Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩིས་སྐར་ནག་ཟུང་འཇུག་གི་ལྀ་ཐུའི་རྣམ་བཤད་གོ་ལའི་རྣ་རྒྱན།
   
   
   
   
   


 
previousརྩིས་སྐར་ནག་ཟུང་འཇུག་གི་ལྀ་ཐུའི་རྣམ་བཤད་གོ་ལའི་རྣ་རྒྱན།next

རྩིས་སྐར་ནག་ཟུང་འཇུག་གི་ལྀ་ཐུའི་རྣམ་བཤད་གོ་ལའི་རྣ་རྒྱན།


ZP01_Page_489
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་སྐར་ནག་ཟུང་འཇུག་གི་ལྀ་ཐུའི་རྣམ་བཤད་གོ་ལའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །


ZP01_Page_490
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་ཡེ་ཤེས་རྣམ་པར་སྡང་བའི་གཟིས། །ནང་གི་མུན་པ་སྟུག་པོ་སྙིལ་མཛད་པ།


ZP01_Page_491
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་རྡོ་རྗེ་སྙིང་གི་ཉིན་མོར་བྱེད། །རིགས་བདག་གཅིག་པུས་རྣམ་གྲོལ་བར་དུ་སྐྱོངས།


ZP01_Page_492
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་མེད་མཆོག་ཏུ་མི་འགྱུར་གཉུག་མའི་ཁམས། །ཡོངས་དག་གང་ཞིག་ཤེས་པ་དེ་གཅིག་པུས། །སྲིད་པ་གཉིས་མཐར་སྨིན་བྱེད་རྡོ་རྗེའི་དུས། །རང་བཞིན་འཁོར་ལོ་རྟག་པས་ཤིས་གྱུར་ཅིག །འཇིགས་བྲལ་གཤིས་ཀྱིས་བདུད་སྡེའི་སྙིང་རབ་དགའ། །མེད་བགྱིད་བྱང་ཆེན་རྒྱལ་བའི་ས་བོན་གྱིས། །སྐལ་བཟང་རྒྱལ་རིགས་མྱུ་གུ་བསྐྱེད་བསྲིང་བའི། །བྱེད་པོ་མཚུངས་མེད་བླ་མར་ཕྱག་བགྱིའོ། །རྒྱལ་བ་ཐུབ་པ་ཕུལ་བྱུང་ཉི་མའི་བཀའ། །གང་ཡང་སྐལ་མཆོག་བློ་མུན་གཞིལ་བགྱིད་མོད། །ཕྱི་ནང་གཞན་གསུམ་གཉུག་མའི་ཏི་ལ་ཀར། །ཡུད་ཀྱིས་གྲོལ་བ་ཐེག་རྩེ་གཅིག་ལས་མིན། །སྟོན་དང་བསྟན་པ་སྡུད་པོ་དེ་ཁོ་ན། །སྒྱུ་མའི་ཡེ་ཤེས་གཅིག་གི་གར་རོལ་ཏེ། །བཀྲོལ་དང་བཤད་སྒྲུབ་བགྱི་བས་རྒྱུན་འཛིན་པའི། །ཆོས་རྒྱལ་རིགས་ལྡན་ཚོགས་ལ་ལྷག་པར་དང་། །བསྲུབ་པ་རྒྱ་མཚོའི་བཅུད་ཐིག་རི་བོང་ཅན། །ཟུར་ཕུད་ནོར་བུའི་རྒྱན་དུ་བཅིངས་པའི་མོད། །མི་བཟད་ནག་པོ་བརྩེགས་པའི་དཔལ་གསོད་པ། །མིག་མི་འཛུམ་གར་གངས་རིའི་ལྷ་དེས་སྐྱོངས། །བསྟན་རྫིང་འགྲོ་བའི་ཞིང་ལ་གང་ཡུར་མ། །སྨིན་གྲོལ་བདུད་རྩིའི་ཝ་ཆེན་ཆོས་ཀྱི་སྤྱན། །འཕགས་བོད་ལོ་པཎ་ཞབས་རེག་རྡུལ་གཙང་ཡང་། །དད་གསུམ་གཙུག་གི་རྒྱན་དུ་བཻ་ཌཱུར་བཞིན། །དོ་ཤལ་ཡིད་འོང་དྲི་མ་མེད་འོད་སྣང་། །སྙིང་ལ་མུ་ཏིག་དོག་པ་བཞིན་བཟུང་ནས། །ཕུལ་བྱུང་གྲུབ་པའི་འཛུམ་དཀར་གྱིས་


