Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་ངེས་པ་གསར་སྤོས་དགེ་ལེགས་སྣང་བའི་ཉི་མ།
   
   
   
   
   
   
   


 
previousརྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་ངེས་པ་གསར་སྤོས་དགེ་ལེགས་སྣང་བའི་ཉི་མ།next

རྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་ངེས་པ་གསར་སྤོས་དགེ་ལེགས་སྣང་བའི་ཉི་མ།


ZP01_Page_421
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་ངེས་པ་གསར་སྤོས་དགེ་ལེགས་སྣང་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །


ZP01_Page_422
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཁྱབ་བདག་དུས་ཀྱི་འཁོར་ལོ་སྣ་ཚོགས་ཡུམ། །དཔའ་བོ་རྣལ་འབྱོར་མ་ཚོགས་དཀྱིལ་འཁོར་ལྷ།


ZP01_Page_423
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་རིགས་ལྡན་བརྒྱུད་པའི་དགེ་ལེགས་ཀྱིས། །བསྟན་པ་རིན་ཆེན་ཉི་མ་གསལ་གྱུར་ཅིག།


ZP01_Page_424
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་མཆོག་གི་འབྱུང་གནས་རྫོགས་སངས་རྒྱས། །དག་གསལ་གཉེན་པོའི་ཉི་མ་དམ་པའི་ཆོས། །ལུང་རྟོགས་ཡོན་ཏན་གཏེར་མཛོད་འཕགས་ཚོགས་སྡེ། །རིན་ཆེན་དཀོན་མཆོག་གསུམ་ལ་མགོས་ཕྱག་འཚལ། །ཕྱག་བྱ་བ། སྐར་རྩིས་རི་མོའི་ལམ་འདིར་འཇུག་འདོད་ཕལ། །མང་བསགས་འདས་ལོའི་ཁུར་གྱིས་དུབ་པ་ལས། །ངེས་པ་གསར་དུ་སྤོས་པའི་དགེ་ལེགས་ཀྱིས། །ངལ་གསོའི་ཉི་མ་འཆར་གྱིས་དགའ་བར་བྱོས། ༈ །དེ་ཡང་དངོས་པོ་ངེས་བསྟན། རྣམ་གྲངས་མདོར་བསྡུ་ན། །བྱེད་པ་གྲུབ་པའི་ཡན་ལག་ལྔ། །ལོ་བདག་ཟླ་འཕོ་སྒྲ་གཅན་དང་། །གཟའ་ལྔའི་ཉིན་ཞག་དལ་མྱུར་ལས། །ཁྱིམ་ཚེས་དེས་མཚོན་དུ་བ་དང་། །ཉི་ཟླར་སྒྲ་གཅན་འཇུག་པའི་ཚུལ། །རྩིས་ཕྲན་འགའ་དང་མགྱོགས་རྩིས་སྐོར། །རིམ་པ་བཞིན་དུ་བསྟན་པར་བྱ། ༈ དང་པོ་བྱེད་པའི་ཡན་ལག་ལྔ། །རབ་བྱུང་བཅོ་ལྔ་པའི་ནང་གི །རྣམ་གནོན་ལྕགས་འབྲུག་ལ་སོགས་པ། །འདས་ལོ་དག་པ་ཉི་མས་བསྒྱུར། །ནག་པ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ལག་པས་བསྒྱུར། །དུས་མེ་བསྲེས་ལ་མདའ་རོས་དབོ། །རྙེད་པ་སྟེང་བྱིན་ཟླ་དག་གོ།། ༈ །།ཟླ་དག་གནས་གསུམ་རིམ་པ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདས་བསྒྱུར། །དུས་དང་རྒྱལ་བ་ནམ་མཁའ་བྱིན། །མཁའ་རོ་མཁའ་རོ་ཐུབ་པ་ཡིས། །གོང་དུ་སྒྲིལ་ལྷག་གཟའ་དྷུའོ།། ༈ །།ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་


ZP01_Page_425
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཀྱིས་བསྒྱུར་བ་ལ། །མེ་མིག་དང་ནི་མཁའ་མཚོ་བྱིན། །དུས་ཉི་ཀླུ་ལག་གིས་སྒྲིལ་ལྷག །རིལ་བོ་དང་ནི་དེའི་ཆ་ཤས།། ༈ །།ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་མིག་ཕྱོགས་བསྒྱུར། །དུས་མིག་གཟུགས་མཚོ་མི་མིག་དང་། །ནམ་མཁའ་དང་ནི་བྲོ་བ་བྱིན། །འདོད་དུས་མཁའ་རོ་མཁའ་རོ་དང་། །འཁོར་ལོས་སྒྲིལ་ལྷག་ཉི་དྷྲུའོ།། ༈ །།སྔ་དྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲ་ཨུབ་འཆར།། ༈ །།གཟའ་ངྷྲུར་བུ་ག་མདའི་ཆུ་ཚོད་དང་། །སྲང་མེ་དབུགས་མཚོ་ཉི་དྷྲུ་ལ། །ཆུ་ཚོད་རིག་བྱེད་སྲང་གཟུགས་མིག །དབུགས་འབྱུང་འདོད་ཆར་བུ་ག་རྣམས། །གང་བརྩིའི་ཆོས་ཀྱིས་བསྒྱུར་ལ་བྱིན། །གཟའ་ཉི་བར་པའོ་རྣམ་དག་ཆེད། །ཟླ་རྐང་ཉི་མའི་རྐང་ཆོག་སོགས། །ཞག་རེའི་ངེས་པ་བརྩི་ཚུལ་རྣམས། །འཆད་འགྱུར་གྲུབ་མཐའ་ཇི་བཞིན་ལ། །སྒོས་ཆོས་དབུགས་ཀྱི་ཆ་ཤས་དག །འདོད་པས་བརྗོས་དེ་བྱ་བ་ཉིད། །གཉིས་པ་རྩ་རྒྱུད་རྗེས་འབྲང་ནས། །རྣམ་དག་གྲུབ་པའི་ལྔ་བསྡུས་བཤད། །རབ་ཚེས་རྣམ་གནོན་ལ་སོགས་པ། །འདས་ལོ་ཉིས་བསྒྱུར་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་ཀྱི། །འོག་མ་མིག་བསྒྱུར་སོ་ཡིས་བརྒྱན། །མདའ་རོས་རྙེད་ནོར་སྟེང་མར་བསྲེ། །ཚེས་ཟླ་རྣམ་པར་དག་པ་སྟེ། །ལྷག་མས་ཟླ་བཤོལ་ལོངས་པའི་མཚམས། །སྟོན་ཅིང་སྒང་དབུགས་ལྡོག་གཉིས་སོགས། །དུས་གཟེང་


ZP01_Page_426
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་གཞིར་ཡང་བཟུང་།། ༈ །།ཟླ་དག་གནས་ལྔ་སྟེང་རིམ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདའ་ཐིག །མཁའ་ཀླུ་ཆུ་བོས་བསྒྱུར་བ་ལ། །བྲོ་བ་ཟླ་མཚོ་རི་མེ་དང་། །མེ་དང་འབྱུང་མཁའ་རྒྱ་མཚོ་བྱིན། །རི་མཁའ་རི་དང་དུས་མཁའ་རོ། །མཁའ་རོ་རི་དོར་གཟའ་དྷྲུའོ།། ༈ །།ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །སྟེང་འོག་མེ་མིག་དུས་ལག་བསྲེ། །དུས་ཉི་ཀླུ་ལག་གིས་སྒྲིལ་ལྷག །ཚོགས་དང་དེ་ཡི་ཆ་ཤས་སོ།། ༈ །།ཟླ་དག་གནས་ལྔ་མིག་དང་ཕྱོགས། །ཀླུ་དབང་གཟུགས་དང་རི་ཟླ་ཡིས། །རིམ་བསྒྱུར་དེ་ཉིད་མདའ་འབྱུང་དང་། །གཟུགས་མེ་ལག་དང་མཚོ་བྱིན་ལ། །རི་རོ་དུས་དང་མཁའ་རོ་དང་། །མཁའ་རོས་རིམ་སྒྲིལ་འཁོར་ལོ་ཡིས། །དོར་ལྷག་ཉི་མའི་དྷྲུ་བ་ཀ། ༈ །།གཞན་ཡང་རི་མོའི་རྣམ་གྲངས་ལ། །ཟླ་དག་གནས་གཉིས་སྟེང་མ་གཟུགས། །འོག་མ་གཟུགས་མཁའ་ཐིག་མེས་བསྒྱུར། །སྟེང་མར་དུས་དང་འོག་མ་ལ། །ཆུ་བོ་མིག་བུག་མེ་བྱིན་པར། །དུས་མདའ་དུས་མདས་རྙེད་པའི་ནོར། །སྟེང་བྱིན་རིས་དོར་ལྷག་གཟའ་གནས། །འོག་མ་མཁའ་རོ་མཁའ་རོ་དང་། །དུས་དང་རི་མཁའ་རིས་བསྒྱུར་བར། །དུས་མདའ་དུས་མདས་རིམ་ཐོབ་ནོར། །སྔར་གྱི་འོག་བཀོད་གཟའ་དྷྲུའོ།། ༈ །།ཟླ་དག་མེ་དབང་ལག་པས་བསྒྱུར། །དེ་ལ་རྒྱལ་བ་བུག་མིག་བྱིན། །ཀླུ་ལག་འབྱུང་མེས་ཐོད་ལ་དོར། །ལྷག་མ་དུས་ཉིས་ཐོབ་པའི་ནོར། །


ZP01_Page_427
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་པོའོ་དེ་ལྷག་ཆ་ཤས་ཡིན། ༈ །ཟླ་དག་མདའ་རོས་བསྒྱུར་བ་ལ། །ལག་ཐུབ་རི་བྱིན་ཆུ་མཁའ་ཀླུས། །ཐོབ་པ་དོར་ལྷག་གནས་གཉིས་ཀྱི། །སྟེང་མ་མིག་བསྒྱུར་འོག་མ་ལ། །རི་རེས་ཐོབ་པ་སྟེང་མར་བསྲེ། །སྟེང་མ་མཁའ་རོས་བགོས་ཐོབ་པ། །སྐར་མའོ་ལྷག་མ་ཆུ་ཚོད་ཡིན། །འོག་མའི་གནས་དེ་མཁའ་རོ་དང་། །དུས་བསྒྱུར་རིམ་ཐོབ་སྲང་དབུགས་ཏེ། །ལྷག་མ་རང་ཆ་ཉི་དྷྲུའོ།། ༈ །།འདི་དག་བཻ་ཌཱུར་དཀར་པོ་ལས། །མི་རྗེ་སངས་རྒྱས་རྒྱ་མཚོ་ཡི། །རྣམ་དཔྱོད་འཕྲུལ་ལས་ལེགས་འོང་པའི། །ངོ་མཚར་དྷྲུ་བ་བཞིན་བྱེད་ན། །ཟླ་དག་མཁའ་ཐིག་རི་བུག་བརྒྱན། །རི་དབང་དུས་ཀླུས་བསྒྱུར་བ་ལ། །མིག་བུག་མདའ་རྩ་མེས་ཐོབ་པ། །དོར་ལ་ལྷག་མ་རི་ཡིས་བསྒྱུར། །མིག་བུག་མདའ་རྩ་མེས་ཐོབ་པ། །གཟའ་ཡིན་ལྷག་མ་མཁའ་རོས་བསྒྱུར། །བགོད་བྱེད་ཀྱིས་ཐོབ་དབྱུག་བུ་སྟེ། །སླར་ཡང་མཁའ་རོས་བསྒྱུར་བ་ལ། །བགོད་བྱེད་ཐོབ་པ་སྲང་ཡིན་ལ། །དུས་བསྒྱུར་བགོད་བྱེད་ཐོབ་པ་དབུགས། །རི་མཁའ་རིས་བསྒྱུར་བགོད་བྱེད་ཀྱིས། །ཐོབ་པ་ཆ་སྟེ་གཟའ་དྷྲུ་དག། ༈ །།རིལ་ཆར་ཟླ་བ་དག་པ་ལ། །ཀླུ་ལག་མཚོ་མེས་བརྒྱན་པར་བྱ། །མེ་དབང་ལག་པས་བསྒྱུར་བ་ལ། །ཀླུ་ལག་འབྱུང་མེས་ཐོབ་པ་དོར། །སླར་ཡང་ནོར་ལག་གིས་བསྒྱུར་ལ། །ཀླུ་ལག་འབྱུང་མེས་ཐོབ་པ་དེ། །རིལ་པོའོ་ལྷག་མ་དུས་ཉིས་བསྒྱུར། །ཀླུ་ལག་འབྱུང་མེས་ཐོབ་པ་དེ། །ཆ་ཤས་ཡིན་ནོ་


