Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ།
   
   
   
   
   
   


 
previousརྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ།next

རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ།


ZP01_Page_461
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


ZP01_Page_462
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །དྲི་མེད་རྒྱལ་བའི་བསྟན་པ་དང་། །དེ་འཛིན་བླ་མ་དམ་པ་ལ། །གུས་པས་ཕྱག་འཚལ་རྒྱུད་འགྲེལ་ལས། །ཆོས་རྒྱལ་རིགས་ལྡན་བྱོན་པའི་རབས། །རིམ་པར་ངེས་བསྟན་སྲོག་ཤིང་པ། །བརྟེན་ནས་གནས་སྐབས་ལག་རྩིས་པར། །ཉེར་མཁོའི་རྟེན་རྩིས་རྣམ་གྲངས་འགའ། །རི་མོས་བདེ་བླག་རྩི་ཐབས་བཤད། །འབྱུང་རི་རོ་མིག་ལོ་ཚོགས་ལ། །རབ་བྱུང་བཅུ་གཉིས་པའི་ནང་གི །ཤིང་རྟ་ལ་སོགས་འདས་པ་བསྲེ། །སྟོན་མཆོག་དམ་པ་ས་ལུག་གི །ཆུ་སྟོད་ཟླ་བའི་བཅོ་ལྔ་ལ། ལྷུམས་སུ་ཞུགས་པ་ཕྱིན་གྱི་ལོ། །དགའ་ལྡན་གྱི་གནས་ནས་ལྷའི་བུ་དམ་པ་ཏོག་དཀར་པོ་ཉིད་གླང་པོ་ཐལ་དཀར་མཆེ་བ་དྲུག་ལྡན་དུ་སྤྲུལ་ནས། དེ་ལ་གཟུགས་སྦྱངས་ལྕགས་སྤྲེའུ་ཡི། །ས་གའི་ཚེས་བདུན་བལྟམས་ནས་ལོ། །ལུམ་བུ་ནིའི་ཚལ་དུ་ཡུམ་


ZP01_Page_463
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་འཕྲུལ་ཆེན་མོའི་རྩིབས་མ་གཡས་པའི་གོ་བར་ནས། །ཀླུ་ལག་གིས་སྦྱངས་ས་བྱི་ལ། །ཁབ་སྤངས་མཆོད་རྟེན་རྣམ་དག་གི་དྲུང་དུ། རབ་ཏུ་བྱུང་བའི་ལོ། །ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་པ། རོས་ཕྲི་ཤིང་རྟས་གའི་ཉའི། །ཐོ་རངས་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་སྲོད་ལ་བདུད་བཏུལ་ནས་རྫོགས་སངས་རྒྱས་པ་དང་། །ལོ་དེའི་ཆུ་སྟོད་ཚེས་བཞི་ནས། །ཡུལ་ཝ་ར་ཎ་སི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲིལ། །ཆོས་འཁོར་ཐོག་མར་བསྐོར་བའི་ལོ། །དེ་ལས་དུས་མཚོ་དམན་པའི་ལྷག །ལྕགས་འདྲུག་ནག་ཉར་རྩ་བའི་རྒྱུད། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དཔལ་ལྡན་འབྲུས་སྤུར་སྤུང་གི་མཆོད་རྟེན་དྲུང་དུ་ཟླ་བཟང་སོགས་ལ་དུས་འཁོར། ལེགས་བསྟན་ཕྱི་ཟླ་ས་གའི་ཉར། །རྩ་མཆོག་གྲོང་དུ་མྱ་ངན་ལས་འདས་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་


ZP01_Page_464
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་། ཤྭ་རིའི་བུ་དང་མཉམ་དུ་དགྲ་བཅོམ་པ་བརྒྱད་ཁྲི། །མཽ་གལ་གྱི་བུ་དང་མཉམ་དུ་དགྲ་བཅོམ་པ་བདུན་ཁྲི་མྱ་ངན་ལས་འདས་པས། འཁོར་དགྲ་བཅོམ་པར་ཆེར་ཟད་ཅིང་། སློང་རྣམས་སྡེ་སྣོད་གསུམ་མི་འདོན་པས། ལྷ་རྣམས་ཀྱིས་ཤཱཀྱ་ཐུབ་པའི་བསྟན་པ་ནི་མེ་ཤི་བའི་དུ་བ་བཞིན་གྱུར་ཏོ་ཞེས་འཕྱ་བ་བསལ་བའི་ཕྱིར་ཨ་སུ་རའི་བྲག་ཕུག་ཏུ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ནས། དབྱར་འབྲིང་ཟླར། །ཀུན་དགའ་བོས་མདོ་སྡེ། ཉེ་བ་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་བསྡུ་བ་མཛད། །བཀའ་བསྡུ་དང་པོ་བྱས་ནས་ལོ། །གཟུགས་ཕྲི་ལྕགས་སྤྲེའུ་བྱང་ཤམྦྷ་ལའི་ཆོས་རྒྱལ་བདུད་གྱི་དང་པོ། །ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ། སླར་ཡང་མིག་སྦྱངས་ཆུ་ལུག་ལ། །གཞལ་མེད་ཁང་ཀཱ་ལ་པའི་གྲོང་དུ་དུས་འཁོར་གྱི་བློ་བསླངས། བཞེངས་གཤེགས་པའི་ལོ། དེ་ལས་གཟུགས་དམན་ཤིང་སྤྲེལ་ལ། །ཆོས་རྒྱལ་གཉིས་པ་ལྷ་དབང་སྟོན་པར་ཕེབས་པ་དང་། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །སྲིན་དྷུའི་མཚོ་གླིང་བལྟམས་ནས་ལོ། །མཚོ་མིག་ཕྲི་ལྷག་སྤྲེའུའི་ལོར། །རིགས་ཅན་ལྔ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ན་ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། །ཀླུ་རྒྱལ་འཇོག་བོ། མི་ལི་ཙ་བི་དྲི་མེད་གྲགས་པ་ལྔ་ནང་དུ་ཡང་དག་འཇོག་ལས་བཞེངས་ཏེ་རང་རང་གི་རྫུ་འཕྲུལ་གྱིས་རི་མལ་ཡི་གནམ་ལྕགས་ཡོད་པའི་རྩེར་འདུས་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །སྟོན་པ་སྒྲོན་མེའི་འོད་ནུབ་ན། །འཇིག་རྟེན་མུན་པ་གང་གིས་སེལ། །ཞེས་པ་ལ་སོགས་པའི་གདུང་ཚིག་ཉེར་གསུམ་བཏོན་པས། །


ZP01_Page_465
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དངོས་སུ་བྱོན་ནས་གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསུངས་པ་སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་བཻ་ཌཱུརྻའི་གླེགས་བུ་ལ་གསེར་ཞུན་མས་ཡི་གེར་བྲིས་པ་ནམ་མཁའི་དབྱིངས་སུ་གཏེར་དུ་སྦས་པ་ཉིད་རྒྱལ་པོ་ཛཿའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབ་པའོ། ལ་གསང་བདག་གིས། །ཆོས་འཁོར་བསྐོར་ཞིང་རྒྱལ་པོ་ཛར། །གསང་སྔགས་གླེགས་བམ་བབས་ནས་ལོ། ༣༧༡༡་མིག་ཐུབ་སྦྱངས་པའི་ལྕགས་སྤྲེལ་ལ། །ཁ་བ་ཅན་དུ་མཚོ་བྲི་ནས། །དེ་དུས་བོད་ཡུལ་འདི་མཚོ་ཡིན། སཱ་ལའི་ནགས་ཚལ་ཆགས་ནས་ལོ། ༢༦༥༩། དེ་ནས་པའི་བྱིན་རླབས་ཀྱིས། །མཚོ་སྦྱངས་ཤིང་བྱི་ལ། །ཆོས་རྒྱལ་གསུམ་པ་གཟི་བརྗིད་ཅན་གྱིས་ཆོས་བསྟན་ལོ། ༢༦༥༥། བྲོ་བ་སྦྱངས་ལྷག་ལྕགས་རྟ་ལ། །རྒྱ་གར་གྱི་ཡུལ་དབུས་སུ་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་མི་རུང་བའི་བཞི་བཅུ་བསྒྲགས་པའི་ཚེ། །དགྲ་བཅོམ་པ་གྲགས་པ་ལ་སོགས་པའི་བདུན་བརྒྱས་ཚར་བཅད་ནས་སྡེ་སྣོད་གསུམ་ཚར་གཅིག་སྟོན་པའོ་བཀའ་བསྡུ་བར་པ་བྱས་ནས་ལོ། ༢༦༤༩། ཆུ་བུག་སྦྱངས་ལྷག་ཤིང་འབྲུག་ལོར། །ཆོས་རྒྱལ་བཞི་པ་ཟླ་བའི་བྱིན་ཕེབས་མཁའ་མཁའ་གཟུགས། །ཕྲི་ལྷག་ཤིང་སྤྲེལ་ཆོས་རྒྱལ་ལྔ་པ་ལྷའི་དབང་ཕྱུག །ཁྲིར་ཕེབས་དེ་ནས་གཟུགས་མཚོ་དམན། །ཤིང་གླང་རྫོགས་པ་ཆེན་པོའི་བསྟན་པའི་བདག་པོ་དགའ་རབ་རྡོ་རྗེ་འཁྲུངས། ༢༤༡༤། དེ་ལས་འབྱུང་དབང་ཕྲི་བའི་ལྷག །ཟབ་མོ་དབུ་མའི་ཤིང་རྟའི་སྲོལ་འབྱེད་ལྕགས་སྤྲེལ་འཕགས་པ་ཀླུ་སྒྲུབ་འཁྲུངས། ༢༣༥༩་བསྟན་པའི་གཏད་རབས་བདུན་ནི། །འོད་སྲུང་། །ཀུན་དགའ་


ZP01_Page_466
[མ་དཔེ་གཟིགས་ན་འདིར་གནོན།]