ZP01_Page_493
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་བ། །རྒྱ་མཚོ་རྣམ་གསུམ་རྒྱལ་བའི་བ་དན་མཐོ། །དུས་སྙིགས་དུཿཁ་དྲུང་འཕྱིན་དུ་ཧ་ར། །ཟླར་རློམ་རྒོལ་ཟླའི་ཟླ་སྟོད་ཟླ་བ་ནག །ཁྱད་བཅས་མཁས་པའི་ཁྱུ་མཆོག་ཁྱུང་ནག་པ། །རྩིས་རིག་གཙུག་ལག་གཙུག་གི་རྒྱན་གསུམ་རྒྱལ། །སྲིད་འབྱོར་སྒྱུ་མའི་རྒྱལ་ཐབས་ཀྱིས་ཇི་སྙེམ། །མཁྱེན་པས་འཕགས་པའི་བློ་ནུས་འདར་བགྱིད་པ། །སངས་རྒྱས་རྒྱ་མཚོ་གངས་ལྗོངས་ལྔ་རིག་མིག །གཅིག་བུར་དམ་བཅའི་བདག་མགྲིན་གཟེངས་སུ་མཐོ། །བློ་གཏེར་འདབ་བརྒྱ་ཡོངས་གྲོལ་ངག་ལ་དབང་། །ཆེས་ཐོབ་ཤེས་བྱའི་ཆོས་ལ་མཁྱེན་པའི་དཔལ། །རྣམ་མཁྱེན་རྒྱ་མཚོ་ལས་བྱུང་ཇི་ལྟ་བུའི། །ཚུལ་ངེས་ཟླ་ཟེར་རེག་བཞིན་ལག་པདྨོ། །མཐོ་རིས་འཛིན་པའི་རྣ་རྒྱན་ལེགས་བཤད་དབྱིག །གཞུང་བརྒྱ་ཐིག་ལེར་སྡུད་པའི་ཨ་དརྴ། །སྐལ་བཟང་བློ་མིག་སྤྱོད་ཡུལ་འདིའི་བྱེད་པོ། །བཞུགས་ཤིག་སྙིང་གི་གའུར་མཁྱེན་བརྩེའི་ལྷ། །སྔོན་བྱོན་མཁས་གྲུབ་བྱེ་བའི་ཨ་ག་སྟྱའི། །གཞུང་བཟང་བདུད་རྩིའི་ཞལ་སྐྱུང་གངྒའི་རྒྱུན། །བདག་བློའི་གདུང་བསིལ་སྦྱིན་པའི་སློབ་དཔོན་དུ། །ཕེབས་འདི་མངོན་འདོད་ཅན་མིན་སྐལ་བ་བཟང་། །ཕྱི་རུ་སྣང་དང་མི་སྣང་ཕྱེད་སྣང་བའི། །སྲིད་པ་རྨི་ལམ་གྲོང་ཁྱེར་ཉམས་དགའ་བདེར། །སྐྱོངས་དང་མ་ཡིན་རྟེན་དང་བརྟན་པའི་ཆོས། །རྟེན་ཅིང་འབྲེལ་འབྱུང་ནང་གི་རང་རྩལ་ཉིད། །ནང་དུ་འབྱུང་ལྔ་ཡེ་ཤེས་རྡོ་རྗེའི་ཁམས། །