ZP01_Page_428
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མེད་འཆར། ༈ །ཉི་དྷྲུའི་དོན་དུ་ཟླ་དག་ལ། །དུས་བུག་མཚམས་མིག་བྱིན་པ་དེ། །མདའ་རོས་བསྒྱུར་ལ་ཆུ་མཁའ་ཀླུས། །དོར་ལྷག་འཁོར་ལོས་བསྒྱུར་བ་ལ། །ཆུ་མཁའ་ཀླུས་ཐོབ་སྐར་གནས་ཏེ། །ལྷག་མ་མཁའ་རོས་བསྒྱུར་བ་ལ། །ཆུ་མཁའ་ཀླུས་ཐོབ་དབྱུག་གུ་སྟེ། །ཡང་ལྷག་མཁའ་རོས་བསྒྱུར་བ་ལ། །བགོད་བྱེད་ཀྱིས་ཐོབ་ཆུ་སྲང་སྟེ། །ལྷག་མ་དུས་བསྒྱུར་བགོད་བྱེད་ཐོབ། །དབུགས་སོ་སླར་ལྷག་རི་རོ་ཡིས། །བསྒྱུར་ལ་བགོད་བྱེད་ཀྱིས་ཐོབ་པ། །ཆ་སྟེ་ལྷག་མེད་རྣམ་དག་འབྱུང་། །སྔ་མའི་དྷྲུ་ཝར་རང་རང་གི །སྒྱུར་བྱེད་བྱིན་ལ་འཁོར་ལོས་སྒྲིལ། །ཕྱི་མ་ཕྱི་མའི་དྷྲུ་ཝ་འཆར། །ཉིན་རེའི་རྩིས་ལ་འཇུག་པའི་ཕྱིར། །གཟའ་དྷྲུར་བུག་མདའི་ཆུ་ཚོད་དང་། །སྲང་མེ་དབུགས་མཚོ་ཆ་མི་བདག །ཉི་དྷྲུར་ཆུ་ཚོད་རིག་བྱེད་དང་། །གཟུགས་མིག་སྲང་ལ་དབུགས་འབྱུང་བ། །མེ་མཚོའི་ཆ་རྣམས་གང་བརྩི་ཡི། །ཚེས་གྲངས་ཀྱིས་བསྒྱུར་སོ་སོར་བྱིན། །དེ་ཡིས་གཟའ་ཉི་བར་པ་འགྲུབ། །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ །ཐོབ་པ་གཟུགས་མེ་མི་མཉམ་ཞིང་། །མིག་མཚོ་ཐིག་ལེ་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །མདའ་དབང་འབྱུང་མཚོ་མི་མིག་གཟུགས། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །དེ་ཡང་སྔ་རྐང་ཟོས་ཟིན་དང་། །ཕྱི་རྐང་ཟ་རྒྱུ་སྡོམ་བྱ་སྟེ། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །


ZP01_Page_429
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུ་གར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་སྡོམ། །རྐང་འཛིན་ཕྱིས་ལ་རྐང་བསྡོམས་བྲི། །རྐང་བཟུང་མདུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོ་དང་། །མཁའ་རོ་དུས་དང་རི་མཁའ་རིས། །བསྒྱུར་ལ་དུས་ཉིས་རིམ་ཐོབ་ནོར། །རྒྱུ་བའི་ཆུ་ཚོད་ཆུ་སྲང་དང་། །དབུགས་དང་ཆ་སྟེ་རྐང་སྡོམས་ལ། །སྔ་རྐང་དུས་སུ་དེ་བྱིན་ཞིང་། །ཕྱི་རྐང་རིམ་ཕབ་དེ་ཡིས་སྦྱར། །ཚོགས་དེ་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཕྱེད་དག་པར་འགྱུར། ༈ །གལ་ཏེ་ཟླ་རྐང་ཞིབ་བརྩིས་ཀྱིས། །འཚོལ་ན་རྐང་བསྡོམས་གྲུབ་པའི་རྗེས། །ཆ་ཤས་དྷྲུ་བ་མཁའ་མེ་ཡིས། །བསྒྱུར་ལ་གང་བརྩིའི་ཚེས་གྲངས་བསྲེ། །དེ་ཉིད་རྐང་བཟུང་མདུན་མས་བསྒྱུར། །མཁའ་ཀླུ་རི་མེས་རྙེད་པའི་ནོར། །རྒྱུ་བའི་དབྱུག་གོ་ལྷག་མ་རྣམས། །མཁའ་རོ་དུས་དང་རི་སོགས་སམ། །དཀྱིལ་འཁོར་གྱི་ནི་མཁའ་སྐྱོན་ཆ། །གཟུགས་མིག་གིས་བསྒྱུར་རིམ་ཐོབ་ཚོགས། །སྔ་རྐང་ལ་བསྲེ་ཕྱི་རྐང་དུ། །དམན་པ་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་དང་ཉི་ཆ་ཕྱེད་མཉམ་ཆེད། །གཟའ་ཡི་ཆ་ཤས་རི་རོས་བསྒྱུར། །རི་མཁའ་རིའམ་གཟུགས་མིག་གིས། །རྙེད་པ་སྟེང་བཀོད་གནས་དྲུག་བྱ། ༈ །དེ་ནས་གཟའ་ཉི་


ZP01_Page_430
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཆེད། །ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །དུས་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རྐང་གནས་དྲུག །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་དབང་པོར་བྲོ་བ་སྟེ། །མིག་དང་ཆུ་བོ་དག་ལ་ཕྱོགས། །མེ་ལ་དྲག་པོ་སྡོམ་པར་བྱ། །རྐང་འཛིན་ཕྱིས་ལ་རྐང་བསྡོམ་བྲི། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །རང་འཁོར་སྒྲིལ་ལ་མདའ་ཡོན་ཟླས། །ཐོབ་པའི་ཡང་དག་རྒྱུ་ཆུ་ཚོད། །ལྷག་རྣམས་མཁའ་རོ་དུས་རི་རོས། །རིམ་བསྒྱུར་རང་རང་ཆ་རྣམས་བཅུག །མདའ་ཡོན་ཟླས་ཐོབ་རྒྱུ་བ་ཡི། །ཆུ་སྲང་དབུགས་དང་ཆ་ཤས་ཡིན། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་རྒྱུ་བས་སྦྱངས་ལྷག་རྣམས། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་དག་པར་འགྱུར། ༈ །རེས་གཟའ་གང་ཤར་ཉིན་ཞག་རེར། །སྤྱོད་པས་ད་ནངས་ནམ་ལངས་དུས། །སླེབས་ནས་སང་གི་ནམ་ལངས་འཕོ། །ལོངས་སྤྱོད་གནས་སུ་གང་ཤར་བ། །ནམ་ལངས་ནས་བརྩམས་ཟད་པའི་ཚེ། །དེ་རིང་ཚེས་རྫོགས་ཕྱི་མ་འཇུག །གཟའ་


ZP01_Page_431
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལན་གཉིས་བསྡབས་གྱུར་ན། །ཆུ་ཚོད་མང་བའི་ཚེས་དེ་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག །དོན་དུ་ཚེས་ལ་ཆད་ལྷག་མེད། །དེ་ལྟར་སྣང་བའི་རྒྱུ་མཚན་ནི། །ཉིན་ཚེས་བསྟུན་ནས་བརྩི་ཕྱིར་ཏེ། །ཉིན་ཞག་གཅིག་གིས་ཚེས་ཞག་ནི། །རིལ་པོ་གཅིག་དང་སྔ་ཕྱི་ཡི། །ངོ་མཐོང་རིལ་པོ་ཆད་ཅེས་བཏགས། །ཚེས་ཞག་གཅིག་གིས་ཉིན་ཞག་ནི། །གསུམ་མཐོང་དེ་ལས་རིལ་པོ་དང་། །འགྲོགས་པའི་ཚེས་དེ་ལྷག་པར་བཏགས། །དེས་ན་རྐང་པའི་འཕེལ་འགྲིབ་ལས། །བྱུང་བའི་ཚེས་ལྷག་ཁ་འགྲིག་སྟེ། །དེ་ནས་ཆད་པ་མང་བ་ནི། །ཉིན་ཚེས་ཞག་མི་ཐུབ་ཀྱི་ཆ། །ཉི་མའི་ལོངས་སྤྱོད་རང་ཉིད་ཀྱིས། །སྐར་གནས་དེ་སྟེང་སླེབས་པ་ནས། །བརྩམས་ཏེ་རགས་པར་དེ་ཉིན་གྱི། །ཚེས་ལོངས་རྫོགས་པར་སྤྱོད་པའི་གྲངས། །དེ་ནས་ཟླ་བའི་སྐར་མའི་ཆེད། །ཉི་དག་གནས་གཉིས་གཅིག་ཤོསལ། །ཆུ་ཚོད་མཚོ་དབང་ཚེས་བསྒྱུར་དང་། །མཁའ་རོར་ལོངས་ཕུད་སྐར་གནས་སུ། །བཀོད་པ་ཐུན་མིན་རྟག་ལོངས་བྱིན། །རང་འཁོར་སྒྲིལ་ལྷག་ཆོས་འཁྱུད་ཅེས། །རགས་པར་དེ་རིང་ཚེས་ཟད་པར། །སྤྱད་པའི་ཟླ་སྐར་རྣམ་དག་ཡིན། །དེ་ལ་གཟའ་ཡི་ལོངས་སྤྱོད་ཀྱིས། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཏེ། །སྐར་མ་དེ་སྟེང་ཟླ་བ་ཡིས། །སྔ་མའི་ཞག་ལ་སྤྱད་ཟིན་འཆར། །དེ་ཡིས་མཁའ་རོར་ཕྲི་བའི་ལྷག །ནམ་ལངས་ནས་བརྩམས་


ZP01_Page_432
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡུན་སྡོད། །དེ་ཟད་ཕྱི་མའི་སྐར་སྟེང་སླེབ། །ཉི་དག་རེས་བགྲོགས་ཟླ་སྐར་དག །བསྲེས་ནས་སྟེང་སྒྲིལ་འཁོར་ལོས་དོར། །སྦྱོར་བའི་རི་མོ་རྣམ་པར་དག །སྦྱོར་བ་དུས་ཀྱི་ལྷ་ཡིན་པས། །ཚེས་རེར་དབང་བྱེད་ཚུལ་དུ་འཆར། །ལོངས་སྤྱོད་གང་ཤར་ད་ནང་གི །ནམ་ལངས་ཕན་ཆད་འདས་ཟིན་ཡིན། །ཚེས་གྲངས་མིག་བསྒྱུར་གཟུགས་ཀྱིས་ཕྲི། །ཐུབ་པས་དོར་ལྷག་ཕྱི་བྱེད་ཡིན། །སྔ་བྱེད་དེ་ཡི་ཤུགས་ལས་རྟོགས། །དེ་ཡང་རྐང་པར་བཅས་པ་ཡི། །གང་བརྩིའི་ཚེས་ལོང་དེ་དང་ནི། །ཕྱེད་མར་གཏུབས་པའི་ཆ་རེ་ནི། །བྱེད་པ་རེ་ཡི་ལོངས་སྤྱོད་དེ། །བརྟགས་ཐབས་ཚེས་ལོངས་སྔ་མ་ཡིས། །མཁའ་རོའི་སྟེང་ནས་པྲི་བའི་ལྷག །ཉིན་ཞག་སྔ་མར་འདས་ཟིན་ཡིན། །ལྷག་དང་ད་ལྟའི་ཚེས་ལོངས་གཉིས། །བསྲེས་ལ་མིག་གིས་བགོས་ཐོབ་ནོར། །དུས་དེའི་བྱེད་པའི་ལོངས་སྤྱོད་དེ། །སྔ་ཆར་སྔ་མའི་ཚེས་ལོངས་དག །རྫོགས་པ་དེ་ཡི་ཡུན་དུ་སྤྱོད། །ཕྱི་ཆར་ཚད་དེ་རྫོགས་པ་ནས། །བྱེད་པ་འཆར་བར་ཤེས་པར་བྱ། །གསུམ་པ་བྱེད་པའི་ལོ་བདག་ནི། །རྣམ་གནོན་ལ་སོགས་འདས་པའི་ལོར། །བསེ་རུ་འདོད་པ་བྱིན་པ་དེ། །གནས་གཉིས་སྟེང་མ་མཁའ་མཁའ་ཆུས། །བསྒྱུར་ལ་འོག་མའི་ཚོགས་ཀྱིས་ཕྲི། །རི་ཟླ་མེས་ཐོབ་གཟའ་གནས་བཞག །ལྷག་མ་མཁའ་རོ་མཁའ་རོ་རོས། །རིམ་བསྒྱུར་ཐོབ་པའི་ནོར་བརྩེགས་འོག །ལྷག་མ་བཞག་པ་ཆ་ཡི་གནས། །གཟའ་དབྱུག


ZP01_Page_433
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཉིས་སུམ་ཅུ། །བྱིན་ལ་འཁོར་སྒྲིལ་བྱེད་པ་ཡི། །ལོ་འཕོ་དཀྱུས་མ་རྣམ་པར་དག །ཡང་ན་རབ་ཚེས་རྣམ་གནོན་སོགས། །འདས་ལོ་གནས་ལྔར་བཞག་ནས་ཀྱང་། །གཟུགས་ཚེས་གཟུགས་མེ་རི་བོང་ཅན། །གཟུགས་ཉིས་བསྒྱུར་ལ་སྟེང་རིམ་བཞིན། །དུས་དང་མེ་མིག་དྲག་པོ་གཟུགས། །བསེ་རུ་བྱིན་ལ་མས་ནས་ཡར། །ཉི་ཟླ་ཡོན་ཏན་དུས་མཁའ་རོ། །མཁའ་རོ་ཐུབ་པས་དོར་བའི་ལྷག །ལོ་འཕོ་འགྲུབ་པ་གོང་དང་འདྲ། །ལོ་འཕོ་དེ་སྟེང་གཟའ་གནས་མིག །དབྱུག་གུར་བུག་གཟུགས་བསྣན་པ་ཡིས། །སྐྱོན་བྲལ་བྱེད་པ་ལོ་འཕོ་ཡིན། །ལོ་འཕོའི་ངེས་པ་སྔ་མའི་སྟེང་། གཟུགས་ཚེས་གཟུགས་མེ་གཟུགས་ཟླ་ཉི། །བྱིན་ལ་རང་འཁོར་བསྒྲིལ་པ་ཡིས། །ཕྱི་མ་ཕྱི་མའི་ལོ་འཕོ་འཆར། །བཞི་པ་ཟླ་བའི་འཕོ་བ་བཤད། །བྱེད་ལོའི་གཟའ་དབྱུག་གནས་གཉིས་པོ། །བཅུ་གཉིས་བཀོད་ལ་རིམ་པ་བཞིན། །ལུག་ལ་གཟའ་གཟུགས་རི་འབྱུང་དབྱུག །གླང་ལ་མཚོ་དང་མེ་དབང་པོ། །འཁྲིགས་པར་ཟླ་བ་རི་གཟུགས་ཏེ། །ཀརྚར་རྒྱ་མཚོ་ཡོན་ཏན་མདའ། །སེང་གེར་བསེ་རུ་དང་ལག་མིག །བུ་མོར་རྒྱ་མཚོ་རྒྱལ་བའོ། །སྲང་དུ་རོ་དང་གཟུགས་འབྱུང་བ། །སྡིག་པར་ཟླ་བ་དང་རི་མཚོ། །གཞུར་ནི་མེ་དང་དུས་གཟུགས་སོ། །ཆུ་སྲིན་རྒྱ་མཚོ་རི་བོ་མེ། །བུམ་པ་དུས་དང་ཆུ་གཏེར་ཏེ། །ཉ་ལ་ཐིག་ལེ་མིག་འབྱུང་རྣམས། །བྱིན་ལ་མཁའ་རོ་རིས་དོར་ལྷག །ཁྱིམ་རྣམས་


