅིག་སྒྲུབ་ལ་བརྩོན་པར་མི་ནུས་པར། །སྔར་རྙེད་བརླག་དོགས་ཕྱིའི་རྙེད་མེད་དོགས་སྐྲག །སྟོང་འུར་གཏམ་ལ་ཉན་ནས་ཤིན་ཏུ་སྐྲག །རི་བོང་ཅལ་འགྲོགས་དགོན་པ་གཤེགས་སུ་གསོལ། །རེ་དོགས་རྟ་ལ་ཆི་བ་ནས་གཤེགས་སུ་གསོལ། །ཞེན་ཆགས་སྒྲོག་


ZP01_Page_402
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཅིང་ནས་གཤེགས་སུ་གསོལ། །ལྷག་ལྷོག་འཛད་མེད་བཀལ་ནས་གཤེགས་སུ་གསོལ། །ཆབ་ཆོབ་གཡག་རྒྱབ་ནོན་ནས་གཤེགས་སུ་གསོལ། །རྟ་ཆད་གཡག་ཆད་སྐྱོང་ཞིང་གཤེགས་སུ་གསོལ། །སྨིན་དྲུག་རྔ་ཚུབ་ནང་འདིར་གཤེགས་སུ་གསོལ། བཛྲ་ས་མ་ཛཿ །ཞེས་པ་འདི་རྫ་རྒྱལ་དགོན་པ་ཁྲ་མ་ལུང་ནས་ཕྱིར་ཁྲི་འགབ་མར་སྤོ་སྐབས་ཞལ་རྩེད་ཚུལ་དུ་སྤྲེང་བའི་ཡི་གེ་དཔལ་སྤྲུལ་བས་མཛད་དོ། །དལ་འབྱོར་དང་ལྡན་པའི་བླ་སེར་དཔོན་ཁག་རྣམས་ཀྱི་གཙོས་པའི་མགོ་ལོག་ཁ་གསུམ། རྡོ་སྙི་གསེར་གསུམ། །ཡུལ་འབྲོག་སྤྱིའི་ཡིད་ལ་ངེས་རྒྱུར། །སྤྱིར་ད་ལྟའི་དུས་འདིར་མི་བློ་འདྲེས་བསྒྱུར། །ནད་མཚོན་མུ་གེའི་བསྐལ་བ་དང་། །བླ་མ་ཆོས་ཡོད། དཔོན་པོ་ཁྲིམ་ཡོད་དགོན་སྡེ་གྲྭ་ཚང་ཐམས་ཅད་མེད་པར་སོང་། ཁྲམ་པ་རྐུན་མ། མནའ་ཟན་གཡོ་ཅན་ཐམས་ཅད་མགོ་འཕང་མཐོ། །སངས་རྒྱས་ཀྱི་བསྟན་པ་ནུབ་ལ་ཐུག །བསྟན་པ་ཉམས་པས་འགྲོ་བའི་བདེ་སྐྱིད་ཐམས་ཅད་ཟད། །རྒྱལ་ཁམས་མི་བདེ་ལང་ངེ་སོང་བའི་སྐབས་འདིར་བསམ་པ་བཟང་པོས་ཆོས་བཞིན་སྤྱོད་པ་རེ་གཉིས་ཡོད་ཀྱང་ཕན་པ་ཆུང་། །བདག་དཔལ་དགེ་སྤྲུལ་སྐུ་ཡང་རྒྱལ་ཁམས་སྤྱི་ལ་ཕན་པའི་བསམ་པ་བཟང་པོ་ཡོད་ཀྱང་བྱ་ཐབས་བྲལ། སྔ་སོར་རྒྱུ་འབྲས་ཀྱི་ཆོས་བཤད་ཕྲན་བུ་བྱས་པའི་དོན་དགོས་ཇག་ཁྲིམས་བཤས་ཁྲིམས།