ZP01_Page_494
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་མ་དག་ལ་དག་དག་པའི་རྒྱུད། །གཞི་འབྲས་ཉམས་སྣང་རྩ་རླུང་ཐིག་ལེའི་གནད། །ཡིན་མ་དག་ཆེན་གཞན་གྱི་བཀོད་པར་རྫོགས། །གཞན་ཏུ་ཡོངས་གྲོལ་གདོད་མའི་ཧེ་རུ་ཀ །སྣང་དང་སྟོང་དང་སྣང་སྟོང་ཟུང་དུ་འཇུག །ལྷུན་གྲུབ་ཐིག་ལེ་འོད་ལྔའི་བཀོད་རྔོགས་པ། །གཞིར་བཞེངས་ནང་དང་ཕྱི་ཡི་ཆོས་ཉིད་ཡིན། །ཕྱི་ནང་གཞན་གསུམ་དབྱེར་མེད་དེ་ཁོ་ན། །གཅིག་མིན་ཐ་དད་མ་ཡིན་གདོད་ནས་ཏེ། །བདེན་གཉིས་ཕྱོགས་སུ་ལྟུང་བའི་གཡོན་ཅན་ལ། །ཤེས་བྱའི་སྤྱི་ཁོག་ཁྲོལ་བ་ཇི་ལྟར་ཡོད། །མཉམ་པ་ཆེན་པོའི་གཤིས་ལ་གང་ཡང་གྲོགས། །སྒྱུ་མའི་རྣམ་རོལ་ཤེས་ན་སུ་ཡང་བདེན། །ཕྱི་ནང་རྟེན་འབྲེལ་འདིར་མཁས་གནས་ཀུན་གཅིག །བྱང་ཆུབ་སྤྱོད་ལ་ལམ་མིན་ཅི་ཞིག་ཡོད། །དེ་སླད་གནས་སྐབས་བླང་དང་དོར་བྱའི་མིག །མཐར་ནི་བདེན་གཉིས་དོན་ལ་སྦྱོར་བའི་གནད། །རིམ་བཀོད་རི་མོའི་རྣམ་འགྱུར་བརྒྱ་ཕྲག་གིས། །ཡིད་འོད་བློ་སྣང་སྦྱིན་གྱིས་དེང་གཟིགས་ཤིག །བསྐལ་པ་གང་ཞིག་སྒྲོན་མེ་རུ། །འགྱུར་བའི་ཁྱད་པར་སྟོན་པ་དང་། །བསྟན་པ་བྱོན་ལ་རག་ལས་ཕྱིར། །བསྟན་རྩིས་རྣམ་གཞག་ཅུང་ཞིག་བསྟན། །སྤྱིར་ནི་མདོ་དང་རྒྱུད་ལུང་གཉིས། །དང་པོའི་ཕྱོགས་ལ་བསྐལ་བཟང་དང་། །འདུལ་ལུང་ཕྲན་ཚེགས་ལོ་སྟོང་གནས། །སྙིང་རྗེ་པདྨ་དཀར་པོ་དང་། །ཟླ་བའི་སྙིང་པོས་ཞུས་པའི་མདོར། །ཉིས་སྟོང་རྡོ་རྗེ་གཅོད་པའི་འགྲེལ། །ལྔ་