ZP01_Page_434
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་སླེབས་མཚམས་གཟའ། །རགས་པ་རྟོགས་པའི་མན་ངག་ཡིན། ༈ །ལྔ་པ་སྒྲ་གཅན་ངེས་པ་ནི། །རྣམ་གནོན་ལ་སོགས་འདས་པའི་ལོར། །བསྒྲུབས་པའི་བྱེད་གྲུབ་གང་འདོད་ཀྱི། །ཟླ་དག་དུས་མཚམས་ཀྱིས་བརྒྱན་པ། །ཕྱོགས་ཞག་ཟླ་བའི་ངེས་པ་གསུམ། །གང་འདོད་གཞིར་བཀོད་དང་པོའི་ཆེད། །མིག་བསྒྱུར་ཉར་གཟུགས་སྟོང་མིག་བྱིན། །མཁའ་དུས་ཆུ་བོས་ཐོབ་པ་དོར། །ལྷག་མ་སྐར་མ་མཁའ་རོ་དང་། །མཁའ་རོ་དུས་དང་མེ་མིག་གིས། །བསྒྱུར་ལ་མཁའ་དུས་ཆུ་བོ་ཡིས། །རིམ་ཐོབ་སྒྲ་གཅན་རྩ་བ་སྟེ། །དེ་ཡིས་འཁོར་ལོ་སྦྱངས་ལྷག་གདོང་། །གདོང་ལ་འཁོར་ཕྱེད་བསྲེས་པ་མཇུག །ཟླ་བ་ཕྱེད་པའི་སྒྲ་གཅན་ནོ། །གཉིས་པ་ཚོགས་དེ་མཁའ་མེས་བསྒྱུར། །ཚེས་བསྲེས་མཁའ་མཁའབུག་རོས་དོར། །ལྷག་མ་སྐར་མས་བསྒྱུར་བ་སོགས། །རྩ་གདོང་མཇུག་གི་ཆོ་ག་རྣམས། །སྔར་བཞིན་བྱས་པས་སྒྲ་གཅན་ནི། ཚེས་གླངས་གང་ལ་འཕོས་པ་རྟོགས། ༈ །གསུམ་པ་མཁའ་མཁའ་མེ་ལག་དོང་ལྷག །སྐར་མས་བསྒྱུར་སོགས་སྔར་ཇི་བཞིན། །བྱས་པས་ཟླ་རེའི་སྒྲ་གཅན་རྟོགས། །དེ་དག་རྣམས་ཀྱི་དབུགས་ལྷག་ནི། །མཁའ་མིག་དགོས་ཐོབ་ཆར་བཞག་པས། །རི་མོའི་མདོ་དོན་འདྲ་བ་ཡིན། །གཞན་ཡང་སྒྲུབ་ཚུལ་མི་འདྲའི་ཁྱད། །ཟླ་དག་རྩིས་འབྲོས་བརྒྱན་པ་དེ། །ཕྱོགས་ཞག་ཟླ་བ་གང་འདོད་ཀྱི། །དཀྱིལ་འཁོར་སོ་སོས་དོར་བའི་བར། །གོང་བཞིན་བྱས་པའི་


ZP01_Page_435
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་དེ། །གཟུགས་ཀླུས་བསྒྱུར་ལ་མེ་མིག་གིས། །ཐོབ་ནོར་མཁའ་རོས་བགོས་ཐོབ་པ། །སྐར་མའོ་ལྷག་མ་ཆུ་ཚོད་དེ། །འོག་གི་ལྷག་མ་མཁའ་རོས་བསྒྱུར། །མེ་མིག་བགོས་ཐོབ་ཆུ་སྲང་སྟེ། །རོས་བསྒྱུར་ཐོབ་པ་དབུགས་ཀྱི་ཆ། །ལྷག་མ་རང་ཆར་བཞག་པ་ནི། །རྩ་བ་ཡིན་ཏེ་གདོང་མཇུག་གཉིས། །གོང་ལྟར་བྱས་པས་འགྲུབ་པ་ཡིན། །དེ་ལྟར་ཕྱོགས་ཞག་ཟླ་བ་ཡི། །ངེས་པ་དེ་སྟེང་རང་རང་གི །རྟག་ལོངས་རྩ་བ་ལ་བསྣན་ཞིང་། །གདོང་མཇུག་གཉིས་ལ་ཕྲི་བ་ཡིས། །ཕྱི་མ་ཕྱི་མའི་ངེས་པ་འཆར། །དེ་ལ་རང་རང་རྟག་ལོངས་ནི། །མེ་དབྱུག་གཟུགས་མེའི་སྲང་དབུགས་གཟུགས། །བུག་གཟུགས་ཆ་སྟེ་ཕྱོགས་ལོངས་ཡིན། །ཆུ་སྲང་མ་ནུ་ཆ་ཤས་ཉི། །སྒྲ་གཅན་ཞག་གི་རྟག་ལོངས་ཡིན། །དབྱུག་རི་སྲང་མིག་དབུགས་ཡོན་ཏན། །ཆ་ཤས་ཚེས་རྣམས་ཟླ་ལོངས་སོ། །དྲུག་པ་ལེགས་ལྡན་གཟའ་ལྔ་པོ། །ཉིན་ཞག་དག་ལ་སྤྱོད་ཚུལ་འཆད། །གྲུབ་མཐའི་ཟླ་དག་མཁའ་མེ་ཡིས། །བསྒྱུར་ལ་གང་བརྩིའི་ཚེས་གྲངས་བསྲེ། །གནས་གསུམ་བར་འོག་བུག་གཟུགས་དང་། །མེ་མིག་ཆུ་གཏེར་གྱིས་བརྒྱན་ལ། །འོག་མར་རི་མཁའ་རིས་ཐོབ་ནོར། །བར་བྱིན་དེ་ལ་ཆུ་རོ་ཡིས། །ཐོབ་པའི་ནོར་གྱིས་སྟེང་མ་ལ། །སྦྱངས་ལྷག་སྤྱིར་བཏང་མི་གསལ་ཞག །གསལ་བའི་དོན་དུ་གནས་གཉིས་བཀོད། །གཅིག་ལ་དུས་


ZP01_Page_436
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རིས་དོར་ལྷག །རེས་ཀྱི་གཟའ་དང་མཐུན་ནམ་བརྟག །མཐུན་ན་དག་མོད་མ་མཐུན་ཚེ། །ཉུང་ན་གཅིག་བྱིན་མང་ན་ཕྲི། །དེ་ལྟར་མཐུན་བྱས་གསལ་ཞག་ཡིན། །སྒོས་ཞག་དོན་དུ་སྤྱི་ཞག་དེ། །ཚར་དྲུག་བཀོད་ལ་རིམ་པ་བཞིན། །བཀྲ་ཤིས་དོན་དུ་འབྱུང་རི་གཟུགས། །ཕུར་བུར་འབྱུང་མེ་གཟུགས་མཚོ་དང་། །སྤེན་པར་གཟུགས་དུས་མཚམས་ཕྱོགས་བསྣན། །ལྷག་པའི་ཆེད་དུ་བརྒྱས་བསྒྱུར་ལ། །ཆུ་དབང་མེ་མཚོ་བ་སངས་ལ། །བཅུས་བསྒྱུར་མཁའ་དབང་རི་ཟླས་བརྒྱན། །ཉི་མར་མིག་ཀླུ་མེ་སྐྱོན་གྱིས། །བསྒྱུར་ལ་ཆུ་གཏེར་རྩ་འཁོར་ལོ། །འབྱུང་བ་མཚོ་དུས་བརྒྱན་པར་བྱ། །དེ་ལ་རང་རང་དཀྱིལ་འཁོར་གྱིས། །དོར་བར་བྱའོ་དཀྱིལ་འཁོར་ནི། །བཀྲ་ཤིས་ལ་ནི་རི་ཀླུ་རོ། །ཕུར་བུའི་སོ་མེ་རྒྱ་མཚོ་སྟེ། །སྤེན་པའི་དུས་མཚམས་རི་ཕྱོགས་སོ། །ལྷག་པའི་རི་བུག་རི་ཀླུ་དང་། །དཀར་པོར་རི་རྒྱལ་མིག་ཉི་མར། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །དོར་ལྷག་སོ་སོའི་སྒོས་ཞག་གོ །རང་རང་སྒོས་ཀྱི་ཉིན་ཞག་དེ། །སྐར་མ་མཁའ་རོ་མཁའ་རོ་དུས། །རང་ཆ་སོ་སོས་བསྒྱུར་བ་ལ། །རིམ་བཞིན་རང་རང་དཀྱིལ་འཁོར་གྱིས། །རྙེད་ནོར་བརྩེགས་པ་ཚར་དྲུག་ལས། །དང་པོ་ལྔ་པོ་གོ་རིམ་བཞིན། །དྲག་གསུམ་དལ་བར་ཞི་གཉིས་ཀྱི། །རྐང་འཛིན་བར་པ་སོ་སོ་སྟེ། །དྲུག་པ་དྲག་གསུམ་རྐང་འཛིན་དང་། །ཞི་གཉིས་དལ་བར་ཐུན་མོང་འགྱུར། །དེ་ལ་རང་རང་


ZP01_Page_437
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཤས་ནི། །དམར་པོའི་སུམ་ཆ་བུག་མིག་ལག །ལྷ་ཡི་བླ་མའི་བཅུ་གཉིས་ཆ། །གཟུགས་དུས་མེའོ་སྤེན་པ་ཡི། །གཉིས་ཆ་མེ་ཀླུ་མེ་འབྱུང་སྟེ། །ལྷག་པའི་རི་བུག་རི་ཀླུ་དང་། །དཀར་པོའི་སུམ་ཆ་བུག་མཚོ་ཐུབ། །ཉི་མའི་འབྱུང་བ་ཆུ་གཏེར་ཆ། །བུག་མཁའ་མིག་བུག་ཡིད་ཡིན་ནོ། །དེ་ནས་དལ་དག་བསྒྲུབ་པའི་ཆེད། །དྲག་གསུམ་རང་རང་དལ་བར་དང་། །ཞི་གཉིས་ཉིན་ཞག་ཉི་བར་དག །གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ། །རང་རང་སྐྱེས་ཁྱིམ་སྦྱང་བར་བྱ། །བཀྲ་ཤིས་སྐར་བུག་མཁའ་མེའི་དབྱུག །མི་བདག་ཕྱེད་བཅས་ཟླ་བའི་བུ། །བླ་མར་རྒྱུ་སྐར་ཉི་མ་སྟེ། །པ་ཝ་སངས་ལ་སྐར་མ་དྲུག །སྤེན་པར་སྐར་མ་བཅོ་བརྒྱད་དོར། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱང་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་དལ་རྐང་འཛིན། ༈ །གཟུང་བྱའི་ཐ་དད་རྐང་པ་ནི། །ལུས་དམར་དེ་ཉིད་ཉེས་པ་རི། །ཟླ་སྐྱེས་ཕྱོགས་རི་རྩེ་མོ་ཅན། །སྒྲ་མཁན་བདེ་བྱེད་སྲིན་པོ་མེ། །དཀར་པོའི་མདའ་ཆུ་རི་བོང་ཅན། །དལ་འགྲོས་ལག་མིག་ཚེས་མཚམས་ཏེ། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །མདའ་ཡོན་ཟླས་ཐོབ་ཡང་དག་རྒྱུའི། །ཆུ་ཚོད་ཡིན་དེ་ལྷག་མཁའ་རོ། །དུས་དང་