བོ། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀཾ །ནག་པོ། ལེགས་མཐོང་དང་བདུན་ནོ། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལས། མཆོག་གཉིས་ནི། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་གཉིས་སོ། །རྒྱན་དྲུག་ནི། །ཆོས་འདུལ་བའི་གཞུང་འབྱེད་པ་པོ་ཡོན་ཏན་འོད། དེའི་འགྲེལ་པ་མཛད་པ་ཤཱཀྱ་འོད། ཚད་མའི་གཞུང་འབྱེད་ཕྱོགས་ཀྱི་གླང་པོ། དེའི་འགྲེལ་པ་མཛད་པ་ཆོས་ཀྱི་གྲགས་པ། སྔར་བཤད་པའི་འཕགས་པ་ཀླུ་སྒྲུབ་ཟབ་མོ་དབུ་མའི་གཞུང་འབྱེད་པ་པོ་དང་དེའི་འགྲེལ་པ་མཛད་པ་པོ་ཨཱརྱ་དེ་ཝ། སློབ་དཔོན་ཐོགས་མེད་རྒྱ་ཆེན་སྤྱོད་པའི་སྲོལ་འབྱེད་པ་དང་དེའི་འགྲེལ་པ་མཛད་པ་པོ་དབྱིག་གཉེན་ཏེ་འགྲེལ་བྱེད་ཕྱི་མ་གཉིས་རྒྱན་དྲུག་གི་ནང་དུ་བརྩིའོ། །ཆུ་གཏེར་གྱིས་སྦྱངས་ཤིང་བྱི་དང་། །དེ་ནས་བརྒྱ་བརྒྱ་སྦྱངས་པ་ཡི། །ཤིང་འབྲུག་ཤིང་སྤྲེལ་རིམ་པ་ལྟར། །ཆོས་རྒྱལ་དྲུག་པ་སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། ཆོས་རྒྱལ་བདུན་པ། ཤམྦྷ་ལའི་རིགས་ལྡན་ཉེར་ལྔའི་དང་པོ་གྲགས་པ་རྣམས་ཀྱིས་ཆོས་བསྟན་ཅིག །སླར་ཡང་བརྒྱ་སྦྱངས་ཤིང་བྱི་ལ། གྲགས་པས་རྒྱུད་བསྡུས་རིགས་ལྡན་གཉིས་པ་སྲས་པད་དཀར། །ཁྲིར་འཁོད་འགྲེལ་ཆེན་བརྩམས་ནས་ལོ། ༢༠༥༥་མཁའ་འབྱུང་ཕྲི་བའི་ཤིང་སྟག་ལ། །བོད་ཀྱི་རྒྱལ་པོ་ཐོག་མ་ཡིན། །གཉའ་ཁྲི་བཙན་པོ་བོད་རྗེར་བྱོན། །ཐིག་དབང་སྦྱངས་ལྷག་ཤིང་འབྲུག་ལ། །རིགས་ལྡན་གསུམ་པ་བཟང་པོ་ཁྲིར་ཕེབས་ཕྱིན་གྱི་ལོ། །རོ་བུག་སྦྱངས་པའི་ལྕགས་འབྲུག་ལ། །རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་འབྱེད་འཕགས་


ZP01_Page_467
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོགས་མེད་འཁྲུངས་ནས་ལོ། ༡༨༥༩། དེ་ནས་མཚོ་དང་བརྒྱ་ལན་གསུམ། །རིམ་སྦྱངས་ཤིང་གི་སྤྲེལ་བྱི་འབྲུག །སྤྲེལ་ལོ་རྣམས་ལ་རིམ་པ་ལྟར། །རིགས་ལྡན་བཞི་པ་རྣམ་རྒྱལ་ལྔ་པ་བཤེས་བཟང་དྲུག་པ་རིན་ཆེན་ཕྱག །རིགས་ལྡན་བདུན་པ་ཁྱབ་འཇུག་སྦས་རྣམས་ཁྲིར་ཕེབས་ལོ། ༡༥༥༥། མཁའ་དབང་སྦྱངས་ལྷག་ཤིང་ཁྱི་ལ། །གཉའ་ཁྲི་ནས་རྒྱལ་རབས་ཉེར་བདུན་འདས་པ་ན་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས། ༡༥༠༥། བོད་ཁ་བ་ཅན་གྱི་རྒྱལ་ཁབ་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ། །མདོ་སྡེ་ཟ་མ་ཏོག །དབང་སྐོང་ཕྱག་བརྒྱ་དང་། བསྐོལ་ཕོར་བཀའ་རྟགས་ཀྱི་ཕྱག་རྒྱ་སླང་ཙམ་སོགས་བབས་ཏེ་དམ་པ་ཆོས་ཀྱི་དབུ་བརྙེས། ཐིག་དབང་སྦྱངས་པའི་ཤིང་བྱི་ལ། །རིགས་ལྡན་བརྒྱད་པ་ཉི་མ་གྲགས་པ་ཁྲིར་ཕེབས་ལོ། ༡༤༥༥། བུག་སྦྱངས་ཆུ་བྱར་ཡུམ་བུ་ཡི། །མཁར་སྟེང་ཚི་ནྡ་མ་ཎི་སོགས། །བབས་ཏེ་ཆོས་ཀྱི་དབུ་བརྙེས་ལོ། ༡༤༤༦མཁའ་རོ་ཕྲི་ལྷག་ཆུ་བྱ་ལ། །ཐོ་རི་གཉན་བཙན་གཤེགས་ནས་ལོ། ༡༣༨༦ །གཟུགས་མེས་སྦྱངས་པའི་ཤིང་འབྲུག་ལ། །རིགས་ལྡན་དགུ་པ་ཤིན་ཏུ་བཟང་པོ་ཁྲིར་ཕེབས་ལོ། ༡༣༥༥། ཐིག་ཀླུ་དམན་ལྷག་ཤིང་བྱི་ལ། །སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་འཁྲུངས་ནས་ལོ། ༡༢༧༥མི་བདག་སྦྱངས་པའི་ལྕགས་འབྲུག་གིས། །འབྲས་དུས་ལྔ་བརྒྱ་ཕྲག་གསུམ་རྫོགས། ༡༢༥༩། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས། དང་པོ་འབྲས་དུས་


ZP01_Page_468
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་དགྲ་བཅོམ་ཕྱིར་མི་འོང་ཕྱིར་འོང་རྒྱུན་ཞུགས་ཏེ། འབྲས་བུ་བཞི་ཐོབ་པ་མང་། གཉིས་པ་སྒྲུབ་པའི་དུས་གསུམ་ལ་ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་སྟེ་བསླབ་གསུམ་སྒྲུབ་པ་ཤས་ཆེ། གསུམ་པ་ལུང་གི་དུས་གསུམ་ལ་འདུལ་བ་མདོ་སྡེ་མངོན་པ་སྟེ། སྡེ་སྣོད་གསུམ་ལ་འཆད་ཉན་བྱེད་པ་མང་། །བཞི་པ་ལྔ་བརྒྱ་ཕྲག་བཅུ་པ་ལ་བཤད་སྒྲུབ་གཉིས་ཀ་མེད་པའི་རྟགས་ཙམ་འཛིན་པའོ། །རིག་བྱེད་སྦྱངས་པའི་ཤིང་སྤྲེལ་ལ། །རིགས་ལྡན་བཅུ་པ། །རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་ཅིང་། །མ་གར་ཀླ་ཀློ་ཞུགས་པ་དང་། །ཕྱི་རོལ་བྱེད་པའི་རྩིས་མགོ་གཟུགས། ༡༢༥༥། དེ་ལ་ལྔས་སྦྱངས་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་བལྟམས། ༡༢༥༠་ཐོ་རི་གཉན་བཙན་ནས་རྒྱལ་རབས་ལྔ་པ་སྤྱན་རས་གཟིགས་དངོས་བོད་ཀྱི་རྒྱལ་པོར་བྱོན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་ཐུ་མི་སམྦྷོ་ཊས་བོད་ཡི་གེ་མེད་པ་ལ་ཡི་གེའི་སྲོལ་བཏོད། །རྒྱ་གར་གྱི་པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་དང་ཡི་གེའི་རིག་པ་བསླབ། མདོ་སྡེ་ཟ་མ་ཏོག་སོགས་བོད་སྐད་དུ་བསྒྱུར། །ཕྱག་རྡོར་གྱི་སྤྲུལ་པ་བློན་པོ་མགར་དམ་པས་བློ་ཐབས་སྣ་ཚོགས་ཀྱིས་རྒྱལ་པོའི་བཙུན་མོ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒྱ་ཟ་ཀོང་ཇོ་དང་། ལྷ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་ཟ་ཁྲི་བཙུན་གཉིས་སྤྱན་དྲངས་པའི་བརྫོངས་སུ་ཇོ་ཤཱཀ་རྣམ་གཉིས་བོད་དུ་ཕེབས། རྒྱལ་པོས་རས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས། ལས་དང་སྐལ་པ་ལྡན་པ་རྣམས་ལ་ཐུགས་རྗེ་ཆེན་པོའི་གདམས་སྐོར་དང་ཞལ་གདམས་མང་དུ་གསུངས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། ལག་མིག་ཕྲི་ལྷག་ལྕགས་ཕག་


ZP01_Page_469
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ར་ས་འཕྲུལ་སྣང་བཏབ་ནས་ལོ། ༡༢ངག་གཟུགས་ཚེས་སྦྱངས་པའི་ཆུ་རྟ་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་འཁྲུངས། ༡༠༧༧ །དེ་ནས་རྒྱལ་རབས་ལྔ་པ་འཇམ་དཔལ་གྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་པོ་བོདྷི་སྟྭ་སོགས་པཎྜི་ཏ་བརྒྱ་རྩ་བརྒྱད་གདན་དྲངས། སྐུ་རྟེན་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། །གསུང་རྟེན་དུ་དམ་པའི་ཆོས་བཀའ་བསྟན་བཅོས་ཐམས་ཅད་བོད་དུ་བསྒྱུར། །ཐུགས་རྟེན་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་དར་རྒྱས་སུ་མཛད་པའོ། །ཆུ་གཏེར་གྱིས་སྦྱངས་མེ་ཁྱི་ལ། །རིགས་ལྡན་བཅུ་གཅིག་པ་རྒྱལ་དཀའ་ཁྲིར་ཕེབས་རང་ལུགས་ཀྱི། །བྱེད་པའི་རྩིས་མགོ་གཙུགས་ནས་ལོ། ༡༠༧༣། དུས་གཟུགས་སྦྱངས་པའི་ཆུ་སྟག་ལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་། །གངས་ཅན་ལྗོངས་འདིར་ཕེབས་པ་དང་། །བསམ་ཡས་བཏབ་པ་ཕྱིན་གྱི་ལོ། ༡༠༥༧ །དེ་ལ་ཆུ་སྦྱངས་མེ་རྟ་ལ། །རབ་གནས་མངའ་གསོལ་མཛད་ནས་ལོ། ༡༠༥༣ །གཟུགས་སྦྱངས་མེ་ལུག་སད་མི་བདུན། བོད་ཀྱི་མི་རབ་འབྱུང་ཨེ་ཐུབ་སད་པའ་ཕྱིར། བཻ་རོ་སོགས་བདུན་རབ་ཏུ་བྱུང་། རབ་ཏུ་བྱུང་བ་ཕྱིན་གྱི་ལོ། ༡༠༥༢ །རི་གཟུགས་ཕྲི་བ་ལི་ཤིང་བྱི་ལ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་མི་ཡུལ་དུ་ལོ་བརྒྱ་བཞུགས། འཁྲུངས། ༡༠༣༥ །སློབ་དཔོན་ཆེན་པོས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་ལས་ཅན་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དབང་བསྐུར་བའི་ཚེ། །གསེར་སྲང་རེའི་མེ་ཏོག་དཀྱིལ་འཁོར་དུ་དོར་བས། སངས་རྒྱས་ཡེ་ཤེས་ཀྱི་མེ་ཏོག་ལྷོ་འཇམ་དཔལ་སྐུ་ཡི་དཀྱིལ་