ZP01_Page_495
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ཕྲག་ལྔར་བཤད་པ་དང་། །འབུམ་ཊིག་ལས་ནི་ལྔ་སྟོང་གསུངས། །དེ་ལ་དང་པོའི་དགོངས་པ་ནི། །གྲོལ་བ་ཐོབ་པ་ཤས་ཆེར་དགོངས། །གཉིས་པ་འབྲས་བུ་ལ་ཞུགས་དང་། །ལུང་ལ་སློབ་པའི་དབང་དུ་མཛད། །གསུམ་པ་ཕལ་ཆེར་ལྟ་བ་དང་། །སྒྲུབ་པ་མཐུན་དགོངས་བླ་མ་བཞེད། །འདིར་ནི་འབུམ་ཊིཀ་དབྱིག་གཉེན་ཞབས། །མཐུན་པའི་ལྔ་སྟོང་ཕྱེད་ཕྱེད་དུ། །བཅད་པའི་ལྔ་བརྒྱ་ཕྲག་བཅུ་ལས། །སྐྱེ་དགུའི་བདག་མོ་ལ་སོགས་པའི། །བུད་མེད་རབ་ཏུ་བྱུང་བའི་ཕྱིར། །ལྔ་བརྒྱ་ཐ་མ་རྟགས་ཙམ་འཛིན། །དེ་ལ་དང་པོ་འབྲས་བུའི་དུས། །ལྔ་བརྒྱ་ཕྲག་གསུམ་དང་པོ་ལ། །དགྲ་བཅོམ་པ་དང་ཕྱིར་མི་འོད། །མང་ལ་ཕྱིར་འོང་དག་ཀྱང་ཡོད། །གཉིས་པ་ཕྱིར་མི་འོང་མང་ཞིང་། །ཕྱིར་འོང་དག་ཀྱང་ཡོད་པའོ། །གསུམ་པ་རྒྱུན་ཞུགས་མང་གཞན་ཉུང་། །ལུང་གི་དུས་གསུམ་དང་པོ་ལ། །མངོན་པ་གཉིས་པར་མདོ་སྡེ་དང་། །གསུམ་པར་འདུལ་བ་འཛིན་པ་མང་། །སྒྲུབ་པའི་གསུམ་གྱི་དང་པོ་ལ། །ཚུལ་ཁྲིམས་གཉིས་པར་སེམས་དང་ནི། །གསུམ་པར་ཤེས་རབ་གཙོ་བོར་སྒྲུབ། །གཞན་དུ་ལུང་དང་སྒྲུབ་པ་གཉིས། །སྔ་ཕྱི་བརྗེ་བ་གྲགས་ཆེ་ཡང་། །སྒྲུབ་དུས་སྐྱོ་ཤས་ཆེ་ལྡན་ཞིང་། །ཐར་བར་འདུན་པ་ཙམ་མང་བས། །ལུགས་འདི་འཐད་པར་ཀུན་མཁྱེན་བཞེད། །དེ་ཡང་སྟོན་པ་ལྷུམས་ཞུགས་ལོ། །མེ་མོ་ཡོས་ལ་


ZP01_Page_496
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་བཟུང་ནས། །མེ་མོ་ཕག་ལ་མྱང་འདས་ཚུལ། །མངའ་རིའི་རྒྱལ་པོ་ཡོན་མཆོད་ཀྱི། །འདུན་སར་བཤེས་གཉེན་ཀུན་འཇོམས་ནས། །བརྩིས་པའི་རྣམ་གཞག་གཞན་པ་དང་། །བྷང་ག་ལ་ཡི་པཎྜི་ཏས། །བྱི་ལོ་དབྱར་འབྲིང་ལྷུམས་ཞུགས་ནས། །སྤྲེལ་ལོ་སྟོན་འབྲིང་ཚེས་བཅོ་ལྔར། །མྱང་འདས་བཤད་པའི་ལུགས་ལ་སོགས། །རྣམ་གྲངས་ཤིན་ཏུ་མི་མཐུན་ཏེ། །ལུགས་འདིར་རྟོག་དཔྱོད་ཞུགས་པ་ཡི། །དཔྱོད་ལྡན་མང་པོས་དུས་གཟེར་གྱི། །གནས་དང་གསུང་རབ་མདོ་བསྟུན་ལ། །གང་འདི་ཡིན་ནོ་གྲགས་པའི་ཕྱིར། །དོན་འགྲུབ་ས་ལུག་ཆུ་སྟོད་ཟླའི། །བཅོ་ལྔར་ལྷུམས་ཞུགས་ཕྱིན་གྱི་ལོ། །དེ་ལ་གཟུགས་ཁྲི་ལྕགས་སྤྲེལ་ལ། །ལུམ་བའི་ཚལ་དུ་བདག་ཅག་གི །སྟོན་པ་མཆོག་གི་སྤྲུལ་སྐུར་བཞེངས། །ཀླུ་ལག་གིས་དམན་ས་བྱི་ལ། །རབ་བྱུང་དྲང་སྲོང་རྒྱལ་མཚན་བཟུང་། །དུས་ཕྱི་རྒྱལ་བ་ཤིང་ཕོ་རྟར། །རྡོ་རྗེ་གདན་དུ་མངོན་བྱང་ཆུབ། །སྒྲ་གཅན་ཟིན་དང་དགའ་པོའང་བཙས། །གང་ནས་བདུན་ཕྲག་བདུན་གྱི་མཐར། །ཆུ་སྟོད་ཟླ་བའི་ཚེས་བཞི་ལ། །ཝཱ་ར་ཎ་སཱིར་ལྔ་སྡེ་ལ། །བདེན་བཞིའི་ཆོས་འཁོར་བསྐོར་བའི་ལོ། །གཟུགས་མིག་ཕྲི་བའི་ཤིང་ཡོས་ལ། །མུ་སྟེགས་བྱེད་ཀྱི་སྟོན་པ་དྲུག །ཆོ་འཕྲུལ་ཆེན་པོའི་མཛད་པས་བཏུལ། །དེ་ལ་དེ་ཉིད་ཕྲི་བ་ཡི། །དཔའ་བོ་ལྕགས་འབྲུག་ནག་པའི་ཉར། །དཔལ་ལྡན་འབྲས་སྤུངས་མཆོད་རྟེན་