ZP01_Page_438
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཆ་སོ་སོ་ཡིས། །བསྒྱུར་བཅུག་ཐོབ་པ་སྲང་དབུགས་ཆ། །སྔ་རྐང་ཆུ་ཚོད་གཉིས་བསྲེ་ཞིང་། །ཕྱི་རྐང་ཕབ་ལ་རྒྱུ་བས་སྦྱང་། །དེ་དག་དལ་བར་ཅིག་ཤོས་ལ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡི་དལ་བ་དག་པར་འགྱུར། ༈ །མྱུར་བའི་ལས་ཀྱི་ཆོ་ག་ནི། །རང་རང་དལ་དག་གནས་གཉིས་བཀོད། །དྲག་གཟའི་དལ་དག་གནས་གཅིག་གིས། །ཉི་མ་བར་མ་ལ་སྦྱང་ཞིང་། །ཞི་གཟའ་གཉིས་ཀྱི་དལ་དག་གིས། །རང་རང་རྐང་འཛིན་ལོངས་སྤྱོད་སྦྱང་། །མ་ལྡང་འཁོར་ལོ་བསྣན་ལ་སྦྱང་། །སྦྱང་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མས་མྱུང་རྐང་འཛིན། །མ་དོར་རིམ་པ་ལུགས་འབྱུང་དང་། །དོར་ན་རིམ་མིན་ལུགས་ལྡོག་ཏུ། །བཟུང་ལ་འཛིན་བྱེད་སྐར་མ་དབྱི། །རིམ་མིན་རྐང་འཛིན་དག་པ་ལ། །སྐར་གནས་སྟོང་ཤིང་ཆུ་ཚོད་དུ། །མཁའ་མེར་ལོངས་པ་ནས་བཟུང་སྟེ། །རིམ་མིན་ཇི་སྲིད་མ་རྫོགས་པར། །རྐང་འཛིན་དབྱུག་གུར་སླ་ཐབས་སུ། །མཁའ་མེ་བསྣན་ནས་འཛིན་པ་གཅེས། ༈ །བཟུང་བྱའི་ཐ་དད་རྐང་པ་ནི། །བཀྲ་ཤིས་རྒྱལ་བ་མེ་མིག་གསུམ། །གཟུགས་མིག་རྣམ་གཉིས་སྐྱོན་ཚེས་དྲག །མེའོ་རྩ་བར་དབང་ཕྱུག་དང་། །ཀླུ་མེ་མཁའ་ནོར་མེ་དབང་པོ། །ཟླ་སྐྱེས་མི་བདག་རྒྱལ་པོ་ཚེས། །ཡིད་འདོད་དྲག་པོ་རི་འབྱུང་མཁའ། །རྩ་བར་རྒྱ་མཚོ་དབང་ཕྱུག་དང་། །མཁའ་མིག་ནོར་ལག་ཆུ་མེའོ། །སྒྲ་མཁན་ཕྱོགས་ཕྱོགས་བུ་ག་ཀླུ། །དུས་རོ་མིག་གཟུགས་རྩ་


ZP01_Page_439
[མ་དཔེ་གཟིགས་ན་འདིར་གནོན།]

བར་མེ། །བྲོ་བ་བུ་ག་དྲག་པོ་དང་། །ཆ་ཤས་ཅན་དང་ཐབ་པའོ། །སྙན་ངག་མཁན་གྱི་དེ་ཉིད་གསུམ། །རྒྱལ་བ་གཉིས་དང་ལག་མིག་གཉིས། །སྐྱོན་ཚེས་ཀླུ་དང་རྩ་བར་རོ། །མཁའ་མེ་སྲིན་བུག་མེ་རིའོ། །དལ་འགྲོའི་དུས་འབྱུང་དབང་པོ་ཆུ། །རིག་བྱེད་ལག་པ་མིག་དང་མཁའ། །རྩ་བར་མཚེ་མ་སྡེ་བ་དབང་། །དུས་དང་གདེངས་ཅན་ཡོན་ཏན་ནོ། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །རང་འཁོར་སྒྲིལ་ལ་མཁའ་རོ་ཡིས། །ཐོབ་པ་ཡང་དག་རྒྱུའི་དུས་ཚོད། །ལྷག་མ་སྲང་དབུགས་ཆའི་དོན་དུ། །མཁའ་རོ་དུས་དང་ཤེད་སྙོམས་ཆས། །བསྒྱུར་བཅུག་མཁའ་རོས་རིམ་ཐོབ་བརྩེགས། །རིམ་པའི་ཕྱི་རྐང་ཐ་མ་དང་། །རིམ་མིན་སྔ་རྐང་དང་པོ་ལ། །རྐང་སྔོན་ཕོག་ཚེ་མཁའ་མེས་བགོ །ཁྱད་པར་ལྷག་སྤེན་རྐང་སྔོན་དེ། །ཐིག་ལ་བབ་ཚེ་བསྒྱུར་བྱའི་ལྷག །ཕྱིས་པས་རྒྱུ་བའི་རྐང་ལོངས་མེད། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་ཕབ་ལ་རྒྱུ་བས་སྤྱང་། །ལོངས་ན་སྐར་གནས་ཕུད་པ་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །འཁོར་ཕྱེད་དོར་ཕྲི་མ་དོར་བྱིན། །དབྲི་བྱ་ཉུང་ན་འཁོར་བསྣན་སྦྱངས། །ཡང་ན་ལྡོག་སྟེ་སྦྱང་བ་ཡིས། །ལུགས་འབྱུང་ལུགས་ལྡོག་རི་མོ་འཆར། ༈ །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་


ZP01_Page_440
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཕྱི་རྐང་འབྱུང་འགྲོས་བྱང་། །དེ་ལྟར་འགྲོས་བཞི་ལྡན་པ་སྟེ། །གཟའ་ལྔ་མཚུངས་པར་ཉི་མ་ལ། །ནུབ་རྗེས་རང་རང་དལ་བ་ལས། །མྱུར་བའི་འགྲོས་བཞི་བརྩམས་པའི་མཐར། །དལ་དག་ལ་གནས་ཉི་མར་ནུབ། །སླར་ཡང་རིམ་པ་གཞན་མེད་པས། །སྔར་ལྟར་འགྲོས་བཞི་རྩོམས་པ་ཡིན། ༈ །གཞན་ཡང་རི་མོའི་རྣམ་གྲངས་ལ། །གཟའ་ལྔའི་རང་རང་སྒོས་ཞག་རྣམས། །གནས་ལྗར་བཀོད་དེ་དྲག་གསུམ་ལ། །སོ་སོའི་ཉིན་ཞག་རྟག་ལོངས་དང་། །ཞི་གཉིས་བརྒྱ་ཆ་བཅུ་ཆ་ཡི། །ཉིན་ལོངས་ཀྱིས་བསྒྱུར་རང་འཁོར་སྒྲིལ། །དྲག་གསུམ་དལ་བར་ཞི་གཉིས་ཀྱི། །མྱུར་བར་འགྲུབ་བོ་ཐུན་མོང་ཆེད། ༈ །སྤྱི་ཞག་འཕྲོ་ཡི་རེ་བཞི་ཆ། །རི་མཁའ་རིས་བསྒྱུར་རང་ཆ་གཞུག །དེ་ཡང་མདའ་དུས་མིག་དབང་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ །ཐོབ་པ་དབུགས་ཡིན་ལྷག་མ་ཆ། །དེ་ཉིད་ཚེས་ཞག་ཉི་བར་གྱི། །ཆ་ཤས་འཁོར་ལོ་ལག་མིག་གིས། །བསྒྱུར་བ་བུག་སོགས་ཆ་ལ་བསྲེ། །དེ་ལ་བུག་སོགས་རང་འཁོར་གྱིས། །བསྒྲིལ་བས་ཉིན་ཞག་ཉི་བར་འགྲུབ། ༈ །བདུན་པ་ཁྱིམ་ཚེས་ལ་སྤྱོད་པའི། །གཟའ་ལྔའི་དལ་མྱུར་རྣམ་དག་ཏུ། །སྒྱུར་བྱེད་སོ་སོའི་རྐང་ཆོག་རྣམས། །ཉིན་ཞག་དང་མཚུངས་དེས་མཚོན་པའི། །འདི་ནི་སྒོ་ཆོས་ཁྱིམ་ཚེས་ཀྱི། །དལ་མྱུར་བར་པ་སྒྲུབ་ཚུལ་བཤད། །ཐོག་མར་ཁྱིམ་ཞག་གཟའ་ལྔའི་ཆེད། །རབ་ཚེས་རྣམ་གནོན་ལ་


ZP01_Page_441
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ། །ལོ་དག་གནས་དྲུག་ཚར་ལྔ་བཀོད། །དེ་ཉིད་གཟའ་ལྔ་སོ་སོ་ཡི། །ལོ་ཡི་ངེས་པས་བསྒྱུར་བར་བྱ། །དེ་ལ་ལོ་ཡི་ངེས་པ་ནི། །དམར་པོའི་ཡིད་དང་གཟུགས་ལག་པ། །མཁའ་མིག་ཟླ་བ་ཆུ་རོ་དང་། །རི་བོ་གཟུགས་བུག་ཡོན་ཏན་ནོ། །ལྷག་པའི་ཆུ་བོ་དུས་འབྱུང་མེ། །མེ་དང་རོ་ཆུ་ཡོན་ཏན་དུས། །རྩེ་མོ་མཚོ་ཀླུ་ཐུབ་པའོ། །བླ་མ་མིག་དང་མི་བདག་དང་། །འབྱུང་མེ་རིག་བྱེད་ནོར་རི་མཚམས། །རྒྱ་མཚོ་དབང་འབྱུང་བྲོ་བའོ། །དཀར་པོའི་རྒྱལ་པོ་མེ་ཕུང་པོ། །འཁོར་ལོ་ཡོན་ཏན་བུག་མིག་མཚོ། །དུས་མཁའ་རིག་བྱེད་ལག་པའོ། །དལ་འགྲོའི་ནམ་མཁའ་ཆུ་ཕུང་པོ། །ཐུབ་པ་མདའ་དང་ཆུ་གཏེར་དང་། །ལག་པ་གདེངས་ཅན་ཀླུ་རྒྱ་མཚོ། །ནམ་མཁའ་ནོར་ལྷ་ཉི་མའོ། །དེ་རྣམས་ཀྱིས་བསྒྱུར་རྩིས་འཕྲོ་ནི། །བཀྲ་ཤིས་ཐུབ་པ་དང་དུས་མིག །འདོད་པ་ཟུང་དང་མེ་ཉི་མ། །རི་མཚོ་ཐུབ་དབང་བྱིན་པར་བྱ། །ལྷག་པར་རི་ཟླ་དང་མེ་མཚོ། །མེ་མིག་ལག་དང་ཆ་གོང་མར། །རི་ཀླུ་གདེང་ཅན་བྲོ་བ་དང་། །འོག་མར་མེ་ཀླུ་མེ་དབང་བསྲེ། །སྒྲ་མཁན་དེ་ཉིད་གཟུགས་དབང་པོ། །བུག་མེ་མཁའ་དང་མེ་རི་མཚོ། །བུ་ག་དུས་མཚོ་དྲང་སྲོང་བསྲེ། །དཀར་པོར་ལག་མིག་ཆུ་མཚོ་དང་། །རི་གཟུགས་ཟླ་བ་བརྩེ་བགྲོད་ཐུབ། །རྒྱལ་བ་འཇིག་རྟེན་གཤིན་རྗེ་བསྲེ། །སྤེན་པར་དུས་མིག་དང་དུས་མཚོ། །ནམ་མཁའ་མིག་དང་ཡོན་ཏན་དང་། །བྲོ་བ་རྩེ་མོ་


ZP01_Page_442
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་དང་། །དེ་ཉིད་མཁའ་མཚོས་བརྒྱན་པ་ལ། །སོ་སོའི་འཁོར་ལོས་སྟེང་དུ་སྒྲིལ། །དེ་ཡང་ཕུར་བུས་ཆ་གོང་མ། །ལག་མིག་ཐུབ་པའོ་གཟའ་གཞན་རྣམས། །ཉིན་ཞག་དང་འདྲ་ཐམས་ཅད་ཀྱི། །འོག་མ་གཟུགས་བུག་གཟུགས་བུག་ཡིན། །དེ་ཡི་ལུག་གི་ཁྱིམ་ཟླ་ཡི། །དྲག་གསུམ་དལ་དྷྲུ་ཞི་གཉིས་ཀྱི། །རྐང་འཛིན་དྷྲུ་བ་རྣམ་པར་དག །སྔ་དྷྲུར་ཟླ་གཅིག་ངེས་པ་རྣམས། །རིམ་བརྩེགས་ཉ་ཁྱིམ་བར་དུ་སྤེལ། ༈ །དེ་ལ་ཟླ་གཅིག་ངེས་པ་ནི། །བཀྲ་ཤིས་གཟུགས་དྲག་དུས་མཚོ་ཆུ། །རྒྱལ་བ་དུས་ཚེས་རྒྱ་མཚོའོ། །ལྷག པའི་བུ་ག་མཁའ་མིག་སོ། །ཕུང་པོ་དུས་ཉི་རི་བོ་དང་། །དབང་པོ་གཟུགས་མཁའ་བྲོ་བའོ། །ཕུར་བུའི་མཁའ་དྲག་ལག་མིག་དབང་། །གདེངས་ཅན་ཕུང་པོ་བྲོ་བ་དང་། །ནོར་ལྷ་དྲང་སྲོང་མཁའ་མིག་གོ །དཀར་པོའི་མེ་དང་བུག་ཡོན་ཏན། །སྐར་མ་བསེ་རུ་རི་བུག་དབང་། །བྲོ་བ་བུ་ག་རི་མཚོའོ། །ཉི་བུའི་མཁའ་ཆུ་རིག་བྱེད་མེ། །སྡེ་པ་མིག་བུག་དབྱིག་ཆུ་བོ། །མཚོ་མེ་ལག་པ་དུས་རྣམས་སོ། །ཡང་ན་འདས་ལོ་ཉི་མས་བསྒྱུར། །འདས་པའི་ཁྱིམ་ཟླ་བསྲེས་པའི་ཚོགས། །རང་རང་ཟླ་གཅིག་ངེས་པས་བསྒྱུར། །རྩིས་འཕྲོ་བསྲེས་ལ་རང་འཁོར་སྒྲིལ། །སོ་སོའི་ཁྱིམ་ཟླའི་དྷྲུ་བ་འཆར། ༈ །དེ་ནས་ཞི་དྲག་དལ་མྱུར་དྷྲུ། །ཐུན་མོང་ཁྱིམ་ཞག་ཉི་དྷྲུ་ནི། །ཁྱིམ་ཟླ་སྔ་མའི་རྫོགས་ཚད་གང་། །ཕྱི་མ་ཕྱི་མའི་ཉི་དྷྲུ་སྟེ། །དེ་ཡང་འཁོར་ལོ་