ZP01_Page_470
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་བཅས། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་མེ་ཏོག་ནུབ་རྟ་མགྲིན་ལ། མཁར་ཆེན་བཟའ་མཚོ་རྒྱལ་གྱི་མེ་ཏོག་བྱང་ཕུར་བ། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཤར་ཡང་དག་ལ། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མེ་ཏོག་ཤར་ལྷོ་མ་མོ་རྦོད་གཏོང་ལ། །གཉགས་ཆེན་ཛྙཱ་ན་ཀུ་མ་རའི་མེ་ཏོག་ལྷོ་ནུབ་བདུད་རྩི་ཡོན་ཏན་ལ་བབས། རླངས་ཆེན་དཔལ་གྱི་སེང་གེའི་མེ་ཏོག་ནུབ་བྱང་འཇིག་རྟེན་མཆོད་བསྟོད་ལ། བ་གོར་བཻ་རོ་ཙ་ནའི་མེ་ཏོག་བྱང་ཤར་དམོད་པ་དྲག་སྔགས་ལ། མངའ་བདག་ཆོས་རྒྱལ་ཆེན་པོའི་མེ་ཏོག་དབུས་ཆེ་མཆོག་ལ་བབས་ཏེ་སོ་སོའི་སྒོ་ནས་གྲུབ་པ་ཐོབ་པའོ།། ༈ །།སྤྱིར་གསང་སྔགས་རྙིང་མའི་བསྟན་པ་དང་པོ་གནུབས་ལ་བབ། །བར་དུ་སོ་ལ་བབ། ཐ་མ་ཟུར་ལ་བབ། སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པ་ལས། །དང་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། ཨོ་རྒྱན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། བལ་པོ་བ་སུ་དྷར་སོགས་རྒྱ་བལ་གྱི་མཁས་པ་མང་པོ་དང་། གཉགས་ཆེན་ཆེན་ཛྙཱན་ཀུ་མ་སོགས་བོད་ཀྱི་མཁས་པ་མང་པོའི་གདམས་ངག་མངའ། །འཇམ་དཔལ་གཤིན་རྗེའི་སྒོ་ནས་གྲུབ་པ་ཐོབ་སྟེ། གཉགས་ཀྱི་གྲོང་ཁྱེར་བདུན་ཅུ་སོགས་ཚར་བཅད་རྒྱ་གར་རྡོ་རྗེ་གདན་དུ་ནམ་མཁའ་ནས་རྡོ་རྗེ་རྩེ་དགུ་པ་ཞིག་ཕྱག་ཏུ་བབ་སྟེ་ཕྱག་ན་རྡོ་རྗེ་དངོས་སུ་གྱུར་པ་སོགས་འགྲན་ཟླ་བྲལ་བའི་མཁས་གྲུབ་ཆེན་པོ་ཡིན། དེའི་སྲས་ཀྱི་ཐུ་པོ་ས་གསུམ་བརྙེས་པ། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་སོགས་ལས་བརྒྱུད་དེ་སོའི་སྔགས་འཆང་རྣམས་ལ་བབས་ཤིང་དེ་དག་ལས་བརྒྱུད་དེ་ཟུར་ཆེན་ཤཱཀྱ་འབྱུང་གནས། །ཟུང་ཆུང་ཤེས་རབ་གྲགས་པ། གསང་བདག་སྒྲོ་ཕུག་པ་ཆེན་པོ་ཤཱཀྱ་སེང་གེ་སྟེ་ཟུར་མེས་དཔོན་རྣམ་གསུམ་


ZP01_Page_471
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་ཟུར་བྱམས་པ་སེང་གེའི་བར་དུ་རྙིང་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་བདག་པོ་ཡིན་ནོ། །ལག་མིག་སྦྱངས་པའི་མེ་ཁྱི་ལ། །མངའ་བདག་ཁྲི་རལ་འཁྲུངས་ནས་ལོ། ༡༠༡༣། མངའ་བདག་ཁྲི་སྲོང་གི་སྲས་མུ་ཏིག་བཙན་པོ་ལ་སྲས་གཙང་མ་དར་མ་ལྷ་རྗེ་ལྷུན་གྲུབ་རལ་བ་ཅན་དང་ལྔ་ཡོད་པའི་ཆུང་བ་ཕྱག་རྡོར་གྱི་སྤྲུལ་པའོ། །ཕྱོགས་སྦྱངས་མེ་སྤྲེལ་ཨོ་རྒྱན་རྗེ། །རྔ་ཡབ་གླིང་དུ་གཤེགས་ནས་ལོ། ༡༠༠༣། རྒྱལ་པོ་སྦྱངས་པའི་ཆུ་བྱི་ལ། །བསྟན་པའི་ཉི་མ་བླ་ཆེན་འཁྲུངས། ༩༨༧། བུག་སྦྱངས་ལྕགས་བྱར་གླང་དར་མས། །བསྟན་པ་བསྣུབས་པ་ཕྱིན་གྱི་ལོ། ༩༧༨། ཟུང་དབང་གིས་ཕྲི་ཆུ་གླང་ལོ། །བསྟན་པ་ཕྱི་དར་ཐོག་མར་ངེས། ༩༢༦། ཇོ་བོ་དབཱི་པཾ་ཀར་འདི་ཟ་ཧོར་རྒྱལ་པོ་དགེ་བ་དཔལ་གྱི་སྲས་ཡིན། ཟབ་མོ་ལྟ་བརྒྱུད་རྒྱ་ཆེན་སྤྱོད་རྒྱུད་ཉམས་ལེན་བྱིན་རླབས་ཀྱི་བརྒྱུད་པ་གསུམ་གྱི་གདམས་ངག་ཐམས་ཅད་རྫོགས། །ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་བཞིན་དབོན་ཞི་བ་འོད་ཀྱིས་ལོ་ཙཱ་བ་མང་པོ་སྔ་ཕྱིར་བཏང་ནས་དཀའ་བ་ཆེན་པོས་བོད་དུ་སྤྱན་དྲངས་ནས། བྱང་ཆུབ་སེམས་ཀྱི་བསྟན་པ་སྤེལ་ཞིང་ཁྱད་པར་དུ་རྗེ་བཙུན་སྒྲོལ་མའི་ལུང་བསྟན་བཞིན་འགྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སྲས་ཀྱི་ཐུ་བོར་གྱུར་ཏེ་དེ་ལ་ཆོས་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་གཏད། འབྲོམ་སྟོན་གྱིས་རྭ་སྒྲེང་དཔལ་གྱི་དགོན་པ་བཏབ། དེ་ལ་སྲས་སྐུ་མཆེད་གསུམ་སོགས་ཇོ་བོ་ཡབ་སྲས་ཀྱི་སློབ་བརྒྱུད་རྣམས་ལ་བཀའ་གདམས་པ། ཞེས་གསར་མའི་གྲུབ་མཐར་ཆེ་ཤོས་ཤིག་ཡིན། ད་ལྟ་དགེ་ལུགས་པ་རྣམས་རྗེ་བློ་བཟང་གྲགས་པ་མན་ལ་བཀའ་གདམས་གསར་མ་དང་། དེ་


ZP01_Page_472
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལ་བཀའ་གདམས་རྙིང་མ་ཞེས་ཟེར་རོ། འབྱུང་བས་སྦྱངས་པའི་ས་རྟ་ལ། །ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། ༩༢༡། བསྟན་པ་ཕྱི་དར་གསར་མའི་ལོ་ཙཱ་བ་ཐམས་ཅད་ཀྱི་ཐོག་མ། དེ་ལ་ཚེས་སྦྱངས་ཆུ་བྱ་དེ། །ཕྱི་དང་ཐོག་མར་བུ་སྟོན་བཞེད། ༩༠༦ །དེ་ལ་ལྔས་སྦྱངས་ས་སྟག་དེ། །ཕྱི་དར་ཐོག་མར་འབྲོམ་སྟོན་བཞེད། །རྒྱ་གར་གྱི་པཎ་ཆེན་ནཱ་རོ་པའི་ལྕམ་ནི་གུ་མའི་སློབ་མ་ཤངས་པ་བཀའ་བརྒྱུད་ཀྱི་བསྟན་པའི་བདག་པོ་ཡིན་ཁྱུང་པོའི་རྣལ་འབྱོར་འཁྲུངས་ལོ་ཡིན། ༩༡༡ །དེ་ལ་མཚོས་དམན་ཆུ་རྟ་ལ། །ཇོ་བོ་དཱི་པཾ་ཀ་ར་འཁྲུངས། ༨༩༧། ལག་མིག་སྦྱངས་པའི་ཤིང་འབྲུག་ལ། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས། ༨༧༥། དེ་ལ་ཀླུས་སྦྱངས་ཆུ་བྱི་ལ། །མངའ་བདག་མར་པ་ལོ་ཙཱ་དང་། །འདི་རྒྱ་གར་དུ་བྱོན་ནས་པཎ་ཆེན་ནཱ་རོ་པའི་ཐུགས་སྲས་སུ་གྱུར་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་གསན། མངའ་བདག་མཻ་ཏྲི་པ་ལ་གྲུབ་ཐོབས་ར་ཧ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན། །བོད་དུ་བྱོན་ནས་བསྟན་པ་བསྐྱངས་པས་རྔོག་ཆོས་སྐུ་རྡོ་རྗེ། མཚུར་སྟོན་དབང་ངེ ། གཙང་རོང་གི་མེས་སྟོན་ཚོན་པོ་རྗེ་བཙུན་མི་ལ་རས་པ་སྟེ་ཐུགས་སྲས་ཀ་བ་བཞི་ལས་རྗེ་བཙུན་མི་ལི་སློབ་མ་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་པོ་རྒྱ་ལྕགས་རི་བ་སོགས་ལས་བཀའ་གདམས་གསན། ཕྱི་ནས་རྗེ་བཙུན་མི་ལ་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་གསན་ནས་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཟེར། འདི་རྣམས་ཀྱི་བརྒྱུད་པ་ལ་བཀའ་བརྒྱུད་ཟེར་རོ། །དེ་ཡང་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། གྲྭ་པ་མངོན་ཤེས་རྒྱུད་བཞིའི་གཏེར་སྟོན་འཁྲུངས་