ZP01_Page_497
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར། །དུས་འཁོར་གསུངས་དང་ལོ་དེ་ཡི། །ས་གའི་ཉ་ཡི་གུང་ཐུན་ལ། །རྩ་མཆོག་དྲུང་དུ་མྱ་ངན་འདས། །མཆོག་ཟུང་དགྲ་བཅོམ་མང་པོའང་ཞི། །གནས་ཚད་འདས་ལོའི་ཐོག་མར་འཁྲུད། །གཟུགས་དམན་ཁྱུ་མཆོག་ལྕགས་སྤྲུལ་ལ། །མ་སྐྱེས་དགྲ་ཡིས་ཡོན་སྦྱར་ནས། །བཀའ་བསྡུ་དང་པོ་བྱས་པ་དང་། །ཆོས་རྒྱལ་ཟླ་བ་བཟང་པོ་ཡིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ། །ཟུང་ཁྲི་ཉི་མ་ཆུ་ལུག་ལ། །ཟླ་བཟང་ལོངས་སྤྱོད་རྫོགས་སྐུར་བཞེངས། །གཟུགས་དམན་ཉི་སྒྲོལ་ཤིང་སྤྲེལ་ལ། །ཨོ་རྒྱན་སངས་རྒྱས་གཉིས་པ་འཁྲུངས། །ལྷ་དབང་ཉིད་ཀྱང་སྟོན་པར་བྱོན། །རྒྱལ་བས་སྦྱང་བའི་ས་སྤྲེལ་ལ། །དམ་པའི་རིགས་ཅན་དྲ་མ་ལྔར། །གསང་འཛིན་དཔའ་ངོས་ཆོས་འཁོར་བསྐོར། །ཨིནྡྲ་བོ་དྷི་བར་པ་ལ། །ཏནྟྲའི་གླེགས་བམ་བབ་ནས་ལོ། །མི་བདག་གིས་སྦྱང་ཤིང་བྱི་ལ། །རི་བོ་རྩེ་ལྔར་འཇམ་དཔལ་འཁྲུངས། །དབང་འབྱུང་གིས་སྦྱངས་ལུག་ལོར། །བསྡུ་བ་གཉིས་ཀའི་སྦྱིན་བདག་ནི། །རྒྱལ་པོ་མྱ་ངན་མེད་པ་བྱུང་། །དུས་མཚོ་མིག་སྦྱང་ཤིང་གླང་ལོར། །ཐེག་མཆོག་སྟོན་པ་དགའ་རབ་འཁྲུངས། །འདི་དུས་འབྲས་བུའི་བསྟན་པའི་སྒང་། །བསྡུ་བ་གསུམ་པའི་དུས་ཙམ་ན། །ཐེག་པ་ཆེན་པོའི་ཆོས་དར་ཡང་། །རྩོད་པ་ཅན་དུ་བགྱིད་པའི་སྐབས། །གྲུབ་ཆེན་ས་ར་ཧ་པ་བྱོན། །གོང་མར་དབང་འབྱུང་གིས་སྦྱངས་པའི། །དྲག་པོ་ལྕགས་སྤྲེལ་