ZP01_Page_443
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ནི། །ལུག་གི་ཁྱིམ་ཟླའི་དྷྲུ་བ་ཡིན། །དེ་སྟེང་སྐར་མིག་དབྱུག་གུར་ཚེས། །རིམ་བརྩེགས་བྱིན་ལ་ཉའི་བར་སྤེལ། །དེ་ནས་ཁྱིམ་གྱི་ཟླ་ཞག་དག། གར་ཡོད་བརྟག་ཕྱིར་འདས་ཟླ་ནས། །གཅིག་ཕབ་འོག་ཏུ་རི་རོ་ཆར། །བྱས་ལ་རང་རང་ཟླ་བཤོལ་འཕྲོས། །སྦྱངས་ལྷག་མཁའ་མེས་བསྒྱུར་བ་ལ། །གང་བརྩིའི་ཚེས་གྲངས་མདའ་རོ་ཡིས། །བསྒྱུར་བ་བསྲེས་ལ་རི་རོས་བགོ །རྙེད་པ་ཞག་ཡིན་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་རི་རོས། །རིམ་བསྒྱུར་རི་རོས་ཐོབ་པ་བརྩེགས། །ཞག་ལ་མཁའ་མེས་ཐོབ་པའི་ནོར། །སྟེང་བསྲེས་དེ་ཡང་ཉི་མེས་དོར། །རིམ་བཞིན་སྟེང་ནས་འདས་ཁྱིམ་དང་། །འདས་ཞག་དབྱུག་སྲང་དབུགས་ཆ་སྟོན། །དེ་ཚེ་ཚོད་ཟིན་པར་པའི་ཆེད། །གཟའ་ལྔ་ཉི་མར་བཅས་པ་ཡི། །རང་ཁྱིམ་ཟླ་བའི་དྷྲུ་བ་ལ། །བརྩི་བྱའི་ངོ་ཐོག་ཞག་གྲངས་ཀྱི། །རང་རང་རྟག་ལོངས་བསྒྱུར་ལ་བྱིན། །གཟའ་ལྔའི་དལ་མྱུར་བར་བ་འགྲུབ། །དེ་ལ་རང་རང་རྟག་ལོངས་ནི། །བཀྲ་ཤིས་མཁའ་ཟུང་མེ་མིག་རྩེ། ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་མཚོ་མཁའ། །ལག་མིག་བགྲོད་པ་དབང་པོ་དང་། །དུས་བུག་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་མཁའ་ལག་མིག་མཚོ། །གཟུགས་མེ་ཆུ་དང་མིག་ཀླུ་དུས། །དཀར་པོར་མཁའ་རི་སྐྱོན་དབང་པོ། །རིག་བྱེད་སྡེ་བ་ཡོན་ཏན་དང་། །བུག་མཚོ་ཆུ་བོ་རྒྱ་མཚོའོ། །དལ་འགྲོར་མཁའ་


ZP01_Page_444
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་བུ་ག་མཁའ། །ཐུབ་པ་གདེངས་ཅན་གཟུགས་དབང་པོ། །དུས་མཚོ་ནམ་མཁའ་ལག་པའོ། །ཉི་མར་མཁའ་མཚོ་མཁའ་མེའོ། ༈ །དེ་ནས་ཚེས་ཞག་གཟའ་ལྔའི་ཆེད། །སྔར་གྱི་གྲུབ་མཐའི་ཟླ་དག་དེ། །གནས་དྲུག་ཚར་ལྔ་བཀོད་པ་ལས། །དམར་པོར་གཟུགས་བུག་ཀླུ་མེ་མཁའ། །ཆུ་རི་གཟུགས་དང་ཀླུ་རིས་བསྒྱུར། །བྲོ་བོ་གཟུགས་འབྱུང་དུས་དབང་པོ། །མིག་དང་ནོར་ལྷ་བགྲོད་པ་ལག །ནམ་མཁའ་དྲག་པོས་བརྒྱན་པར་བྱ། །ལྷག་པར་བུག་མེ་ཀླུ་མཚོ་དབང་། །མིག་འབྱུང་རི་ཀླུ་བུག་རོས་བསྒྱུར། །མྱོས་བྱེད་རྒྱལ་པོ་སྲིན་པོ་དང་། །འབྱུང་བ་མེ་མཁའ་དབང་པོ་དུས། །ནོར་ལྷ་ཐུབ་པ་རིག་བྱེད་བྱིན། །སྒྲ་མཁན་མཁའ་དྲག་མིག་དང་མེ། །མེ་མིག་མཚོ་དང་བུག་མེས་བསྒྱུར། །དེ་ཉིད་དུས་མཚོ་ཉི་མ་དང་། །དབང་པོ་བསེ་རུ་གཉིས་སྐྱེས་དང་། །འབྱུང་བ་དབང་པོས་བརྒྱན་པར་བྱ། །པ་སངས་མེ་སོ་མཚོ་འབྱུང་གཟུགས། །དུས་འབྱུང་ཡོན་ཏན་མ་རིས་བསྒྱུར། །མཁའ་མིག་རྩ་འབྱུང་གདེངས་ཅེན་ལག །མིག་དང་དྲག་པོ་བྲོ་བ་དང་། །འཇིག་རྟེན་སྲིན་པོ་ཡོན་ཏན་བྱིན། །དལ་འགྲོར་མཁའ་མཚོ་དུས་མིག་མེ། །མིག་མཁའ་ཐུབ་མེ་རི་དྲག་པོས། །བསྒྱུར་ལ་དུས་མིག་རིག་བྱེད་མཚོ། །སྲིན་པོ་དང་ནི་འོད་དཀར་ཅན། །ནམ་མཁའ་གཤིན་རྗེ་འཁོར་ལོ་དང་། །འབྱུང་བ་རྒྱལ་པོས་བརྒྱན་པར་བྱ། །ལྔ་ཀ་འོག་མ་རི་མཁའ་རིའི། །ཆའོ་གོང་མ་ཁྱིམ་ཞག་དང་། །འདྲ་


ZP01_Page_445
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་ལ་རང་འཁོར་སྒྲིལ། །དེ་ཡིས་སོ་སོའི་དྷྲུ་བ་ཀ །སྔ་ངྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲུ་བ་འཆར། ༈ །དེ་ནས་སོ་སོའི་དྷུ་བ་ལ། །བཀྲ་ཤིས་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་རྒྱ་མཚོ་མ་ནུའོ། །སྔོ་སངས་མཁའ་སྐྱོན་རི་བོ་མེ། །དུས་མེ་མཁའ་ཐུབ་མེ་རིའོ། །བླ་མར་མཁའ་མཁའ་ལག་མིག་ཐིག །དབང་རི་མེ་དང་མིག་ཐུབ་པའོ། །དཀར་པོར་མཁའ་རི་དབང་པོ་མཚོ། །དུས་མེ་རོ་དང་མཚམས་མིག་གོ །ཉི་བུར་མཁའ་མཁའ་གདེངས་ཅན་དབང་། །ཀླུ་མེ་རི་གཟུགས་མི་བདག་ལག །ལྟར་རང་རང་རྟག་ལོངས་རྣམས། །གང་བརྩིའི་ཚེས་བསྒྱུར་སོ་སོར་བྱིན། །དེ་ཡིས་དྲག་གསུམ་དལ་བར་དང་། །ཞི་གཉིས་རྐང་འཛིན་བར་པ་འགྲུབ། །ཐུན་མོང་དལ་མྱུར་ཉི་བར་ནི། །གྲུབ་པའི་ལྔ་བསྡུས་ནང་བཞིན་བྱ། ༈ །བརྒྱད་པ་དུ་མཇུག་རི་མོ་ནི། །རབ་ཚེས་རྣམ་གནོན་འདས་པའི་ལོར། །བྱས་པའི་བྱེད་པའི་ཟླ་དག་ལ། རྩེ་མོ་མེ་བྱིན་མདའ་རེས་བསྒོ། །ལྷག་མེད་གྱུར་ཚེ་དུ་བ་མཐོང་། །རྙེད་པ་འཕར་ཏེ་མི་མཉམ་ན། །ཐོ་རངས་ཤར་གྱི་ཕྱོགས་སུ་བརྟག །རྙེད་པ་འཕར་ཏེ་མཉམ་པ་ན། །སྲོད་ལ་ནུབ་ཀྱི་ཕྱོགས་སུ་བརྟག །འདི་ལ་རྒྱུན་བཅས་ལོངས་སྤྱོད་དག །གསུངས་ཀྱང་འདིར་ནི་མ་བྲིས་སོ། །ཤེས་པར་འདོད་ན་གཞུང་དུ་ལྟོས། ༈ །དགུ་བ་ཉི་མ་ཟླ་བ་ལ། །སྒྲ་གཅན་འཇུག་པ་བཤད་པར་བྱ། །སྤྱིར་ནི་དཀར་ནག་ཚིགས་མཚམས་དང་། །ཁྱད་


ZP01_Page_446
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཟླ་བ་སྔར་བཟུང་གིས། ཟླ་གཟུགས་བདེ་ཤིང་ཉི་མ་ཡི། །དུས་ཚིགས་གསུམ་འདས་ཁྱིམ་ཟླ་ནི། །ལུག་འཁྲིགས་ལ་སོགས་མི་མཉམ་པའི། །སྟོང་ལ་རྟེན་འབྲེལ་རེག་པའི་དབུས། །ཉི་རྐང་ཞུགས་པས་འཛིན་པར་གསུངས། ༈ །དེ་ཡང་སྒྲ་གཅན་སྐར་གནས་སུ། །ནམ་མཁའ་དབྱུག་གུར་གཟུགས་མེ་དང་། །སྲང་དུ་གཟུགས་ཆུ་དབུགས་རྒྱ་མཚོ། །མེ་མིག་ཆའི་གནས་མཁའ་ཟླ་རྣམས། །རྩ་བར་བྱིན་ཞིང་གདོང་མཇུག་ལ། །ཕྲི་བ་བསླུ་མེད་བརྟག་པའི་གཟེར། །དེ་ཕྱིར་ཉི་ཟླའི་ལོངས་སྤྱོད་དང་། །སྒྲ་གཅན་ནུར་བྱིན་གདོང་མཇུག་དག །གང་ཉེ་དེ་དང་བསྟུན་པར་བྱ། །དེ་ལ་ཐོག་མར་ཟླ་འཛིན་ནི། །བཅོ་ལྔའི་གྲུབ་མཐའི་ཚེ་ཁྱུད་ཀྱི། །ཟླ་སྐར་དང་ནི་གདོང་མཇུག་གཉིས། །གང་ཉེ་མང་ལ་ཉུང་གིས་སྦྱངས། །ལྷག་མ་སྐར་ཐིག་ཆུ་ཚོད་དུ། །མཁའ་འབྱུང་མན་ཆད་ངེས་པར་འཛིན། །ཆེ་ཆུང་སྦྱངས་ལྷག་ཆུ་ཚོད་ལ། །འབྱུང་བས་ཐོབ་ནོར་ཐིག་ལེ་ནས། །བཞི་ཡི་བར་ལ་རིལ་པོར་སྒྲིབ། །ལྔ་ཤར་དྲུག་ཆ་མ་གཏོགས་སྒྲིབ། །དྲུག་ལ་སུམ་གཉིས་རི་ལ་ཕྱེད། །ཀླུ་ལ་སུམ་ཆ་དགུ་དྲུག་ཆ། །བཅུ་ཐོབ་བརྒྱད་ཆ་ཙམ་ཞིག་སྒྲིབ། ༈ །སྒྲིབ་ཡུན་ཟླ་བ་བཅུ་དྲུག་ཚད། །གསུངས་ཕྱིར་གདོང་གིས་རིལ་འཛིན་ཚེ། །ཆུ་ཚོད་མི་བདག་མཇུག་འཛིན་ཚེས། །ཕྱེད་འཛིན་གདོང་ཀླུ་མཇུག་འཛིན་རི། །དེ་སོགས་རིག་པས་དཔྱད་དེ་སྨྲ། །ཕྱོགས་ནི་ཟླ་བས་གདོང་སྦྱངས་སམ། །དུས་མེས་ཟླ་བར་སྦྱངས་