ZP01_Page_473
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལོ། ༨༦༧། མིག་སྦྱངས་ཤིང་སྟག་ཟུར་ཚུང་བལྟམས། ༨༦༥། དེ་ལ་འདོད་སྦྱངས་མེ་ཡོས་ནི། །རབ་བྱུང་དང་པོའི་ཐོག་མ་སྟེ། །རིགས་ལྡན་བཅུ་གཉིས་པ་ཉི་མ་ཁྲིར་ཕེབས་ཤིང་། །དུས་འཁོར་རྒྱུད་འགྲེལ་འཕགས་བོད་ཕེབས་པའི་ལོ། ༨༥༢ །སླར་ཡང་འདོད་སྦྱངས་ལྕགས་འབྲུག་ལ། །མི་ལ་བཞད་པ་རྡོ་རྗེ་འཁྲུངས། ༨༣༩ །དེ་ལ་ཉི་སྦྱངས་ཆུ་འབྲུག་ལ། །འཛེང་སྒོམ་དྷརྨ་བོ་དྷི་འཁྲུངས། ༨༢༧། ལྔ་ཕྲི་མེ་བྱར་འབྲོམ་སྟོན་པའི་གདན་ས་རྭ་སྒྲེང་བཏབ། ༨༢༢ །མིག་སྦྱངས་ས་ཕག་རྔོག་ལོ་འཁྲུངས། ༨༢༠ །དེ་བ་མ་ནུ་ཕྲི་བ་ཡི། །ཆུ་མོ་གླང་ལ་གསང་ཕུ་དང་། །རྔོག་ལོའི་གདན་ས། ཀློང་སྡེའི་བརྒྱུད་པ་ཞིག་ཡིན། དཔལ་ལྡན་ས་སྐྱ་བཏབ་ནས་ལོ། ༨༠༦ །དེ་ལ་གཟུགས་སྦྱངས་ཤིང་སྟག་ལ། །ཟུར་ཆུང་བའི་སྲས་གསང་བདག སེང་གེ་འཁྲུངས། ༨༠༥ །ལྔས་སྦྱངས་ས་མོ་ལུག་གི་ལོ། །དྭགས་པོ་ཟླ་འོད་གཞོན་ནུ་འཁྲུངས། ༨༠༠ །མི་ལའི་སློབ་མ། གདེངས་ཀས་སྦྱངས་པའི་མེ་ཡོས་དེ། །རབ་བྱུང་གཉིས་པའི་ཐོག་མ་ཡིན། ༧༩༢ །སློབ་དཔོན་ཆེན་པོའི་སློབ་མ་འཁོན་ཀླུ་དབང་བསྲུང་བ། དེའི་ཚ་རྒྱུད་ལ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཡན་རྙིང་མ་པ་ཡིན། དེའི་སྲས་འཁོན་དཀོན་མཆོག་རྒྱལ་པོས་འབྲོག་མི་ལོ་ཙཱའི་སློབ་མ་ཞང་དཀོན་པ་ལས་ལམ་འབྲས་གསན། དེ་ཕྱིན་ཆད་གསར་མ་བར་གྱུར། དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོ། དེའི་སྲས་བསོད་ནམས་རྩེ་མོ་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་ཆེན་ཡོངས་རྫོགས་དགེ་བསྙེན་


ZP01_Page_474
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྲས་གཉིས་ཚངས་སྤྱོད་དགེ་བསྙེན་མཛད་པས་འདི་གསུམ་ལས་སྐྱའི་དཀར་པོ་རྣམ་གསུམ་ཟེར། རྗེ་བཙུན་གྲགས་པའི་ཚ་བོ་འཇམ་དབྱངས་ས་སྐྱ་པཎ་ཆེན། དེའི་སྐུ་མཆེད་ཟངས་ཚ་བསོད་ནམས་རྒྱལ་མཚན། །དེའི་སྲས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་འདི་རྣམ་གཉིས་དགེ་སློང་ཡིན་པས་དམར་པོ་རྣམ་གཉིས་ཟེར། འདི་ལྔ་ལ་ས་སྐྱའི་རྗེ་བཙུན་གོང་མ་ལྔ་ཟེར། འདི་དག་ལས་བརྒྱུད་པ་རྣམས་ལ་དཔལ་ལྡན་ས་སྐྱ་པ་ཞེས་ཟེར་རོ། །བོད་ཀྱི་གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། མཚོས་སྦྱངས་ལྕགས་ལུག་བྱ་འདུལ་བལྟམས། ༧༨༨ །ལོ་དེར་དམ་པ་དིང་རིར་ཕེབས། །འདི་ཡི་བརྒྱུད་པ་ལ་ཞི་བྱེད་པ་ཞེས་སྔོན་གསར་མའི་གྲུབ་མཐའ་ཞིག་ཏུ་བརྩི་ཡང་ད་ལྟ་འདིའི་བརྒྱུད་པ་འཛིན་པའི་གྲུབ་མཐའ་འཛིན་པ་ལོགས་སུ་མེད། གཟུགས་སྦྱངས་ཆུ་སྤྲེལ་ས་ཆེན་འཁྲུངས། ༧༨༧ །ས་སྐྱ་གོང་མ་ལྔའི་དང་པོ། དེ་ནས་མིག་སྦྱངས་ཤིང་ཁྱི་ལ། །ལྕེ་སྟོན་རྒྱ་ནག་འཁྲུངས་ནས་ལོ། ༧༨༥ །གསང་བདག་སྒྲོ་ཕུག་པའི་སློབ་མ། ཡོན་ཏན་གྱིས་སྦྱངས་མེ་གླང་ལ། །ཞང་སྟོན་བཀྲ་ཤིས་རྡོ་རྗེ་འཁྲུངས། ༧༨༢ །རྫོགས་ཆེན་མན་ངག་སྡེའི་སྙིང་ཐིག་གི་བརྒྱུད་པ་པཎ་ཆེན་བི་མ་མི་ཏྲ། །གནས་བརྟན་ལྡང་མ་ལྷུན་རྒྱལ། ལྕེ་བཙུན་སེང་གེ་དབང་ཕྱུག །དེའི་སློབ་མ་ཞང་སྟོན། དེ་ལ་ཁྱིམ་སྦྱངས་ས་གླང་ལ། །ཆ་བ་ཆོས་ཀྱི་སེང་གེ་འཁྲུངས་ཤིང་རྔོག་ལོ་གཤེགས། ༧༧༠ །བསེ་རུས་སྦྱངས་པའི་ལྕགས་སྟག་ལ། །ཕག་གྲུ་དུས་མཁྱེན་རྣམ་གཉིས་འཁྲུངས། ༧༦༩་དྭགས་པོའི་སློབ་མ་ཁམས་པ་མི་གསུམ་གྱི་ནང་ཚན། །འདོད་སྦྱངས་ཆུ་ཡོས་ཞང་གཡུ་བྲག །དྭགས་པོའི་སློབ་མ། །བལྟམས་༧༥༦


ZP01_Page_475
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གཟུགས་དམན་ཤིང་འབྲུག་ལ། །རྙིང་མའི་གཏེར་སྟོན་མཆོག་གཉིས་ཀྱི་དང་པོ་ཉང་རལ་ཉི་མ་འོད་ཟེར་འཁྲུངས། ༧༥༥ །ལག་ཕྲི་མེ་རྟར་དབུས་ཞིག་དང་། །ལྷ་རྗེ་ཡོན་ཏན་སྲས་གཉིས་འཁྲུངས། ༧༥༣ །རྙིང་མ་བ་གཉིས། ཟླ་བས་དམན་པའི་མེ་ལུག་ལ། །པཎ་ཆེན་ཤཱཀྱ་ཤྲཱི་དང་། །རྒྱ་གར་ཁ་ཆེའི་པཎ་ཆེན་ཡིན་ཏེ། ད་ལྟ་བོད་ན་འདུལ་བའི་སྡོམ་རྒྱུན་གཉིས་ཡོད་པའི་གཅིག་འདི་ཡིན། །ཏེ་ནེ་བལྟམས་ཤིང་ཤམྦྷ་ལའི། །སིང་ཁྲིར་བཅུ་གསུམ་པ་སྣ་ཚོགས་གཟུགས་ཕེབས་ལོ། ༧༥༢ །གཟུགས་ཕྲིས་སྤྲེལ་གླིང་རས་པ། །འཁྲུངས་ཤིང་༧༥༡་རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། །ཆེ་བཞི་ཆུང་བཞི་བརྒྱུད་པར་བཅས་པ་ཡི། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་མར་མི་དྭགས་གསུམ་གྱི་བརྒྱུད་པ་ལ། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། ཚལ་པ་བཀའ་བརྒྱུད། །སྟག་ལུང་བཀའ་བརྒྱུད་སོགས་མང་ཞིག་ཡོད་པ་ལས། ཀརྨ་བཀའ་བརྒྱུད་ནི་དྭགས་པོའི་སློབ་མ་ཁམས་པ་མི་གསུམ་ལས། རྗེ་དུས་གསུམ་མཁྱེན་པ། དེའི་སྤྲུལ་སྐུ་ཀརྨ་པཀྴི། དེའི་སྤྲུལ་སྐུ་རང་བྱུང་རྡོ་རྗེའི་སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་དུ་མངལ་གྱི་དྲི་མས་མ་གོས་པ། རྒྱལ་བ་ཤཱཀྱ་ཐུབ་པ་དང་མཉམ་པར་གྲགས། །དེའི་སྤྲུལ་སྐུ་ཀརྨ་པ་རོལ་པའི་རྡོ་རྗེ། །ལྔ་པ་དེ་བཞིན་གཤེགས་པ། །དྲུག་པ་མཐོང་བ་དོན་ལྡན། བདུན་པ་ཅོས་གྲགས་རྒྱ་མཚོ། །བརྒྱད་པ་མི་བསྐྱོད་རྡོ་རྗེ། །འདི་ཡན་ལ་ཀརྨ་རབ་བརྒྱད་དུ་གྲགས་ཤིང་། །དེའི་སྐུ་ཕྲེང་རིམ་པར་བྱོན་པ་རྣམས་ད་ལྟའི་བར་དུ་མཚུར་ཕུ་ན་བཞུགས་པ་རྣམས་ཡིན། །