ZP01_Page_498
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་སྒྲུབ་འཁྲུངས། །ཆུ་མཁའ་མིག་སྦྱང་ཤིང་སྤྲེལ་ལོར། །རིགས་ལྡན་གྲགས་པས་བསྡུས་རྒྱུད་བསྟན། །བུག་མཁར་རོས་ཕྲི་ཆུ་སྤྲུལ་ལོར། །ཕོ་བྲང་ཡུམ་བུ་བླ་མཁར་དུ། །ཐོ་རི་གཉན་བཙན་དོན་དགུའི་སྟེར། །གཉན་པ་གསང་བ་བབས་ནས་ལོ། །ཐོ་རི་གཉན་དང་འཕགས་ཡུལ་གྱི། །སློབ་དཔོན་དབྱིག་གཉེན་ཐོག་མཉམ་པས། །ཀླུ་སྒྲུབ་འབྱོན་ནས་དབྱིག་གཉེན་བར། །ལོ་གྲངས་བརྒྱད་བརྒྱ་ཐལ་བའི་ཁོང་། །ཀླུ་སྒྲུབ་སློབ་མ་ཤ་བ་རི། །འཕགས་པ་ལྷ་དང་དཔའ་བོའི་ཞབས། །ཐོགས་མེད་རིམ་པར་བྱོན་པ་ཡིན། །རྣལ་འབྱོར་བླ་ན་མེད་པ་ནི། །མངོན་མཚན་ཉིད་དུ་མི་སྤྱོད་ཀྱང་། །གྲུབ་ཐོབ་གྲགས་པ་ཆེ་བ་རྣམས། །ས་ར་ཧ་པ་བྱོན་པ་ནས། །ཐོགས་མེད་ཡན་ལ་རིམ་པར་བྱོན། །བོད་དུ་དམ་ཆོས་དབུ་བརྙེས་དེའི། །ལོ་ལ་རི་ཀླུ་མིག་སྦྱངས་པའི། །ལྕགས་འབྲུག་འབྲས་བུའི་དུས་གསུམ་རྫོགས། །ལུང་གི་དུས་ཀྱི་ཐོག་མར་སླེབ། །མཚོས་སྦྱངས་ཤིང་སྤྲེལ་བདེ་འབྱུང་གི །ཁྲི་ལ་རྒྱ་མཚོ་རྣམ་རྒྱལ་བཞུགས། །མ་གར་མུ་སྟེགས་བྱེད་བ་ཞུགས། །མེ་མཁའ་རྒྱ་མཚོའི་ཐོག་མ་ཡིན། །འབྱུང་བས་སྦྱངས་པའི་ས་གླང་ལ། །ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས། །འདི་དང་འཕགས་ཡུལ་སྨྲ་བའི་ཉི། །ཆོས་ཀྱི་གྲགས་པ་ཐོག་མཉམ་པས། །ཐོ་ཐོ་རི་ནས་སྲོང་བཙན་བར། །དབྱིག་གཉེན་སློབ་མ་ཕྱོགས་ཀྱི་གླང་། །སངས་རྒྱས་བསྐྱང་དང་ལེགས་ལྡན་འབྱེད། །