ZP01_Page_447
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །ནམ་ཕྱེད་དབང་ལྡན་ནས་འཛིན་ཞིང་། །ནམ་སྟོད་བྱང་ཉེ་ནམ་སྨད་ལ། །དབང་ལྡན་ཤར་ཉེའི་ཕྱོགས་ནས་འཛིན། །གདོང་གིས་ཟླའམ་ཟླ་བས་མཇུག །སྦྱངས་ཚེ་ནམ་ཕྱེད་ཤར་ལྷོ་དང་། །སྲོད་དུས་ཤར་ཉེ་ཐོ་རངས་དུས། །ཤར་ལྷོ་ཤར་ཉེའི་ཕྱོགས་ནས་འཛིན། །མཉམ་ན་ནམ་ཕྱེད་ཤར་དྲང་པོ། །སྲོད་ལ་དབང་ལྡན་ཐོ་རངས་ལ། །ཤར་ལྷོར་ཉེ་བའི་ཤར་ནས་འཛིན། །དུས་ནི་དཀར་ནག་ཚིགས་མཚམས་ཏེ། །གྲུབ་མཐའི་ཟླ་རྐང་ཞིབ་བཙལ་གྱིས། །བསྒྲུབས་པའི་ཚེས་ཀྱི་ལོངས་སྤྱོད་གྲངས། །ཟད་ཚེ་ཚེས་འཕོ་ཟླ་བ་འཛིན། །ཁྱད་པར་གནད་ཀྱི་ལག་ལེན་ནི། །ཚེས་ལོངས་སྔ་མས་མཁའ་རོ་ལ། །ཕྲི་ལྷག་ད་ལྟའི་ཚེས་ལོངས་དང་། །བསྲེས་པའི་ལོངས་སྤྱོད་གང་ཡིན་དེར། །ཆུ་རོ་ཤར་ན་དབྱུག་གུར་དབང་། །མེ་རོར་ཆུ་དབྱུག་མཁའ་མེའི་སྲང་། །མིག་དུས་ཤར་ན་དབྱུག་གུར་མཚོ། །གཟུགས་དུས་མེ་དབྱུག་སྲང་མཁའ་མེ། །མཁའ་རོར་ཆུ་ཚོད་རྩ་མོ་ཅན། །བུག་འབྱུང་མིག་དབྱུག་མཁའ་མེ་སྲང་། །ཀླུ་དབང་ལ་ནི་དབྱུག་གུར་ལག །རི་དབང་གཟུགས་དབྱུག་སྲང་མཁའ་མེ། །དུས་འབྱུང་དབྱུག་གུར་འོད་དཀར་ཅན། །དབང་འབྱུང་མཁའ་དབྱུག་སྲང་མཁའ་མེ། །མཚོ་དབང་ཤར་ཚེ་ནམ་མཁའ་རྣམས། །སྦྱིན་པ་ཟད་དུས་འཛིན་པར་ངེས། །ཁ་དོག་རིལ་པོར་སྒྲིབ་པ་ན། །གདོང་ལ་དམར་ནག་མཇུག་དམར་སྐྱ། །འཛིན་


ZP01_Page_448
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཆུང་ན་ནག་པོ་དང་། །རིལ་འཛིན་ལ་ནི་དམར་པོ་སྣང་། །སྐར་མ་མགོ་ལག་སྟེང་བཟུང་ན། །ནམ་མཁའི་མདོག་ཏུ་སྣང་ཞེས་གསུངས། །དེ་ནས་ཉི་འཛིན་བརྟག་པའི་ཕྱིར། །གྲུབ་མཐའི་ནམ་སྟོང་ཉི་དག་ནི། །གནས་གཉིས་བཀོད་པའི་ཕྱོགས་གཅིག་ལ། །སྔར་གྱི་སྒྲ་གཅན་བུལ་བ་བསྲེ། །གཅིག་དང་གདོང་མཇུག་དང་ཉེ་གཉིས། །ཉུང་གིས་མང་ལ་སྦྱང་བར་བྱ། །གདོང་གིས་ཉི་མར་སྦྱང་བའི་ཚེ། །སྐར་གནས་སྟོང་ཤིང་ཆུ་ཚོད་དུ། །མཁའ་འབྱུང་མན་ཆད་ངེས་པར་འཛིན། །གལ་ཏེ་ཉི་མས་གདོང་སྦྱངས་ལྷག །ཆུ་ཚོད་ལྔ་མན་འཛིན་ཟེར་ཀྱང་། །གདོང་ལ་གོ་ལོག་འཛིན་མི་སྲིད། །མཇུག་མས་ཉི་མར་སྦྱངས་བ་ན། །སྐར་ཐིག་ཆུ་ཚོད་ཀླུ་མན་ཆད། །གོ་ལོག་ཡིན་ཀྱང་འཛིན་པ་སྲིད། །ཉི་མས་མཇུག་མར་སྦྱངས་པའི་ཚེ། །སྐར་མ་སྟོང་ཤིང་ཆུ་ཚོད་དུ། །མཁའ་མཚོ་མན་ཆད་ངེས་པར་འཛིན། །མདོར་ན་མཇུག་འཛིན་མ་ངེས་ཀྱང་། །གདོང་འཛིན་ཉི་མ་མང་བ་དགོས། །དེ་ཕྱིར་ཕན་ཚུན་སྦྱངས་ལྷག་དེས། །སྔར་གྱི་ཉི་བུལ་བསྲེས་དེ་ལ། །གདོང་འཛིན་སྦྱང་ཞིང་མཇུག་འཛིན་བསྣན། །རང་འཁོར་སྒྲིལ་ལ་འཁོར་ཕྱེད་དོར། །གནས་ཀུན་སྟོང་ན་ངེས་པར་འཛིན། །གཞན་ཡང་གོང་མའི་མགྱོགས་རྩིས་དང་། །བསྟུན་ན་བགྲོད་གཉིས་མཐར་ཉེ་ཚེ། །འཆང་ཀ་ནུབ་ཀར་ཉེ་བ་དང་། །དཔྱིད་མཉམ་ཕྱེད་གོང་ཡན་ཆད་དང་། །སྟོན་མཉམ་ཕྱེད་འོག་མན་ཆད་ལ། །འཛིན་པའི་རི་མོ་


ZP01_Page_449
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ན་ངེས། །པར་རྣམས་རིགས་པས་དཔྱད་ཅེས་གསུངས། །ཆེ་ཆུང་ཕན་ཚུན་སྦྱངས་ལྷག་ལ། །གདོང་འཛིན་ཉེར་གཉིས་ཉེར་གསུམ་དང་། །མཇུག་འཛིན་བཅུ་དགུ་ཉི་ཤུ་ཙམ། །བྱང་ཚེ་རིལ་པོར་སྒྲིབ་པ་སྟེ། །དེ་ལས་ཆེའམ་ཆུང་ཡང་རུང་། །རིམ་པ་ཇི་བཞིན་འཛིན་ཆ་ཆུང་། །དེ་ཕྱིར་རིག་པས་དཔྱད་དེ་སྨྲ། །ཡུན་ནི་ཆ་རེས་ཆུ་ཚོད་རེ། །ཡིན་ཕྱིར་ཕྱེད་འཛིན་ཆུ་ཚོད་དྲུག །རིལ་འཛིན་ཆུ་ཚོད་ཉི་མ་སྟེ། །དེ་ཡི་བར་གནས་འགྲེ་བར་བྱ། །ཕྱོགས་ནི་གདོང་དང་དུས་མེ་ཡིས། །ཉི་མར་སྦྱངས་ཚེ་ཉི་ཕྱེད་དུས། །ལྷོ་ནུབ་སྔ་དྲོ་ལྷོར་ཉེ་དང་། །ཕྱི་དྲོ་ནུབ་ཉེའི་ཕྱོགས་ནས་ཏེ། །གལ་ཏེ་ཉི་མས་དུས་མེ་ལ། །སྦྱངས་ཚེ་ཉི་ཕྱེད་ལ་ནུབ་བྱང་། །སྔ་དྲོ་བྱང་ཉེ་ཕྱི་དྲོའི་དུས། །ནུབ་ལ་ཉེ་བའི་ཕྱོགས་ནས་འཛིན། །དུས་ནི་ནམ་ལངས་ནས་བཟུང་སྟེ། །གྲུབ་མཐའི་ཚེས་ལོངས་ཟད་ཚེ་འཛིན། །དེ་ཡང་ཟླ་རྐང་ཞིབ་རྩིས་དང་། །བགྲོད་པའི་འཕེལ་འགྲིབ་ནུར་སྟེར་མཚམས། །ཟླ་བར་བཤད་བཞིན་འདིར་ཡང་དྲན། །ཁ་དོག་མཇུག་དམར་གདོང་དམར་ནག །ཆུང་འཛིན་སྔོ་ནག་རིལ་འཛིན་དམར། །ཕྱེད་འཛིན་ལ་ནི་དམར་ནག་སྟེ། །མགོ་ལག་སྟེང་བཟུང་སྔོ་སྐྱར་སྣང་། །གཞན་ཡང་ཚེས་ཀྱི་ཆད་ལྷག་དང་། །ཤར་ནུབ་རི་བོའི་མཐོ་དམའ་དང་། །ཉིན་མཚན་རིང་ཐུང་ལ་སོགས་པ། །སྒྲིན་པོའི་བློ་ཡིས་བརྟག་པ་གཅེས། །ཞར་བྱུང་དགེ་བའི་འགྱུར་ཆད་ནི། །ཇོ་བོས་མཛད་པར་གྲགས་པ་


ZP01_Page_450
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །ཉ་སྟོང་ཚེས་བརྒྱད་བརྒྱ་འགྱུར་དང་། །ཟླ་འཛིན་སྟོང་དང་ཉི་འཛིན་ཁྲི། །དུས་ཆེན་བཞི་ལ་འབུམ་འགྱུར་བཞེད། །མྱང་འདས་སིལ་བུར་དུས་ཆེན་བཞིར། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །འཇམ་དཔལ་རྩ་བའི་རྒྱུད་ལས་ནི། །ཉ་སྟོང་ཚེས་བརྒྱད་བྱེ་བ་དང་། །ཟླ་བཟུང་བྱེ་བ་བདུན་འགྱུར་ཏེ། །ཉི་བཟུང་བྱེ་བ་འབུམ་ཞེས་གསུངས། ༈ །བཅུ་པ་རྩིས་ཕྲན་འགའ་ཞིག་གི །རི་མོའི་བྱ་བ་བརྗོད་པར་བྱ། །རྣམ་གནོན་ལ་སོགས་འདས་པའི་ལོ། །རྩེ་མོས་བསྒྱུར་ལ་གནས་གཉིས་བཞག །སྟེང་ཟླ་འོག་མར་རྒྱ་མཚོས་བརྒྱན། །རི་ཡིས་ཐོབ་ནོར་སོ་སོར་དོར། །སྟེང་རྒྱལ་འོག་མ་བློན་པོ་སྟེ། །མཚོ་ཡིས་ཕྲིའམ་མེ་བྱིན་པས། །ཕྱི་མ་ཕྱི་མའི་རྒྱལ་བློན་འཆར། །བྱེད་པའི་ཀར་མྱང་རྩིས་ནི། །གཤིན་རྗེ་ནམ་མཁའ་ཉེས་པ་ལ། །རྣམ་གནོན་ལ་སོགས་འདས་ལོ་བསྲེ། །དེ་ནི་ཤ་ཀའི་ལོ་རུ་གྲགས། །དེ་ཉིད་རྩེ་མོ་ཅན་གྱིས་བསྒྱུར། །ཐུབ་པས་བགོས་ནོར་ཟུར་དུ་བཞག །ལྷག་མ་མིག་བསྒྱུར་འབྱུང་བ་བསྲེ། །ནོར་ལ་དེ་ལྟར་དགུ་ཡི་བར། །མེས་བསྒྱུར་རིས་བགོས་ལྷག་མ་རྣམས། །མིག་བསྒྱུར་འབྱུང་བསྲེས་རིམ་བཞག་པས། །ཆར་འབྲུ་རྩ་བསིལ་རླུང་དང་དྲོད། །སྐྱེ་རྒུ་འཕེལ་ཟད་རྒྱལ་པོ་འཁྲུག། །བཅུ་བདུན་མང་མཐའ་ལྔ་ཉུང་མཐའ། །བཅུ་གཅིག་པར་ཡིན་མང་ཉུང་དང་། །སྦྱར་ཏེ་གང་ཉེའི་ལུང་བསྟན་བྱ། །ཤ་ཀ་དྲག་སྦྱང་ཆུ་བོས་དོར། །ལྷག་མ་གཅིག་


ZP01_Page_451
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གསུམ་དང་ཐིག །བྱུང་ཚེ་རིམ་བཞིན་ཆར་མི་འབབ། །ལ་ལར་འབེབས་དང་ཁྱབ་པར་འབེབས། །ཆར་ཆེན་ཆུ་ཐོག་འབབ་ཅེས་སྟོན། །ནཻ་པཱ་ལ་ཡི་མན་ངག་ཡིན། ༈ །བཅུ་གཅིག་མགྱོགས་རྩིས་སྐོར་རྣམས་ལ། །བྱེད་པར་གང་བརྩིའི་ནག་ཟླ་ཡི། །ཉི་དྷྲུའམ་བཤོལ་རྗེས་དབོ་དྷྲུ་ལ། །གང་བབས་ཉི་ཚེས་རྟག་ལོངས་བྱིན། །ཞག་གཅིག་ལོངས་སྤྱོད་མ་ལོངས་ཙམ། །ཤར་བ་ལོ་དེའི་ཉི་རགས་ཡིན། །དེ་དང་ཞག་ཁྱད་མ་ཞུགས་པའི། །གཟའ་ཚེས་རྟག་ལོངས་གཟའ་དྷྲུ་ལ། །བྱིན་པས་གཟའ་ཡི་རགས་པ་འཆར། །ཡང་ཉི་དྷྲུར་རང་ཉིད་ལས། །ཅུང་ཟད་གྲངས་ཉུང་ཉི་ཚེས་ཀྱིས། །ཡུལ་ལོངས་ཀྱིས་སྦྱངས་ཉི་རགས་ཏེ། །གཟའ་ལའང་ཤེད་སྙོམས་སྔར་ལྟར་བཙལ། ༈ །གྲུབ་པར་འདས་ཟླ་མ་བསྲེས་པའི། །ཟླ་བཤོལ་རྩིས་འཕྲོ་མཁའ་མེས་བསྒྱུར། །མདའ་རོས་ཐོབ་ནོར་གང་ཡིན་དེ། །ཉིན་ཞག་ཉི་རགས་ཟིན་པའི་ཞག །ལྷག་མ་བྱུང་ཚེ་ནོར་ལ་གཅིག །བྱེན་པ་ཚེས་ཞག་ཉི་མ་ཡི། །རགས་པ་ཟིན་པའི་ཚེས་གྲངས་ཏེ། །གང་ཟིན་ཉི་ལོང་ཉི་དྷྲུར་བསྣན། །ཉི་རགས་ཡིན་ཏེ་ཤེད་སྙོམས་ཀྱི། །གཟའ་ཡི་རགས་པ་སྔར་ལྟར་བསྒྲུབ། །སྔར་ལོའི་རགས་པ་རྣམ་དག་ལ། །བྱེད་པར་གཟུགས་དྲག་མཁའ་མཚོ་ལག །ཐིག་རྣམས་གཟར་བྱིན་ཉི་མ་ཡི། །སྲང་ནས་རི་གཟུགས་ཆ་ཤས་ནས། །མིག་ཕྲི་ཕྱི་མའི་རགས་པ་འཆར། །གྲུབ་པར་གཟུགས་