ZP01_Page_476
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་གྲུའི་སློབ་མ་འགྲོ་མགོན་གླིང་རྗེ་རས་པ། དེའི་སློབ་མ་གཙང་བ་རྒྱ་རས་པ། དེའི་སློབ་མ་ལོ་རས་དབང་ཕྱུག་རྡོ་རྗེ། །འདི་དག་གིས་སློབ་བརྒྱུད་ལ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་དུ་གྲགས་ཤིང་། སྔོན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཏུ་གྲགས་ཤིང་། འབྲུག་པའི་བསྟན་པ་བྱ་རྒོད་པོའི་ཉིན་ལམ་བཅོ་བརྒྱད་དུ་ཁྱབ་པར་གྲགས་སོ།། ༈ །།ཡང་ཕག་གྲུའི་སློབ་མ་འབྲི་གོང་སྐྱོབ་པ་འཇིག་རྟེན་མགོན་པོ། དེའི་སློབ་བརྒྱུད་རྣམས་འབྲི་གོང་བཀའ་བརྒྱུད་དུ་གྲགས། ཞང་གཡུ་གྲགས་འགྲོ་བའི་མགོན་པོ་ཞེས་པ་མཉམ་མེད་དྭགས་པོའི་སློབ་མ་ཡིན། །དེའི་བརྒྱུད་པ་ལ་ཚལ་བ་བཀའ་བརྒྱུད་དུ་གྲགས། ཕག་གྲུའི་སློབ་མ་གཟིམ་གཡོག་སྟག་ལུང་པའི་བརྒྱུད་པ་རྣམས་ལ་སྟག་ལུང་བཀའ་བརྒྱུད་དུ་གྲགས་སོ། །ཡིད་སྦྱངས་ཆུ་ཁྱིལ། །ས་སྐྱ་གོང་མ་གཉིས་པ་སློབ་དཔོན་བསོད་ནམས་རྩེ་མོ་དང་། །ཕག་གྲུའི་སློབ་མ་སྟག་ལུང་བཀའ་བརྒྱུད་ཐོག་མ། །སྟག་ལུང་ཐང་པ་འཁྲུངས་ནས་ལོ། ༧༣༧ །དེ་ལ་གཟུགས་དམན་ཆུ་ཕག་ལ། །འབྲི་གོང་འཇིག་རྟེན་གསུམ་མགོན་འཁྲུངས། ༧༣༦ །ཕག་གྲུའི་སློབ་མ་འགྲི་གོང་བཀའ་བརྒྱུད་ཀྱི་ཐོག་མ། །ཆུས་སྦྱངས་རབ་བྱུང་གསུམ་པ་ཡི། །མེ་ཡོས་རྗེ་བཙུན་གྲགས་རྒྱལ་འཁྲུངས། ༧༣༢ །ས་སྐྱའི་གོང་མ་གསུམ་པ། །དེ་ལ་མིག་སྦྱངས་ས་སྤྲུལ་ལ། །རྙིང་མ་བ་ཞིག་པོ་བདུད་རྩི་འཁྲུངས་ལོ་ཡིན། ༧༣༠ །དེ་ཡི་སྟེང་ནས་བུ་གས་སྦྱངས། །ས་སྟག་རྫོགས་ཆེན་བརྒྱུད་པ་ཞང་སྟོན་ཀྱི་སྲས་མཁས་པ་ཉི་འབུམ་འཁྲུངས། ༧༢༡ །རྩེ་མོས་སྦྱངས་པའི་ལྕགས་སྤྲུལ་ལ། །འགྲོ་མགོན་གཙང་པ་རྒྱ་རས་འཁྲུངས། ༧༡༨་གླིང་རས་སློབ་མ་ཡིན།


ZP01_Page_477
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བས་སྦྱངས་པའི་མེ་ཁྱི་ལ། །རོག་གི་མཁས་པ་ཤེར་འོད་འཁྲུངས། ༧༡༣ །རྙིང་མ་པ། སླར་ཡང་ལྔས་སྦྱངས་ལྕགས་ཡོས་ལ། །ཞིག་པོ་ཉི་མ་སེང་གེ་འཁྲུངས། ༧༡༨་རྙིང་མ་བ་ཡིན། དྲག་པོས་ཕྲི་བའི་ཆུ་སྟག་ལ། །ས་སྐྱ་གོང་མ་བཞི་པ་ས་སྐྱ་པཎ་ཆེན་འཁྲུངས་ནས་ལོ། ༦༩༧། དེ་ལ་ཐུབ་སྦྱངས་ས་བྱ་ལ། །རྒོད་ཚངས་མགོན་པོ་རྡོ་རྗེ་འཁྲུངས། ༦༩༠། ཕག་གྲུའི་སློབ་མ། སླར་ཡང་བདུན་སྦྱངས་མེ་འབྲུག་ལ། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་མཁས་པ་ཉི་འབུམ་གྱི་སློབ་མ་གུ་རུ་ཇོ་འབེར་བལྟམས་ནས་ལོ། །ཕྱོགས་སྦྱང་མེ་སྟག་པཀྴི་འཁྲུངས། ༦༧༣ །ཀརྨ་པ་གཉིས་པ། དེ་ལ་གཟུགས་ཕྲི་མེ་ཡོས་དེ། །རབ་བྱུང་བཞི་པའི་ཐོག་མ་ཡིན། ༦༧༢་འབྱུང་བ་དང་སྐྱངས་པའི་ཆུ་སྤྲེལ་ལ། །གཏེར་སྟོན་མཆོག་གཉིས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་བལྟམས། ༦༦༧ །རིག་བྱེད་ཕྲི་བའི་མེ་བྱི་ལ། །སྙེ་མདོ་ཐམས་ཅད་མཁྱེན་པ་འཁྲུངས། ༦༦༣་གསར་མ་པ། བུ་གས་སྦྱབས་པའི་ཤིང་བྱ་ལ། །བྱང་རྡོར་གཉིས་ཀྱི་ཆོས་སྡེ་བཙུགས། ༦༥༤ །དེ་ལས་མིག་སྦྱངས་མེ་ཕག་ལ། །བཅུ་བཞི་པ་རིགས་ལྡན་ཟླ་འོད་སྟོན་པར་ཕེབས། ༦༥༢ །ནོར་ལྷ་སྦྱངས་པའི་ཤིང་ལུག་ལ། །འགྲོ་མགོན་ཆོས་རྒྱལ་འཕགས་པ་འཁྲུངས། ༦༤༤ །ས་སྐྱའི་གོང་མ་ལྔ་པའོ། །དེ་ལས་གཟུགས་ཕྲི་མེ་སྦྲེལ་ལ། །སྐལ་ལྡན་ཡང་ཀླུང་སྤྲུལ་སྐུ་འཁྲུངས། ༦༤༣ །རྩེ་མོས་སྦྱངས་པའི་ས་ཕག་ལ། །གྲུབ་ཐོབ་མན་ལུང་གུ་རུ་འཁྲུངས། དེའི་སློབ་མ། ༦༤༠ །རིག་བྱེད་སྦྱངས་པའི་ཆུ་ཡོས་ལ། །གྲུབ་


ZP01_Page_478
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མེ་ལོང་རྡོ་རྗེ་དང་། །རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པ་གུ་རུ་ཇོ་འབེར་གྱི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ། ཀུན་སྤངས་ཐུགས་རྗེ་ཇོ་ནང་པའི་བླ་བརྒྱུད་གོང་མ་ཞིག་བརྩོན་འགྲུས་བལྟམས། ༦༣༦ །ཕྱོགས་སྦྱང་ཆུ་གླང་ས་སྐྱ་པས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར། ༦༢༦ །ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་སྐུ་རིང་ལ། རྒྱ་ནག་གི་རྒྱལ་ས་ཧོར་གྱིས་ཕྲོགས་ནས། ཧོར་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོས་གཙོ་བྱས་ཧོར་དམག་བོད་དུ་འོངས་ནས། མཐོང་ཚད་བསད་ན་བྲོས་ཚད་སྐྲག །ཅེས་པའི་ལུང་བུད་དེས་བོད་དུ་བཙན་པོའི་མཁར་ཐམས་ཅད་བཤིགས། སྐྱེས་པའི་མི་ཐམས་ཅད་བསད་པའི་སྐབས་ཤིག་ན་ཧོར་རྒྱལ་པོ་ལ་ཆོས་ཀྱི་བསམ་པ་སྐྱེས་ཏེ། ས་སྐྱ་པཎ་ཆེན་གདན་དྲངས་ཡང་ཆོས་མ་ཞུས་པར་ལོ་མང་དུ་འགོར་བས་ས་པཎ་ཧོར་ཡུལ་དུ་སྐུ་གཤེགས། རྒྱལ་པོ་དེའི་སྲས་སེ་ཆེན་རྒྱལ་པོས་ཆོས་རྒྱལ་འཕགས་པ་གདན་དྲངས། དབང་ལན་གསུམ་ཞུས་པའི་དབང་ཡོན་དུ་དང་པོ་བོད་ཁྲི་སྐོར་བཅུ་གཉིས་ཕུལ། བར་པ་ལ་བོད་ཆོལ་ཁ་གསུམ་ཞེས་པ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། མདོ་སྨད་གྱི་ལིང་རྟའི་ཆོལ་ཁ་སྟེ་གསུམ་ཕུལ། རྗེས་མ་ལ་རྒྱ་ཡི་མི་ཡུལ་ཆེན་པོ་ཡན་ཆད་ཕུལ་བས། ས་སྐྱའི་དཔོན་ཆེན་བསྐོས་ཏེ། བོད་ཁ་བ་ཅན་གྱི་རྒྱལ་ཁམས་ལ་དཔལ་ལྡན་ས་སྐྱ་པས་དབང་མཛད་པ་ཡིན་ནོ། །མྱོས་བྱེད་སྦྱངས་པའི་མེ་སྟག་ལ། །རིག་འཛིན་ཀུ་མ་རཱ་ཛ་འཁྲུངས། ༦༡༣ །མེ་ལོང་རྡོ་རྗེའི་སློབ་མ། དེ་ལ་བསེ་རུས་སྦྱངས་པ་ཡི། །མེ་ཡོས་རབ་བྱུང་ལྔ་པར་སླེབས། ༦༡༢


ZP01_Page_479
[མ་དཔེ་གཟིགས་ན་འདིར་གནོན།]