ZP01_Page_403
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་བཅད་སོགས་གང་བྱས་དེ་སྔ་ཕན་ཚིག་ཐོག་དོན་གནས་བྱུང་བ་བསམ་པ་དགའ། ད་ལོ་མི་བློ་འདྲེས་བསྒྱུར་གྱི་བྱ་བས་རང་གཞན་གཉིས་ཕུང་གི་ལས་ངན་ཚབས་ཆེན་བསགས། །ད་དུང་ཀྱང་དམག་ཆེན་ཡོ་ལང་བྱས་ནས་བླ་མ་ཞེ་རྫོགས་གཙོས་འདི་ཕྱོགས་ཐམས་ཅད་མེད་པ་བྱེད་རྒྱུ་རེད་ཟེར་བའི་སྟོང་སྐད་འུར་སྒྲ་ཆེ་ཡང་། །བདེན་ཐབས་ག་ལ་ཡོད། ཚིག་པ་གཡག་ལ་ཟོས། ལོངས་ལྕགས་རྟ་ལ་རྒྱབ་པའི་དཔེ་བཞིན་ཉག་རོང་གི་དམག་ལ་སྐྲག་ནས་དོན་མེད་ཀྱི་སྡེ་དགོན་མང་པོ་བརླག་པས། །ཉག་སྐེད་ལ་སྤུ་ཙམ་ཡང་མི་ཐུབ་པར་མ་ཟད། །སྡེ་འཐོར་ཐམས་ཅད་ཁོ་ངང་གིས་བསྡུས་ཏེ་ཕན་པའི་གྲོགས་སུ་སོང་། རྒྱལ་ཁམས་སྤྲང་པོས་གང་། མིག་གིས་མཐོང་མི་དགོས། རྣ་བས་ཐོས་ཀྱང་མཆི་མ་འཆོར་པའི་བྱེད་ངན་དེ་འདྲ། དཔོན་ཁག་སོགས་བསམ་ཡོད་རྣམས་ནས་དྲན་ཐབས་དང་བྱེད་ཐབས་ག་ལ་ཡོད་ཀྱང་། ཁྲམ་པ་སྡེ་བཤིག་རྣམས་ཀྱི་ཟ་འདོད་རྫུན་ཁྲམ་གྱི་ལས་ཀ་ལ་ནམ་ཕུག་ཐུབ་བ་ཞིག་མེད་ངེས་ཡིན། ད་དུང་ཀྱང་དེ་འདྲའི་བྱེད་ངན་མུ་མཐུད་དེ་དགོན་སྡེ་གྲྭ་ཚང་གཏོར་བ་དང་སྡེ་གླིང་གི་སྡེ་བ་བརླག་པ་སོགས་ཚབ་ཆེན་བྱས་ན། མགོ་ལོག་གི་ཡུལ་ཁམས་སོགས་ཐམས་ཅད་དུ་འདི་ཕྱི་གཉིས་ཀར་ཕུང་ཞིང་། འཕྲལ་དུ་མཐུ་རྟགས་ཆོ་འཕྲུལ་སོགས་མ་བྱུང་ཀྱང་། ཕུགས་སུ་བསོད་


ZP01_Page_404
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཐམས་ཅད་ཟད། ཁ་རྗེ་དབང་ཐང་ཐམས་ཅད་ཉི་མ་ནུབ་པ་ལྟར་འགྱུར་བར་མ་ཟད། སང་ཕོད་གནང་ཕོད་ཙམ་ད་ལོའི་རྫ་ཆུ་ཁ་བལྟ་བུ་ཞིག་འོང་ངེས་ཡིན་འདུག་པས་དེ་ལུགས་ཤེས་པར་གྱིས་ལ། རབ་རྐུན་རྒྱ་ཇག་ཁྲིམས་བྱས་ནས་རང་སཱའི་སྟེང་ནས་རང་སྒོ་བསྲུང་རྒྱུ་བྱུང་ན་དང་། དེ་ལྟར་མ་ནུས་ཀྱང་དགོན་པ་ལྷ་སྡེ་མི་བརླག་རྒྱུའི་བཅའ་ཁྲིམས་ཕྱི་མཐའ་ཐུག་པ་རེ་རང་ཤོག་སོ་སོའི་བླ་སེར་དཔོན་ཁག་རྣམས་ནས་བྱེད་ཐུབ་པ་ཅི་ནས་གལ་ཆེ་བས་ཤེས་པར་གྱིས་ལ་ཁོ་བོ་བསམ་བཟང་གི་ཁ་ལ་ཉན་ན་ཕྱིན་ཆད་ཀྱང་རང་རེ་བླ་སློབ་ཀྱི་འབྲེལ་བ་མི་ཆད་པར་མ་ཟད། ཚེ་འདི་དང་ཕྱི་མ་ཀུན་ཏུ་དགེ་ཞིང་། རྒྱལ་ཁམས་བདེ་སྐྱིད་ལ་སྤྱོད་པའི་སྨོན་ལམ་སྙིང་ཐག་པ་ནས་བྱེད་པས་ངེས་པར་གྱིས། ཞེས་རང་འདོད་མེད་པའི་ཡི་གེ་གླིང་ཚང་ཕོ་བྲང་གི་ཉེ་གམ་ནས་རྫོགས་ཆེན་དཔལ་དགེ་སྤྲུལ་སྐུས་སྤྲིང་བ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཀུན་ནེ་ཕུར་ལི་སོགས་ལ་ཕུལ་འབྲས། ཇི་སྐད་དུ། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་། །བྱང་ཆུབ་སེམས་དཔའ་མང་པོ་དག །རང་གི་ལེགས་པས་ས་སྟེང་དག །བརྒྱན་པར་མཛད་ཅིང་བཞུགས་གྱུར་ཅིག ༈ །ཞེས་པ་ལྟར་རྩ་བའི་བླ་མ་རིན་པོ་ཆེ་ཞལ་བཞུགས་དུས་རྒྱལ་ཁམས་སྤྱི་དང་ཡུལ་ཕྱོགས་འདི་དག་ཏུ་ཆར་ཆུ་དུས་སུ་འབབས། ལོ་ཕྱུག་རྟག་ཏུ་ལེགས། ནད་ཡམས་མུ་གེ་དམགས་འཁྲུགས་སོགས་མེད་པར་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཞིང་།