ZP01_Page_452
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་གཟུགས་མཚོ་ཆུ། །རོ་མིག་ཀླུ་རི་རྩེ་མོ་རྣམས། །གཟའ་རགས་ལ་བྱིན་ཉི་རགས་ནས། །མཁའ་མིག་སྲང་དང་མཁའ་རོའི་ཆས། །ཕྲི་བའི་ཕྱི་མའི་རགས་པ་འཆར། །ཉི་རགས་སྟོང་པའི་ཕྱི་ལོའི་དུས། །གཟའ་ཉིའི་རྟག་ལོངས་བསྣན་པ་ལ། །དབྲི་བསྣན་བྱེད་པ་ཁྱད་པར་ཡིན། ༈ །བྱེད་གྲུབ་གང་བྱེད་ཉི་རགས་དེ། །མདའ་ཡོན་ཟླ་བས་ཆ་ཤས་བར། །རིམ་བསྒོས་ཉི་རྐང་ཟླ་འབྲས་ཏེ། །གནས་གཉིས་བཀོད་ལ་དུས་དང་མཚོས། །བསྒྱུར་བས་རྐང་འབྲས་གསུམ་པོ་འགྲུབ། །གཟའ་ཉིའི་རགས་པ་སྟེང་འོག་ཏུ། །གསུམ་གསུམ་དྲུག་བཀོད་དབྲི་སྣོན་ཆེད། །ཁྱིམ་མིང་གཉིས་རེའི་ཁ་བྱང་གདགས། །ལུག་དང་བུ་མོར་ཟླ་བའི་འབྲས། །དབྲི་ཞིང་ཉ་དང་སྲང་ལ་བྱིན། །གླང་སེང་གཉིས་ལ་མཚོའི་འབྲས་བུས། །སྦྱང་ཞིང་བུམ་སྡིག་གཉིས་ལ་བརྒྱན། །འཁྲིག་པ་ཀརྜར་དུས་དམན་ཞིང་། །ཆུ་སྲིན་གཞུ་ལ་བྱིན་པར་བྱ། །དེ་ཡིས་ཁྱིམ་དྲུག་སྤྱི་ནོར་དག ༈ །དེ་ནས་རེའུ་མིག་འཛིན་ཚུལ་ནི། །འདས་ཟླ་གང་ཡིན་མཁའ་མེས་བསྒྱུར། །གང་བརྩིའི་ཚེས་གྲངས་བྱིན་པ་ལ། །ཉི་རགས་ཟིན་པའི་ཞག་གིས་ཕྲི། །མ་ལྡང་གཟུགས་རི་མེ་བསྣན་སྦྱང་། །ལྷག་མས་བསྐལ་ལིའི་བྱ་ར་བཟུང་། །ཡང་ན་རེའུ་མིག་བྱ་རའི་དོད། །ཉི་བར་བཀོད་ལ་འཛིན་འདོད་ན། །གང་བརྩིའི་དུས་དེའི་ཉི་བར་ལ། །ཉི་རགས་ཀྱིས་ཕྲི་ལྷག་མས་བཟུང་། །དེ་ལྟར་ཟིན་པའི་རེའུ་མིག་གི །གཟའ་ཉི་


ZP01_Page_453
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་བཀོད་པ་ལ། །ཁ་བྱང་བཞིན་དུ་རང་རང་གི །ཁྱིམ་མཐུན་གཟའ་ཉིའི་སྤྱི་ནོར་བྱིན། །ཁྱད་པར་ཉི་རགས་ཟིན་པ་ཡི། །ཞག་གྲངས་བར་དུ་སྔ་ལོ་ཡི། །ཆོ་གས་འཛིན་དང་སྤྱི་ནོར་སྟེར། །དེ་ཡི་གཟའ་ཕྱེད་ཉི་མ་དག །གྲུབ་པར་དབུས་གནས་རེའུ་མིག་ལ། །གང་ཟིན་ཁྱིམ་དྲུག་སྤྱི་ནོར་དང་། །ནང་མཐུན་རང་གི་སྤྱི་ནོར་ཉིད། །བྱིན་པས་དོན་གྱི་ཁྱིམ་འཕོ་སྟོན། ༈ །ཆ་ཤས་དྷྲུ་བ་དང་མཐུན་པའི། །བྱ་རས་ཆ་ཤས་རེའུ་མིག་བཟུང་། །རིལ་པོར་ཚེས་བསྲེས་ཆུ་ཟླས་བགོ །ནོར་གྱིས་སྣོན་འབྲིད་མཚན་མ་དང་། ལྷག་མས་རེའུ་མིག་བཅུ་བཞི་པོའི། །བྱ་ར་ཆ་དང་ནང་མཐུན་བཟུང་། །གང་ཟིན་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཉི་རྣམ་པར་དག །ཉི་མ་དག་པར་ཟླ་ཚེས་ཀྱི། །ཐུན་མིན་རྟག་ལོངས་རེའུ་མིག་བྱིན། །ཚེས་ལོངས་ཀྱིས་སྦྱངས་རེས་འགྲོགས་དག ༈ །ཉི་ཟླ་གཉིས་བསྲེས་སྦྱོར་བ་དང་། །བྱེད་པ་ཚེས་གྲངས་རེའུ་མིག་འཛིན། ༈ །གྲུབ་མཐའི་རེའུ་མིག་རྒྱས་པ་ནི། །འཛིན་ན་རབ་ཚེས་རྣམ་གནོན་གྱི། །ཟླ་དག་མཁའ་མེས་བསྒྱུར་བ་ལ། །གང་བརྩིའི་ཚེས་གྲངས་བསྲེས་པ་ལ། །དུས་བུག་བྲོ་བ་མེ་ཡིས་བརྒྱན། །ཆུ་མིག་ཀླུ་མཚོས་ཐོབ་པའི་ནོར། །གནས་དྲུག་རིམ་བཞིན་མིག་གཟུགས་མེ། །དུས་དང་གཟུགས་དྲག་མཁའ་རྩེ་མེས། །བསྒྱུར་ལ་གཟུགས་དང་ཟླ་བ་རྩེ། །གཟུགས་


ZP01_Page_454
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡོན་ཏན་མིག་དུས་དང་། །འབྱུང་བ་ནོར་ལྷ་བསེ་རུ་ཡིས། །བྱིན་ལ་འཁོར་ལོས་སྒྲིལ་བ་ཡིས། །ལོ་གྲངས་འདོད་པའི་བར་རེ་ཡི། །གཟའ་རགས་རྣམ་དག་གྲུབ་པ་ཡིན། །ཡང་ན་ཉི་རགས་སྟོང་པའི་ལོའི། །གཟའ་རགས་གོང་བཞིན་བསྒྲུབས་པས་འགྲུབ། །སྔར་གྱི་ཆུ་མིག་ཀླུ་མཚོ་ཡིས། །བགོས་པའི་ལྷག་མས་རེའུ་མིག་བཟུང་། །དེ་འོག་གནས་གསུམ་དབུས་གཡོན་གྱིས། །དོན་ཁྱིམ་དང་ནི་ཉི་དག་སྟོན། །གཡེས་པར་སྔར་བཙལ་གཟའ་རགས་བྱིན། །དེ་སྟེང་རིལ་ཆའི་རེའུ་མིག་ནི། །འཛིན་སོགས་ལྷག་མ་སྔར་བཞིན་ནོ།། ༈ །།གཟའ་ལྔའི་མགྱོགས་རྩིས་ནག་ཟླ་ཡི། །བཅོ་ལྔའི་སྤྱི་ཞག་སྔར་ལྟར་བསྒྲུབ། །དེ་ཡི་ཞག་གནས་ཆུ་རོ་དང་། །རི་མཁའ་རི་ཡི་ལྷག་གསུམ་གར། །བཅོ་ལྔ་རེ་བྱིན་ཉ་དང་སྟོང་། །རེས་མོས་སྤེལ་ལ་སྟེང་འོག་བཀོད། །གལ་ཏེ་ཆུ་རོའི་ཐོབ་ནོར་གྱིས། །སྟེང་ནས་ཕྲི་ཚེ་སྤྱི་ཞག་དེ། །མི་ནོར་མཚན་མར་མཚལ་གྱིས་བྲི། །ནག་ཟླའི་ཉ་ཡི་སྤྱི་ཞག་ལ། །གཟའ་ལྔ་ཉི་མ་དང་བཅས་པའི། །སོ་སོའི་ནག་ཉའི་སྒོས་ཞག་རྣམས། །གོང་དུ་བཤད་པ་ཇི་བཞིན་བསྒྲུབ། །ཁྱད་པར་ཉི་མའི་སྒོས་ཞག་དེ། །སླར་ཡང་མིག་ཀླུ་མེ་སྐྱོན་གྱིས། །ཐོབ་པ་སྒོས་ཞག་གནས་སུ་བཀོད། །དེ་རྣམས་དབོ་ཟླའི་སྟོང་གི་བར། །བཅོ་ལྔ་རེ་དང་སྤྱི་ཡི་ཞག །མཚལ་གྱིས་བྲིས་པར་བཅུ་བཞི་ཉིད། །བྱིན་ལ་སྤེལ་ལོ་ཞི་གཉིས་ལ། །ཚེས་


ZP01_Page_455
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡིད་གཉིས་བརྒྱ་དང་བཅུས། །བསྒྱུར་ནས་སྟེར་བ་ཁྱད་པར་ཡིན། ༈ །ཉི་རགས་ཆེད་དུ་ཉི་མའི་ཞག །མིག་ཀླུ་མེ་སྐྱོན་གྱིས་དོར་བའི། །ལྷག་དེ་དུས་མེས་བསྒྱུར་བ་ལ། །བུག་མཁའ་མིག་ཟུག་ཡིད་ཀྱིས་བགོ །ཐོབ་པ་ཆུ་ཚོད་ལྷག་མཁའ་རོ། །དུས་ཀྱིས་བསྒྱུར་ལ་རིམ་ཐོབ་ནོར། །ཆུ་སྲང་དབུགས་ཏེ་ལྷག་ངང་ཆ། །སྔ་ལོའི་རགས་པ་རྣམ་དག་ལ། །གཟུགས་དབྱུག་སྲང་ཉི་དབུགས་ནམ་མཁའ། །ཆ་ཤས་ཉི་མ་ཐུབ་རི་ཟླས། །ཕྲི་བས་ཕྱི་ལོའི་རགས་པ་འཆར། །མ་ལྡང་རྟག་ལོངས་བསྣན་ལ་སྦྱང་། །དེ་ནས་ཉི་རགས་མདའ་ཡོན་ཟླས། །རིམ་པར་ཕྱེ་བའི་རྙེད་ནོར་གང་། །ཞི་གཉིས་དལ་རྐང་གསུམ་པོ་ཡིས། །བསྒྱུར་བ་རང་རང་རྐང་འབྲས་ཡིན། །ཉི་རགས་གནས་དྲུག་ཚན་པ་གཉིས། །བཀོད་ལ་སོ་སོའི་རྐང་འབྲས་གསུམ། །སྔ་མར་བྱིན་ཞིང་ཕྱི་མར་འཕྲོག །ནོར་དང་བུ་ལོན་ཁ་བྱང་གདགས། །དེ་ཡིས་ཞི་གཉིས་སྤྱི་ནོར་དག །དེ་ནས་རེའུ་མིག་འཛིན་ཚུལ་ནི། །གཟའ་ལྔའི་དལ་དག་མྱུར་བར་རྣམས། །རྒྱས་པར་བྱ་ར་གང་མཐུན་པའི། །རང་རང་སྒོས་ཞག་སོ་སོས་བཟུང་། །གལ་ཏེ་རེའུ་མིག་བསྡུས་པ་ལ། །བརྟེན་ན་དྲག་གསུམ་དལ་དག་གི །རེའུ་མིག་འཛིན་ཚེ་བྱར་ཡིས། །མ་ཟིན་ཅུང་ཟད་ཉུང་བ་བཟུང་། །ཀ་ཐོ་དང་བསྟུན་ཞག་རྩིས་ཀྱི། །མང་ཁྱད་གྲངས་མཚུངས་བསྒྱུར་ལ་བྱིན། །ཞི་གཉིས་སྒོས་ཞག་བརྒྱ་དང་བཅུས། །