བུག་སྦྱངས་མེ་ཁྱི་དབང་ལོ་འཁྲུངས། ༦༠༣ །སྙན་ངག་སོགས་རིགས་གནས་སྐོར་ལ་བཀའ་དྲིན་ཆེ་བའི་ལོ་ཙཱ་བ། རི་སྦྱངས་ཆུ་ལག་ཟུར་བྱམས་སེང་། །རྙེད་མའི་ཟུར་པའི་བརྒྱུད་པ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་དང་གཡུང་སྟོན་རྡོ་རྗེ་དཔལ་བཟང་གཉིས་ཀྱི་བླ་མ་ཡིན། ༤༩༦ །འཁྲུངས་ཤིང་གཟུགས་ཕྲི་ཤིང་སྤྲེལ་ལ། །ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། །ཀརྨ་པ་གསུམ་པ། གཡུང་སྟོན་རྡོ་རྗེ་དཔལ་གོང་གི་བླ་མ་འདི་གཉིས་ཀྱི་སློབ་མ་བཀའ་རྙིང་ཐུན་མོང་གི་བླ་མ་ཡིན། གཉིས་བལྟམས། །དེ་ནས་དུས་སྦྱངས་ལྕགས་སྟག་ལ། །ཐམས་ཅད་མཁྱེན་པ་བུ་སྟོན་འཁྲུངས། ༥༨༩ །གསར་མ་སྤྱིའི་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ། ལག་པས་དམན་པའི་ཆུ་འབྲུག་ལ། །ཀུན་མཁྱེན་ཤེས་རབ་རྒྱལ་མཚན་འཁྲུངས། ༥༨༧ །དབུ་མ་གཞན་སྟོང་གི་སྲོལ་འབྱེད་ཇོ་ནང་བའི་བསྟན་པའི་བདག་པོ་ཡིན། གཡུ་མོ་མི་བསྐྱོད་རྡོ་རྗེ་ཞེས་པའི་གསར་མའི་གྲུབ་ཐོབ་ཞིག་བྱོན་པའི་སློབ་རྒྱུད་ལ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། །བླ་མ་ཡོན་ཏན་དཔལ་གཉིས་ཀྱི་དྲུང་ནས་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་གསར་རྙིང་གི་ཆོས་མང་པོ་གསན། །ཁྱད་པར་དུ་དུས་འཁོར་གྱི་སྒོ་ནས་གྲུབ་པ་ཐོབ། རིགས་ལྡན་པདྨ་དཀར་པོ་དང་སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྣམས་ཀྱི་སྤྲུལ་པར་ཞལ་གྱིས་བཞེས། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཞེས་པ་དུས་འཁོར་གྱི་རྫོགས་རིམ་ཡིན་ལ། །འདི་དག་གི་སྒོ་ནས་བསྟན་པ་བསྐྱང་བའི་བརྒྱུད་འཛིན་རྣམས་ལ་ཇོ་ནང་པ་ཞེས་གསར་མའི་གྲུབ་མཐའ་


ZP01_Page_480
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཡིན་ཀྱང་། བསྟན་པ་ཉམས་ཉེས་ཆེ་བས་ད་ལྟ་ཤར་ཛམ་ཐང་སོགས་ཁ་ཤས་ལས་མི་བཞུགས། །སླར་ཡང་མིག་སྦྱངས་ཤིང་རྟ་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་འཁྲུངས། ༥༨༥ །རྙིང་མ་པ་ཡིན། གཟུགས་སྦྱངས་ཤིང་ལུག་ཐོགས་མེད་དང་། ༥༨༤་བོད་ཀྱི་དངུལ་ཆུ་ཐོགས་མེད། རི་སྦྱངས་ཆུ་སྟག་བྱང་རྩེ་བལྟམས། །༥༧༧ །ལོ་ཆེན་བྱང་ཆུབ་རྩེ་མོ། དེ་ལ་རོས་སྦྱངས་ས་སྤྲེལ་ལ། །ཀུན་མཁྱེན་དྲི་མེད་འོད་ཟེར་འཁྲུངས། ༥༧༦ །རྫོགས་ཆེན་བརྒྱུད་པ་ཀུ་མ་རཱ་ཛའི་སློབ་མ་ཡིན། རིག་བྱེད་སྦྱངས་པའི་ཆུ་བྱི་ལ། །དཔལ་ལྡན་བླ་མ་དམ་པ་འཁྲུངས། ༥༦༧ །ཆོས་རྒྱལ་འཕགས་པའི་ཚ་བོ་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྲས་ཡིན་ནོ། །ཆོས་སྦྱངས་རབ་བྱུང་དྲུག་པ་ཡི། །ཐོག་མའི་མེ་མོ་ཡོས་དེ་ལ། །རིགས་ལྡན་མཐའ་ཡས་སེང་ཁྲིར་རིགས་ལྡན་བཅོ་ལྔ་པ་ཕེབས། ༥༥༢ །བུག་གཟུགས་སྦྱངས་པའི་མེ་ཁྱི་ལ། །རྡོ་རྗེ་གླིང་པ་འཁྲུངས་ནས་ལོ། ༥༣༣ །གཏེར་སྟོན་གླིང་པ་བརྒྱད་ཀྱི་ནང་ཚན་བཻ་རོའི་སྐྱེ་མཐའ་ཡིན། །དེ་ལས་མིག་སྦྱངས་ས་བྱི་ལ། །ཀུན་མཁྱེན་གཡག་པོ་འཁྲུངས་ནས་ལོ། ༥༣༡ །དཔལ་ལྡན་ས་སྐྱའི་བསྟན་འཛིན་གྱི་གཙོ་བོ་བཞི། མདོ་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་གཡག་རོང་གཉིས། །སྔགས་ཕྱོགས་ཀྱི་བསྟན་འཛིན་གྱི་གཙོ་བོ་ངོར་རྫོང་གཉིས་སུ་གྲགས་པ་ལས། ཀུན་མཁྱེན་གཡག་པོ་ཞེས་པ་ནི། མཁས་པ་ཆེན་པོ་ཡིན་ཞིང་། སློབ་རྒྱུད་ཀྱང་ཡོད་ཚོད་འདུག་སྟེ་ད་ལྟ་དགོན་པ་སོགས་ཡོད་པ་མ་ཐོས་སོ། །གཟུགས་སྦྱངས་ས་གླང་ཕག་གྲུ་ཡི། ཏཱ་སིས་བོད་ཁམས་ཁ་ལོ་བསྒྱུར། །ས་སྐྱའི་བླ་མ་


ZP01_Page_481
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་རྒྱལ་མཚན་གྱི་རྗེས་སུ་ས་སྐྱའི་སྐུ་ངོ་རྣམས་ནང་མི་འདུམ་པ་སོགས་ཀྱི་རྐྱེན་དང་། ཁྱད་པར་པདྨ་བཀའ་ཐང་ལས། ཡར་ཀླུང་མཐིལ་དུ་རྣམ་སྨིན་བསྐྱེད་རྒྱལ་འབྱུང་ཞེས་དང་། ས་ནང་གྲུབ་ནས་ཕག་གིས་ས་སློག་འཇིག་༔ཅེས་པ་ལྟར་ལུང་བསྟན་དུས་ལ་བབས་པས། ཡར་ཀླུང་རྩིས་ཐང་གི་དཔོན་པོ་སྡེ་སྲིད་ཕག་མོ་གྲུ་པའམ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཞེས་པས་ཐབས་སྣ་ཚོགས་ཀྱིས་བོད་དབུས་གཙང་ཀུན་ལ་དབང་བསྒྱུར་ཞིང་། རྒྱ་ནག་ཕོ་བྲང་ནས་ཀྱང་བདག་རྐྱེན་ཆེན་པོ་གནང་ནས་ཕྱིས་སུ་གཙང་པ་རྒྱལ་པོ་ཡན་ཆད་དུ་འདིའི་བརྒྱུད་པས་བོད་ཀྱི་རྒྱལ་པོ་བྱས། འདི་རྣམས་ལྷ་རིགས་རླངས་ཀྱི་གདུང་བརྒྱུད་ཡིན། དེ་ལས་གཟུགས་དམན་ལྕགས་སྟག་ལ། །སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་སྲས་སྒྲོལ་ཆེན་སངས་རྒྱས་རིན་ཆེན་འཁྲུངས། ༥༢༩་དེ་ལ་རི་སྦྱངས་མེ་བྱ་ལ། །འཇམ་མགོན་བློ་བཟང་གྲགས་པ་འཁྲུངས། ༥༢༢ །འདིའི་རྗེས་འཇུག་རྣམས་ལ་དགེ་ལུགས་པའི་མིང་གིས་དགའ་ལྡན་པའམ་ཞྭ་སེར་པ་ཞེས་ཟེར་ཏེ། གསར་མའི་གྲུབ་མཐའ་ཆེ་ཤོས་ཤིག་ཡིན། དེ་ལས་ཕྱོགས་སྦྱངས་མེ་ལུག་ལ། །རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས། ༥༡༢ །རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱིས་ན་ལེནྡྲའི་དགོན་པ་བཏབ། བར་སྐབས་སུ་ཚོགས་པ་སྟོང་ཕྲག་མང་པོ་འདུ་ཞིང་ས་སྐྱ་པའི་མཚན་ཉིད་ཀྱི་གྲས་ཆེ་ཤོས་ཡིན། བྲོ་བ་ཕྲི་བའི་ཆུ་གླང་ལ། །པཎ་ཆེན་འཇིགས་མེད་གྲགས་པ་འཁྲུངས། ༥༠༦ །བུ་ག་སྦྱངས་པའི་ཆུ་ཁྱི་ལ། །ངོར་ཆེན་ཀུན་དགའ་བཟང་པོ་དང་། །དོར་ཆེན་ཀུན་དགའ་བཟང་པོས་ངོར་ཨེ་ཝཾ་ཆོས་ལྡན་གྱི་དགོན་