ZP01_Page_405
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ལ། ད་ལྟ་ཆེ་དགུར་རློམ་པ་ཀུན་གྱི་སྙིང་ལ་རྒྱལ་འགོང་གིས་གནས་མལ་བཅས་ཤིང་ཅུང་ཟད་དབང་ཡོད་དུ་གྱུར་པ་རྣམས་ཀྱང་དེ་མ་ཐག་ཏུ་རྒྱལ་འགོང་གིས་དབང་དུ་བྱས་ནས་རྒྱལ་ཁམས་མི་བདེ་བའི་ཐབས་ལ་འབད། །དེའི་མཐུས་ད་ནི་དབྱར་ཟླ་བ་གསུམ་ལ་བསིལ་དྲོད་སྙོམས་པ་དང་མེ་ཏོག་བཀྲ་བ་སོགས་ཅུང་ཟད་སྐྱིད་པར་སྣང་བ་ཙམ་ཡོད་པ་དེ་ཡང་ཐབས་སྣ་ཚོགས་ཀྱིས་མེད་པར་བྱེད། དེ་བཙན་བདུད་དང་རྒྱལ་འགོང་གིས་གྲོགས་བྱས་པའི་མཐུ་དང་ཆར་གཅོད་སོགས་བྱེད་མཁན་རྣམས་ནུས་པ་ཆེ། ཆོས་བཞིན་དུ་བསྲུང་སྐྱོབ་རིམ་གྲོ་རྒྱལ་ཁམས་བདེ་ཐབས་སོགས་བྱེད་མཁན་རྣམས་ནུས་པ་ཆུང་ཞིང་སྐྱེ་བོས་འཕྱ་སྨོད་ཀྱི་གཞིར་གྱུར་བ། འདི་དག་ལ་སོམ་ལ་གར་འགྲོ་རྒྱུ་ཡིན་ན་མྱུར་དུ་སོང་། མིན་ན་དབྱར་ངོ་ཞག་གྲངས་ཆ་ཤས་འདི་དགུན་དཔྱིད་ལྟ་བུ་ཞིག་ཏུ་བསྒྱུར་དུ་མ་འཇུག་པར། འབྱུང་བའི་འཕོ་འགྱུར་དུས་བཞིའི་རྒྱལ་མོ་ལ་བྱེད་དུ་ཆུག །ཁ་དྲོ་ལོ་བརྒྱ། སྐུ་ཚེ་རིང་། རྩ་བའི་བླ་མ་ཡིད་བཞིན་ནོར་བུ་དེའི་ཞབས་དྲུང་ནས་བླ་བཙོང་ཡུལ་འབྲོག་ཀུན་ལ་གནོད་ཚབས་ཆེ་ཞིང་། ཉ་སྦལ་ལྕང་གསུམ་ཡན་ཆད་ཁ་ལ་དོགས་པའི་སྡིག་ལས་ཚབས་པོ་ཆེ་དེ་འདྲ་མ་བྱེད་སྐུ་ཚེ་རིང་། གཞེ་ཉིན་ལོ་ཡང་སེར་མོ་ཁ་ཤས་འགོ་ལོག་ཏུ་འགྲོ་དགོས་ཟེར་ནས་དབྱར་གྱི་ཆར་ཆུ་ཐན་པར་བསྒྱུར། ད་ལོ་ཡང་དེ་ལྟར་མཛད་ན་རྒྱལ་ཁམས་ཀུན་


ZP01_Page_406
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་ཚབས་དེ་བས་ཆེ་བ་མི་འདུག་པས་དགོངས་མཛོད། ལར་ཡུལ་གང་ན་དགོན་གནས་ཁང་བ་ཕུག་པ་རུ་བའི་འགྲོ་སྡོད་སོགས་རང་རང་གི་བྱ་བ་ཕྲན་བུ་ཞིག་གི་དོན་དུ་དབྱར་གྱི་ཆར་ཆུ་ཐན་པར་བསྒྱུར་བ་ལོད་བཞིན་དེ་ལྟ་མཛད་ན་རྒྱལ་ཁམས་ཀུན་ལ་གནོད་ཚབ་དེ་བས་ཆེ་བ་མི་འདུག་པས་ཀུན་གྱིས་དགོངས་མཛོད།


previousའབུལ་ཡིག་ལེའུ་ཚན་དང་སྤྲིང་ཡིགnext