ZP01_Page_456
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་རྐང་པའི་རེའུ་མིག་དང་། །ལྷག་མའི་སྤྱི་ནོར་རེའུ་མིག་བཟུང་། །བསྲེས་པས་སོ་སོའི་མྱུར་བར་འགྲུབ། །གང་ཟིན་དྲག་གསུམ་མྱུར་བར་ལ། །ཉི་རགས་སྟེང་ཞིང་ཞི་གཉིས་ཀྱི། །དལ་བའི་སྟེང་དུ་རེའུ་མིག་གི །ཁ་བྱང་དང་མཐུན་སྤྱི་ནོར་རྣམས། །ནོར་དང་བུ་ལོན་མ་འདྲེས་པར། །བྱིན་པས་ཞི་གཉིས་དལ་བ་དག །སྔ་ལོའི་ཆོ་གས་བཟུང་བའི་ཚེ། །སྔ་ལོའི་རང་དང་སྤྱི་ནོར་བྱིན། །དེ་ཡིས་གཟའ་ལྔ་ཉིན་ཞག་ལ། །སྤྱོད་པའི་དལ་བ་དག་པ་དང་། །མྱུར་བའི་རྐང་འཛིན་བར་པ་འགྲུབ། ༈ །མྱུར་རྐང་རེའུ་མིག་འཛིན་ཚུལ་བཤད། །རང་རང་དལ་དག་ཚར་གཉིས་བཀོད། །དྲག་གསུམ་དལ་དག་གནས་གཅིག་གིས། །ཉི་མ་བར་པ་ལ་སྦྱང་ཞིང་། །ཞི་གཟའ་གཉིས་ཀྱི་དལ་དག་གིས། །རང་རང་རྐང་འཛིན་ལོངས་སྤྱོད་སྦྱང་། །མ་ལྡང་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ཆུ་སྲང་གནས་སུ་སུམ་ཅུ་ལས། །ལྷག་ན་དབྱུག་པར་གཅིག་བྱིན་བྱ། །སྐར་གནས་མཁའ་རོས་བསྒྱུར་དབྱུག་བཅུག །དེ་ཡིས་མྱུར་རྐང་རེའུ་མིག་ལས། །མ་དོར་རིམ་པ་ལུགས་འབྱུང་དང་། །དོར་ན་རིམ་མིན་ལུགས་ལྡོག་འཛིན། །གང་ཟིན་དལ་དག་གཅིག་ཤོས་ལ། །རིམ་པ་བསྣན་ལ་རིམ་མིན་ཕྲི། །དེ་ཡི་མྱུར་བ་རྣམ་པར་དག །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་


ZP01_Page_457
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་འབྱུང་འགྲོས་བྱང་། །འགྲོས་བཞི་སོ་སོའི་ཁ་བྱང་གདགས། ༈ །ཉིན་ཞག་གཟའ་ལྔའི་ཐུན་མོང་གི །ཁྱད་པར་རེའུ་མིག་འཛིན་ཚུལ་ནི། །སྤྱི་ཞག་བསྒྲུབས་པའི་བར་འོག་གི །ཆུ་རོ་རི་མཁའ་རིའི་ལྷག་མས། །སོ་སོའི་རེའུ་མིག་བྱ་རས་བཟུང་། །གྲུབ་རྩིས་ཚེས་ཞག་ཉི་པར་གྱི། །ཆ་ཤས་གྱིས་ཀྱང་རི་རོའི་ཆའི། །རེའུ་མིག་བཟུང་ལ་གཅིག་ཏུ་བསྲེ། །དེ་ཉིད་གྲུབ་རྩིས་ཉི་བརྒྱི། །ཆ་ཤས་དོར་བའི་སྟེང་དུ་བསྣན། །དེ་ཡིས་ཉིན་ཞག་ཉི་བར་འགྲུབ། ༈ །གཞན་དུ་ཁྱིམ་ཚེས་གཟའ་ལྔ་དང་། །བྱེད་ལོ་རྒྱལ་བློན་ལ་སོགས་པ། །རེའུ་མིག་འཛིན་ཚུལ་མང་གསུངས་ཀྱང་། །འགའ་ཞིག་མང་ཆེས་དཔེ་དཀོན་ཞིང་། །འགའ་ཞིག་སླ་བས་མི་དགོས་ཕྱིར། །རེ་ཞིག་འདིར་ནི་དེ་ཙམ་མོ།། ༈ །།ཞར་བྱུང་མགྱོགས་རྩིས་ལ་བརྟེན་ནས། །ལྀ་ཐུ་སྦྱོར་དཀྲོལ་ལ་དགོས་པའི། །ཉེར་མཁོ་འགའ་ཞིག་བྲི་བར་བྱ། ༈ །ཁྱིམ་ཟླ་རེ་ལ་ཞག་སུམ་ཅུ། །དེ་ལས་ཁྱིམ་ཞག་བརྒྱད་པ་དང་། །ཉེར་གསུམ་པ་དང་སུམ་ཅུ་རྣམས། །རང་རང་སྒང་དང་ཕྱི་མ་ཡི། །དབུགས་ཐོབ་ཉི་རྐང་འཕོ་མཚམས་དང་། །ཁྱད་པར་འཁྲིག་གཞུའི་ཞག་ལྔ་པས། །དབྱར་དགུན་ཉི་མ་ལྡོག་ཚིགས་སྟོན། །ཀུན་ཀྱང་རང་རང་ཁྱིམ་ཞག་གི །དུས་ལོངས་རྫོགས་པའི་ཚད་དང་བསྟུན། ༈ །དེ་རྣམས་རི་མོས་གཏན་འབེབས་ན། །དབུགས་ཐོབ་ཟླ་བ་སྔ་མ་དང་། །ཁྱིམ་སྒང་གང་བརྩི་ལྡོག་གཉིས་ལ། །འདས་


ZP01_Page_458
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གཉིས་དང་བརྒྱད་བསྲེས་པའི། །ཟླ་བཤོལ་འཕྲོ་རྣམས་མཁའ་མེས་བསྒྱུར། །དེ་རྣམས་དབུགས་ཐོབ་གཟུགས་མཚོ་ཆོས། །སྒང་ལ་རོ་མེ་འབྱུང་བ་དང་། །ཁྱིམ་སླེབས་ལ་ནི་ནམ་མཁའ་བྱིན། །ལྡོག་གཉིས་ཉིན་སྣང་འབྱུང་ཡོན་མེ། །བཻཌཱུར་ལུགས་ལ་བུག་དུས་མཚོ། །རང་ལུགས་ཉི་ལྡོག་མཚོ་མེ་གཟུགས། །བསྲེས་ལ་མདའ་རོས་ཐོབ་ནོར་གྱིས། །རང་རང་ཟིན་པའི་ཚེས་གྲངས་སྟོན། །ནོར་ལ་མཁའ་མེ་ལོད་ན་དོར། །དེ་ཚེ་ཕྱི་དྷྲུས་བསྒྲུབ་གཞི་བྱ། །མདའ་རོས་བགོས་ལྷག་གང་བྱུང་དེས། །རེ་ལྔ་ཆ་ཡི་རེའུ་མིག་གམ། །ཡང་ན་ལྷག་དེ་ལྔས་བགོས་པའི། །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་གིས་ལྔ་ཆའི་རེའུ་མིག །གཟུང་ལ་གནས་མཚུངས་བསྲེས་པ་དེ། །རང་རང་གང་ཟིན་ཚེས་དེ་ཡི། །གཟའ་ཉི་བར་པའི་སྟེང་བསྣན་པས། །སོ་སོའི་ཡུལ་དུས་ཚད་རྣམས་འཆར། །གཞན་ཡང་རི་ཥི་འཆར་བའི་དུས། །ཁྲུམས་ཟླའི་དབུགས་ཐོབ་ཀྱིས་སྟོན་ཅིང་། །ཕག་ཞག་བལྟ་ན་སྣོན་ཟླའི་འཕྲོ། །མཁའ་མེས་བསྒྱུར་ལ་བུག་མེ་དྲག །བསྲེས་ལ་བགོ་སོགས་སྔར་བཞིན་ནོ།། ༈ །།ཉི་མ་སྤར་སྨེ་ལ་སོགས་པ། །རགས་པ་གཏན་ལེའི་ནང་བཞིན་ལ། །ཞིབ་པར་བཻ་དཀར་ནས་གསུངས་པའི། །མེར་རྒན་གསེར་རྩིས་བཞིན་བྲི་ན། །རབ་བྱུང་བཅོ་ལྔ་པའི་ནང་གི །རྣམ་གནོན་འདས་ལོ་ཉི་མས་བསྒྱུར། །དཔྱིད་ར་ཧོར་ཟླ་དང་པོ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་


ZP01_Page_459
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བསྒྱུར་ཐིག་མཚོ་བྱིན། །མདའ་རོས་ཐོས་པ་སྟེང་དུ་འཕང་། །ཟླ་བ་རྣམ་པར་དག་པའོ། །ཟླ་བ་དག་པ་མཁའ་མེས་བསྒྱུར། །གང་བརྩེའི་ཚེས་བསྲེས་གནས་གསུམ་བཞག །བར་དུ་མེ་མིག་འོག་མ་ལ། །མེ་དུས་རྩེ་བྱིན་རི་མཁའ་རིས། །རྙེད་པ་བར་བྱིན་ཆུ་རོས་ཕྱེ། །ལྷག་མ་ཐིག་ཤར་ཟླ་བ་ཆུང་། །ཐོབ་པའི་ནོར་གྱིས་སྟེང་སྦྱངས་པ། །འདས་པའི་ཞག་མ་སྤྱི་དྷྲུ་སྟེ། །དེ་ཉིད་གནས་ལྔ་བཀོད་པ་ལ། །དང་པོ་མཚོ་བསྲེས་ཐུབ་པས་དོར། །ལྷག་དེས་རེས་གཟའ་གང་ཡིན་ཤེས། །གཉིས་པར་གཟུགས་བསྲེས་ཉི་མས་བགོ །ལྷག་དེས་ཉི་མའི་ངོས་འཛིན་དེ། །འབྲུག་ནས་མགོ་བཟུང་བརྩི་བ་གཅེས། །ཐིག་ལེ་ཤར་བ་ཡོས་ལ་བཞེད། །གསུམ་པ་དབང་བསྲེས་ཕྱོགས་ཀྱིས་བགོ །གཅིག་གཉིས་མེ་ལ་གསུམ་བཞི་ས། །ལྔ་དྲུག་ལྕགས་ལ་བདུན་བརྒྱད་ཆུ། །དགུ་དང་ཐིག་ལེ་ཤིང་ཁམས་ཡིན། །གནས་བཞིར་མཚོས་བརྒྱན་བུ་གས་བགོ །ལྷག་མས་ཕྱོགས་སྦྱངས་ལྷག་མེད་ན། །སླར་ཡང་བུ་གས་སྦྱང་བར་བྱ། །ལྷག་མ་ཉི་མའི་སྨེ་བ་ཡིན། །ལྔ་པའི་གནས་ལ་འབྱུང་བ་བསྣན། །ཀླུ་བགོས་ལྷག་ནི་སྤར་ཁ་སྟེ། །གཅིག་འབྱུང་ལི་ལ་གཉིས་པ་ཁོན། །དེས་གས་རིམ་གྱིས་རྟོགས་པར་བྱ། ༈ །དེ་ལྟར་འཕྲལ་ཡུན་དགེ་ལེགས་གཞིར་གྱུར་བའི། །སྐར་ནག་རྩིས་གཞུང་རྒྱ་མཚོ་ཆེན་པོ་ལས། །ཉེར་མཁོ་རི་མོའི་བྱ་བ་ཉུང་ཤས་ཤིག །སྤྲིན་མཐོང་ཉི་མ་བཞིན་དུ་གསལ་བར་བྱས། །དེ་


ZP01_Page_460
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་རྒྱལ་དང་རྒྱལ་སྲས་རྗེས་བསླབ་སྟེ། །ངེས་ལེགས་བྱང་ཆུབ་མཆོག་གི་ས་བོན་དུ། །ཉི་ལྟར་ཉེ་རིང་མེད་པར་བསྔོས་དེས་མཐུས། །མ་རྣམས་ཀུན་མཁྱེན་གོ་འཕང་ཐོབ་པར་ཤོག་༢ །བདག་ཀྱང་སྒོ་གསུམ་དགེ་བའི་ལམ་ཞུགས་ཏེ། །ལེགས་ལམ་དམ་ཆོས་སྤྱོད་པས་དུས་འདའ་ཞིང་། །གནས་ལྔ་རིག་པའི་ཤེས་རབ་ཉི་མ་ཡིས། །བློ་གྲོས་པདྨོའི་འདབ་རྒྱ་གྲོལ་གྱུར་ཅིག་༣་གནས་སྐབས་སུ་ཡང་འགྲོ་ཀུན་བདེ་སྐྱིད་ཀྱི། །ལོངས་སྤྱོད་རྫོགས་ལྡན་དཔལ་གྱིས་འབྱོར་བ་དང་། །ཡང་དག་དམ་པའི་ཆོས་ལ་ཀུན་དད་པས། །འཕྲལ་ཕུག་དགེ་ལེགས་ཉི་མ་གསལ་གྱུར་ཅིག་༤ །ཅེས་པ་འདི་ཡང་བཙུན་ཆུང་དགེ་ལེགས་ཉི་མར་འབོད་པའི་སློབ་གསར་པ་དེ་ཉིད་ཀྱིས་བཅོམ་ལྡན་འདས་ཀྱི་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པའི་དུས་ཆེན་རྣམ་གནོན་ལྕགས་འབྲུག་འདས་ལོར་བྱས་ཤིང་། ས་ཡོས་ནག་ཉར་རི་མོའི་བྱ་བ་རྣམས་རྫོགས་ཏེ། ཡི་གེར་འགོད་པའི་དབུ་བཙུགས་ནས། སློབ་དཔོན་མཁས་པའི་དབང་པོའི་དྲུང་ནས་ཐོག་མཐའི་ཚིགས་བཅད་དང་བསླབ་སྟོན་རྣམས་ཞུས་ཏེ་ལེགས་པར་བྲིས་བ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཤུ་བྷཾ།།


previousརྩིས་གཞུང་ཉིན་བྱེད་སྣང་བའི་འདས་ལོ་ངེས་པ་གསར་སྤོས་དགེ་ལེགས་སྣང་བའི་ཉི་མ།next