ZP01_Page_482
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཏབ་ཅིང་། འདིའི་དགོན་པའི་མཁན་ཁག་བཞི་པོ། ཐར་རྩེ། ཀླུ་སྡིངས། ཕན་ཁང་། ཁང་སར་བཞི་ཡིན། རྫོང་པ་ཀུན་དགའ་རྒྱལ་མཚན་འཁྲུངས། ༤༩༧ །རྫོང་པ་ཀུན་དགའ་རྣམ་རྒྱལ་ཞེས་སོགས་མཁས་གྲུབ་མང་དུ་བྱོན་ཀྱང་མཐུ་འགྲས་འགའ་ཞིག་གི་རྐྱེན་གྱིས་ད་ལྟ་དགོན་པ་སོགས་མེད། མིག་གིས་ཕྲི་བའི་ཤིང་བྱི་ལ། །པཎ་ཆེན་ནགས་ཀྱི་རིན་ཆེན་འཁྲུངས། ༤༩༥ །དེ་ལས་གཟུགས་དམན་ཤིང་གླང་ལ། །གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས། ༤༩༤ །རྙིང་མ་པ་བྱང་གཏེར་གྱི་བརྒྱུད་འཛིན་ཞིག་ཡིན། ལག་པ་སྦྱངས་པའི་མེ་ཡོས་དེ། །རབ་བྱུང་བདུན་པའི་དང་པོ་ཡིན། ༤༩༢ །རིག་བྱེད་ཕྲི་ལྷག་ལྕགས་ལུག་ལ། །པཎ་ཆེན་དགེ་འདུན་གྲུབ་པ་འཁྲུངས། ༤༨༨ །རྗེ་གཙོང་ཁ་བའི་སློབ་མའི་གཙོ་བོ་རྒྱལ་བ་སྐུ་ཕྲེང་ཐོག་མ་ཡིན། དེ་ལས་གཅིག་དམན་ཆུ་སྤྲེལ་ལ། །འགོས་ལོ་གཞོན་ནུ་དཔལ་བ་འཁྲུངས། ༤༨༧ །འདི་གསར་རྙིང་རིས་མེད་ཀྱི་མཁས་པ་ཆེན་པོ་ཡིན་ཞིང་གཙོ་བོ་བཀའ་བརྒྱུད་པར་གཏོགས། གདེངས་ཀས་སྦྱངས་པའི་ལྕགས་འབྲུག་ལ། །པཎ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས། ༤༧༩ །རྩེ་མོས་སྦྱངས་པའི་ཆུ་ལུག་ལ། །རཏྣ་གླིང་པ་འཁྲུངས་ནས་ལོ། ༤༧༦ །རྙིང་མའི་གཏེར་སྟོན་ཡིན། དེ་ལས་དུས་སྦྱངས་ས་གླང་ལ། །ལྷ་ལྡན་སྨོན་ལམ་ཆེན་མོ་བཙུག །བློ་བཟང་གྲགས་པས། རི་བོ་དགའ་ལྡན་ཆོས་གྲྭ་བཏབ། ༤༧༠ །ཡོན་ཏན་གྱིས་སྦྱངས་ཆུ་འབྲུག་ལ། །བྱམས་ཆེན་རབ་འབྱམས་འཁྲུངས་ནས་ལོ། ༤༦༧ །རྗེ་གཙོང་ཁ་པའི་སློབ་མ། །བཞི་སྦྱངས་མེ་སྤྲེལ་


ZP01_Page_483
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་སྤུངས་དང་། ༤༦༢ །མེ་སྦྱངས་ས་ཕག་སེ་ར་བཏབ། ༤༦༣ །དགེ་ལུགས་པ་ཡིན། འབྱུང་བ་སྦྱངས་པའི་ཤིང་འབྲུག་ལ། །ལོ་ཆེན་བསོད་ནམས་རྒྱལ་མཚན་འཁྲུངས། ༤༥༥ །རྩེ་མོས་སྦྱངས་པའི་མེ་ལུག་ལ། །རིགས་ལྡན་ས་སྐྱོང་བཅུ་དྲུག་པ་སེང་ཁྲིར་ཕེབས། ༤༥༢ །ཟླ་བས་ཕྲི་བའི་ས་སྤྲེལ་ལ། །པཎ་ཆེན་ཤཱཀྱ་མཆོག་ལྡན་འཁྲུངས། ༤༥༡ །གསེར་མདོག་ཅན་ཞེས་པ་ས་སྐྱ་པ་བཏགས་ཙམ་ཡིན། །གཟུགས་ཕྲིས་ས་བྱར་གོ་རམས་པ། །ས་སྐྱའི་མཁས་པ་ཆེན་པོ། །བལྟམས་ཤིང་ངོར་གྱི་ཆོས་སྡེ་བཏབ། ༩༥༠ །རྩེ་མོས་སྦྱངས་པའི་ཆུ་བྱི་ལ། །ས་སྐྱ་པ་ཐུབ་སྟོན་ཀུན་དགའ་རྣམ་རྒྱལ་འཁྲུངས། ༤༤༧ །དེ་ལས་བུག་སྦྱངས་ལྕགས་བྱ་ལ། །ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས། ༤༣༨ །ཞྭ་ལུ་ལོ་ཙཱ་བ། རོ་སྦྱངས་རབ་བྱུང་བརྒྱད་པའི་མགོར། །བཀྲ་ཤིས་ལྷུན་པོའི་སྡེ་བཏབ་ཅིང་། །པཎ་ཆེན་དགེ་འདུན་གྲུབ་ཀྱི་ས་བཏབ་པས། ད་ལྟ་ཡོངས་སུ་གྲགས་པའི་གཙང་བཀྲ་ཤིས་ལྷུན་པོ། །ཕུག་པ་ལྷུན་གྲུབ་རྒྱ་མཚོས་པད་དཀར་ཞལ་ལུང་བརྩམས་པའི་ལོ། ༤༣༢ །མིག་སྦྱངས་སྦྲུལ་སྐྱེད་ཚལ་བཏབ། ༤༣༠་ས་སྐྱ་པའི་མཁས་པ་ཆེན་པོ་འཇམ་དབྱངས་ཀུན་དགའ་ཆོས་བཟང་གི་གདན་ས་འབྲུས་ཡུལ་སྐྱེད་ཚལ་ཞེས་ད་ལྟ་ས་སྐྱ་པའི་མཚན་ཉིད་ཀྱི་གྲྭ་ས་ཆེ་ཤོས་ཡིན། །གཟུགས་ཕྲི་ལྕགས་རྟར་པད་གླིང་འཁྲུངས། ༤༢༩ །རྙིང་མའི་གཏེར་སྟོན། རྩེ་མོས་སྦྱངས་པའི་ཆུ་བྱ་ལ། །སྤྱན་སྔ་ཆོས་ཀྱི་གྲགས་པ་འབྲི་གོང་དུ་འཁྲུངས། ༤༢༦ །རབ་བྱུང་བརྒྱད་པའི་ཐོག་


ZP01_Page_484
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྲྭ་ཕུག་པ་ལྷུན་གྲུབ་རྒྱ་མཚོ། གྲྭ་ཆུང་ཡོན་ཏན་རྒྱ་མཚོ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སྟེ། རྒྱ་མཚོ་རྣམ་གསུམ་དུ་གྲགས་པས་སྐར་རྩིས་ཀྱི་བསྟན་བཅོས་པདྨ་དཀར་པོའི་ཞལ་ལུང་བརྩམས་ཤིང་། ཁྱད་པར་མཁས་གྲུབ་ནོར་བཟང་རྒྱ་མཚོས་ལྷན་ཐབས་བུ་ཡིག་སྐོར་མཛད་ཅིང་། །དེ་ཕྱིན་ཆད་ཕུག་ལུགས་ཀྱི་རྩིས་ཞེས་བཻ་དཀར་དང་ཉིན་སྣང་གཉིས་སོགས་ཕལ་ཆེར་གྱི་ཁུངས་སུ་བྱེད་པ་ཡིན། དྲག་པོ་སྦྱངས་པའི་ཤིང་སྤྲེལ་ལ། རྡོ་རྗེ་གདན་གྱི་ཆོས་གྲྭ་བཏབ། ༤༡༥ །གོང་དཀར་རྡོ་རྗེ་གདན་ཞེས་ས་སྐྱའི་དགོན་པ་ཆེ་ཤོས་ཡིན། ཉི་མས་སྦྱངས་པའི་མེ་སྤྲེལ་ལ། །པཎ་ཆེན་དགེ་འདུན་རྒྱ་མཚོ་བལྟམས། ༤༠༣ །དགེ་འདུན་གྲུབ་ཀྱི་སྤྲུལ་སྐུ་རྒྱལ་བ་གཉིས་པ། སྐྱོན་སྤྱངས་ཤིང་སྟག་ཚར་ཆེན་དང་། །ས་སྐྱའི་བདག་ཆེན་བློ་གྲོས་རྒྱལ་མཚན་གྱི་སློབ་མ་ལམ་འབྲས་སློབ་བཤད་ཀྱི་བརྒྱུད་པ་འཛིན་པའི་གཙོ་བོ་ཀུན་སྤངས་རྡོ་རིང་པ་ཆེན་པོ་ཞེས་བསམ་གྱིས་མི་ཁྱབ་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་སློབ་མ་ཚར་ཆེན་བློ་གསལ་རྒྱ་མཚོ་ཞེས་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་བྱོན། །དེའི་སློབ་བརྒྱུད་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིམ་པར་བྱོན་པ་ལ། ས་སྐྱའི་ཚར་ལུགས་པ་ཞེས་ཟེར་རོ། །སྣ་ཚོགས་རང་གྲོལ་འཁྲུངས་ནས་ལོ། ༣༨༥ །རྙིང་མ་པ། འདོད་སྦྱངས་རབ་དགུ་ཤར་པ་ཡི། །མེ་ཡོས་ཀུན་དགའ་འགྲོལ་མཆོག་དང་། །ཇོ་ནང་པ། མི་བསྐྱོད་རྡོ་རྗེ་འཁྲུངས་ནས་ལོ། ༣༧༢ ཀརྨ་པ་བརྒྱད་པ། མཁའ་མིག་གིས་དམན་མེ་ཕག་ལ། །རིགས་ལྡན་བཅུ་བདུན་པ་དཔལ་སྐྱོང་ཁྲིར་ཕེབས་ཤིང་། །འབྲུག་པ་པདྨ་


ZP01_Page_485
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་ཁྲུངས། ༣༥༢ །ད་ལྟ་འབྲུག་ཐམས་ཅད་མཁྱེན་པ་ཞེས་གྲགས་པ་འདི་འབྲུག་པའི་སྐུ་ཕྲེང་དང་པོ་ཡིན། བུག་སྦྱངས་མེ་སྤྲེལ་བསྟན་འཛིན་གྲགས། ༣༤༣ །སྨིན་གླིང་སྐུ་མཆེད་ཀྱི་ཡབ་མེས་གོང་མ་ཞིག་ཡིན་གཟུགས་ཕྲི་མེ་བྱར་དར་གླིང་བཏབ། ༣༤༢ །འདིའི་དགོན་པ་དར་རྒྱས་ཆོས་གླིང་། དུས་སྦྱངས་ཆུ་ཡོས་ཐམས་ཅད་མཁྱེན། །བསོད་ནམས་རྒྱ་མཚོ་འཁྲུངས་ནས་ལོ། ༣༣༦ །རྒྱལ་བ་གསུམ་པ། དེ་ལས་ཆུ་མིག་སྦྱངས་པ་ཡི། །རབ་བཅུའི་མེ་ཡོས་ཤར་བ་ཡིན། ༣༡༢ །བུ་ག་སྦྱངས་པའི་མེ་བྱི་ལ། །སྨྱོས་སྟོན་བསྟན་འཛིན་བཟང་པོ་འཁྲུངས། ༣༠༣ །བསྟན་འཛིན་གྲགས་པའི་སྲས། འདོད་པ་སྦྱངས་པའི་ས་གླང་ལ། །རྒྱལ་བ་ཡོན་ཏན་རྒྱ་མཚོ་འཁྲུངས། ༢༩༠ །རྒྱལ་བ་བཞི་པ། བུ་ག་སྦྱངས་པའི་ས་ཁྱི་ལ། །གསུང་སྤྲུལ་ཚུལ་ཁྲིམས་རྡོ་རྗེ་འཁྲུངས། ༢༨༡ །གཏེར་སྟོན་པདྨ་གླིང་པའི་གསུང་གི་སྤྲུལ་པ། མེ་གཟུགས་སྦྱངས་པའི་ལྕགས་ཕག་ལ། །གསང་བདག་ཕྲིན་ལས་ལྷུན་གྲུབ་འཁྲུངས། ༣༦༨ །གཏེར་ཆེན་གྱི་ཡབ་བསྟན་འཛིན་བཟང་པོའི་སྲས་སྨིན་གླིང་གཏེར་ཆེན་སྐུ་མཆེད་ཀྱི་སྤུན་ཡིན། དེ་ལས་དུས་སྦྱངས་མེ་སྤྲུལ་ལ། །རྒྱལ་མཆོག་ལྔ་པ་ཐམས་ཅད་མཁྱེན། །རྒྱལ་དབང་ལྔ་པ། ངག་དབང་བློ་བཟང་རྒྱ་མཚོ་འཁྲུངས། ༢༦༢ །ཕྱོགས་སྦྱངས་རབ་དྲག་མེ་ཡོས་ལ། །རིགས་ལྡན་བཅོ་བརྒྱད་པ་སེང་གེ་སྟོན་པར་ཕེབས། ༢༥༢་རིག་བྱེད་གཟུགས་སྦྱངས་ལྕགས་སྤྲུལ་ལ། །རིག་འཛིན་པདྨ་ཕྲིན་ལས་དང་། །རིག་འཛིན་


ZP01_Page_486
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི་དབང་པོའི་སྤྲུལ་སྐུ་རྡོ་རྗེ་བྲག་ཞབས་དྲུང་རིན་པོ་ཆེ། ཐུགས་སྲས་བསྟན་འཛིན་འགྱུར་མེད་འཁྲུངས། ༢༣༨ །པད་གླིང་ཐུགས་སྤྲུལ། ༈ །འདི་སྐབས་གཙང་བ་སྡེ་སྲིད་ཅེས་ཤིན་ཏུ་དབང་ཆེ་བ་ཞིག་བྱུང་སྟེ། ཀརྨ་པ་དང་། ཇོ་ནང་པའི་སྦྱིན་བདག་གི་གཙོ་བོ་གྱུར། དགེ་ལུགས་པའི་ཕྱོགས་ལ་ཤིན་ཏུ་སྡང་ཞིང་། ཁྱད་པར་ས་ཐག་ཉེ་བས་བཀྲ་ཤིས་ལྷུན་པོ་ལ་གནོད་ཚབ་ཆེ། །རྒྱལ་དབང་ལྔ་པའི་ཡབ་ཀྱང་བཙོན་དུ་བཟུང་ནས་བཙོན་ཞབས་སུ་ཤི། །སེ་འབྲས་དགེ་གསུམ་ཆོས་ལུགས་བསྒྱུར་བ་སོགས་གནོད་པ་སྣ་ཚོགས་བྱེད་སྐབས་སྐྱི་ཤོད་སྡེ་པ་བསོད་ནམས་རབ་བརྟན་ཞེས་རྒྱལ་བ་གོང་མའི་ཕྱག་མཛོད་ཞིག་ཡོད་པ་དེས་སོག་དམག་བསྐུལ་ནས་སོག་པོའི་དཔོན་ཁག་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་དམག་གིས་གཙང་པ་རྒྱལ་པོ་བཅོམ། ཀརྨ་པས་ཀོང་དམག་ཕུད་ནས་གཙང་པ་རྒྱལ་པོ་ལ་གསུང་ཤོག་བསྐུར་བའི་ནང་ན། སེ་འབྲས་དགེ་གསུམ་ཤིག་རྒྱལ་བ་དང་པཎ་ཆེན་གཉིས་བཟང་བཙོན་གྱིས་ལ་ཁྲིད་ཤོག་ཟེར་བ་ཡོད་པའི་ཡིག་ཁྱེར་སོག་པོས་བཟུང་། སོག་པོའི་རྒྱལ་པོ་ཁྲོས་ནས་མིག་གིས་མཐོང་བར་བཀའ་བརྒྱུད་པ་འཇོག་རེ་ཞེས་མནའ་བསྐྱལ། སོག་དམག་གིས་སྟོད་མངའ་རིས་ཡུལ་མན་ཆད་དབང་དུ་བསྡུས་ཏེ། རྒྱལ་དབང་ལྔ་པ་ཆེན་པོ་ལ་ཕུལ་ཏེ། དེ་ཕྱིན་ཆད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་རྒྱལ་པོ་བྱེད་པ་འདི་བྱུང་ངོ ། །དེའི་དུས་ཁམས་གླང་ཐང་སྒྲོལ་མའི་ཕྱོགས་སུ་བེ་རུ་དོན་གྲུབ་ཅེས་བོན་པོའི་སྦྱིན་བདག་གི་རྒྱལ་པོ་ཞིག་བྱུང་། །དེས་ས་དགེ་རྙིང་གསུམ་གྱི་བླ་མ་མང་པོ་བཙོན་དུ་བཟུང་ནས་བསྟན་པ་ཀུན་ལ་གནོད་ཚབ་ཆེ་བའང་སོག་པོའི་རྒྱལ་པོ་འདིས་དམག་གིས་བརླགས་པ་ལ།


ZP01_Page_487
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་སོག་པོ་རྟ་ཁྲབ་ཅན་ཟེར་བ་དེ་ཡིན་ནོ། །གོ་ཤྲཱིའི་དཔུང་གིས་བོད་ཁམས་ཀུན། །དབང་བསྡུས་གཟུགས་ཕྲི་ཆུ་རྟ་ལ། །གོང་ས་ལྔ་པ་ཆེན་པོར་ཕུལ། ༢༣༧ །དེ་ལ་མཚོས་སྦྱངས་མེ་ཁྱི་ལ། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འཁྲུངས། ༢༣༣་སྨིན་གླིང་གཏེར་ཆེན། ལག་པས་ཕྲི་བའི་ས་བྱི་ལ། །རྒྱལ་སྲས་བསྟན་པའི་ཉི་མ་འཁྲུངས། ༢༣༡ །གཏེར་ཆེན་གྱི་སྐུ་མཆེད་ཡིན། མ་ནུས་སྦྱངས་པའི་ཆུ་སྟག་ལ། །པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་། །གཙང་པཎ་ཆེན། གསང་བདག་ཕྲིན་ལས་ལྷུན་གྲུབ་གཤེགས། ༢༡༧ །དེ་ལས་གཟུགས་ཕྲི་ཆུ་ཡོས་ལ། །པཎ་ཆེན་མཆོག་གི་སྤྲུལ་སྐུ་དང་། །བསྟན་འཛིན་གཞན་ཕན་དབང་པོ་འཁྲུངས། ༢༡༦ །རྙིང་མ་པ་ཡིན། །རི་སྦྱངས་ལྕགས་ཁྱི་སྨིན་གྲོལ་གླིང་། ༩༠༩ །བཙུགས་ཤིང་དུས་སྦྱངས་མེ་འབྲུག་ལ། །བཞུགས་གནས་གཙུག་ལག་ཁང་ཆེན་བཏབ། ༢༠༣ །མེ་སྦྱངས་ས་ལུག་ལྷ་སྲས་ཉིད། །སླར་ཡང་བོད་རྗེར་བྱོན་པའི་ལོ། ༩༠༠ །སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་རྒྱལ་པོ་བསྐོས། གཟུགས་ཕྲི་ལྕགས་སྤྲེལ་རྗེ་བླ་མས། །སྨིན་གླིང་གཏེར་ཆེན། ཤ་འུག་ཟབ་གཏེར་བཞེས་པའི་ལོ། ༡༩༩ །ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་ཆོས་སྐོར། གཟུགས་སྦྱངས་ལྕགས་བྱར་རྩིས་ཀྱི་གཞུངས། །ཉིན་བྱེད་སྣང་བ་བརྩམས་ནས་ལོ། ༡༩༨ །དེ་ནས་གཟུགས་ཕྲི་ཆུ་ཁྱི་ལ། །རྒྱལ་མཆོག་ལྔ་པ་གཤེགས་པའི་ལོ། ༡༩༧ །མཚོ་སྦྱངས་མེ་སྟག་རྒྱལ་བའི་སྲས། །པདྨ་འགྱུར་མེད་རྒྱ་མཚོ་འཁྲུངས། ༡༩༣་སྨིན་


ZP01_Page_488
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་གཏེར་ཆེན་གྱི་སྲས་ཆེ་བ། གཟུགས་སྦྱངས་རབ་ཉི་མེ་ཡོས་ལ། །བཻཌཱུར་དཀར་པོའི་རྩིས་མགོ་གཟུགས། ༡༩༢ །རྒྱ་མཚོ་སྦྱངས་པའི་ལྕགས་ལུག་ལ། །སྐུ་འབུམ་མཐོང་གྲོལ་ཆེན་པོ་བཞེངས། །སྨིན་གླིང་དུ་མཆོད་རྟེན་ཞིག་བཞེངས་པའོ། །འགྱུར་མེད་ཡིད་བཞིན་ལེགས་གྲུབ་འཁྲུངས། ༡༨༨ །སྨིན་གླིང་རྒྱལ་སྲས། རྩེ་མོས་སྦྱངས་པའི་ཤིང་ཁྱི་ལ། །ལྷ་ལྡན་ཚོགས་མཆོད་ཆེན་མོ་བཙུགས། ༡༨༥ །རྒྱལ་དབང་ལྔ་པའི་འདས་མཆོད། །ཉི་མས་སྦྱངས་པའི་མེ་ཁྱི་ལ། །བསྟན་འཛིན་གྱིང་གིར་རྒྱལ་པོ་ཡིས། །བོད་ཁམས་ཡོངས་ལ་ཁ་ལོ་བསྒྱུར། ༡༧༣ །དེ་ལ་གདེངས་ཅན་སྦྱངས་པ་ཡིས། །ཤིང་རྟ་འདི་ཡི་སྟེང་སླེབས་ཏེ། །ཉིན་བྱེད་སྣང་བའི་འདས་ལོའི་གྲངས། ༢༦༥ །བསྟུང་ནས་དབྲི་བསྣན་གྱིས་བཅོས་པའི། །ལོ་ཡིན་རིམ་རྩིས་མ་ཁམས་ན། །རབ་བྱུང་སྐོར་རེའི་མཚམས་བཟུང་ནས། །མཆོངས་ཏེ་མཁའ་རོས་སྦྱངས་པ་ཡིས། །ཚེགས་མེད་བདེ་བླག་རྟོགས་པར་འགྱུར། །དཔལ་སྤྲུལ་པས་སོ།། །དགེའོ།། །།


previousརྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ།next