ZP01_Page_499
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀར་དབུ་མ་ངོ་བོ་ཉིད། །མེད་པར་སྨྲ་བའི་གཞུང་བཙུགས་ཤིང་། །ཤིང་རྟའི་ལམ་སྲོལ་གཉིས་སུ་ཕྱེས། །དེ་ནས་ཙནྡྲ་གོ་མི་དང་། །ཟླ་བ་གྲགས་པ་ཞི་བའི་ལྷ། །དཔལ་ལྡན་ཆོས་ཀྱི་གྲགས་པ་ཡན། །རིམ་པར་བྱོན་པའི་རགས་རྩིས་ལ། །བསླུ་བ་མེད་པ་འཕགས་ཡུལ་དུ། །རྒྱན་དྲུག་གམ་ནི་མཆོག་བརྒྱད་པོ། །ཀླུ་སྒྲུབ་མན་ནས་སྲོང་བཙན་ཡན། །བྱོན་པའི་རྣམ་བཞག་ཤེས་པར་བྱ། །སྲོང་བཙན་འཁྲུངས་པའི་ས་གླང་ལ། །རྒྱལ་བས་ཕྲི་བའི་ཆུ་གླང་ལ། །ལྷ་ལྡན་སྤྲུལ་པའི་གཙུག་ལག་བཏབ། །དེ་ལ་ཐུབ་པ་རིས་སྦྱངས་པའི། །ལྕགས་རྟར་ཁྲི་སྲོང་ལྡེའུ་བཙན་བལྟམ། །བུག་གཟུགས་ཀྱིས་དམན་ས་མོ་གླང་། །དུས་གསུམ་མཁྱེན་པ་པདྨ་འབྱུང་། །བོད་དུ་སྤྱན་དྲངས་བྱོན་པའི་ལོར། །མིག་དམན་ལྕགས་ཡོས་བསམ་ཡས་བཏབ། །རི་མེས་སྦྱང་བའི་ས་འབྲུག་ལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན་གཤེགས། །མི་བདག་གིས་དམན་ཤིང་སྤྲེལ་ལ། །སློབ་དཔོན་ཆེན་པོ་སྲིན་ཡུལ་གཤེགས། །ལག་པས་སྦྱངས་པའི་མེ་ཁྱི་ལ། །བྱེད་པའི་རྩིས་མགོ་ཐོག་མར་ཟུག །མཁའ་རོས་སྦྱང་བའི་མེ་ཁྱི་ལ། །དབོན་སྲས་རལ་པ་ཅན་དེ་འཁྲུངས། །འབྱུང་མེས་དམན་པའི་ལྕགས་བྱ་ལ། །དར་མས་བསྟན་པ་བསྣུབས་པའི་ལོ། །བསེ་རུས་དམན་པའི་ཆུ་ཁྱི་ལ། །དཔལ་གྱི་རྡོ་རྗེས་གླང་དར་བསྒྲལ། །དུས་རིས་སྤྱང་བའི་ས་


ZP01_Page_500
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་དེ། །ཕྱི་དར་ཐོག་མར་བཙན་པའི་ལུགས། །བསྟན་པ་སྔ་དར་ཕྱི་དར་གྱི། །བར་སྐབས་སྨྲྀ་ཏི་བོད་བྱོན་ཡང་། །ལོ་ཙཱ་མ་རྙེད་ཁམས་སུ་འཁྱམས། །དེ་མ་ཐག་པའི་སྐྱེ་བ་ནི། །སྔོན་གྱི་ལས་སད་པཎྜི་ཏ། །རོང་པ་ཆོས་ཀྱི་བཟང་པོ་དང་། །ཇོ་བོ་བྱོན་པ་ཐོག་མཉམ་པའི། །དེ་ཡི་སྔ་ཕྱི་ཅི་རིགས་པར། །ལྷ་རྗེ་ཟུར་པོ་ཆེ་ཆུང་དང་། །དམ་པ་སངས་རྒྱས་མར་མེ་མི་འཕྲོག །ལ་སོགས་མཁས་དང་གྲུབ་པ་མཆོག །མང་ཞིག་བྱོན་པའི་དུས་ཡིན་ཡང་། །འདུལ་བའི་བསྟན་པ་སྲངས་ཞན་པས། །དཱི་པཾ་ཀར་སྤྱན་དྲངས་ཤིང་། །ཕྱིས་ནས་ཁ་ཆེའི་བསོད་སྙོམས་པའི། །སྡོམ་རྒྱུན་རྣམ་དག་སྤེལ་བའི་དུས། །ལ་སོགས་གཞན་དུ་ཤེས་བྱ་སྟེ། །གཏན་ཚིགས་ཉིད་ནི་གཏན་ཚིགས་དང་། །བསྟུན་པ་ལས་གཞན་མངོན་ཤེས་ཀྱི། །དཔྱད་པའི་གནས་སུ་མ་གྱུར་ན། །དེ་དག་ལ་ཡང་ལོ་ཚིགས་དང་། །ཁམས་ལ་འགལ་བ་སྣ་ཚོགས་འདུ། །དེ་ཕྱིར་གྲགས་པ་བསྟན་པའི་རྗེས། །བསྐྱར་བློས་བྱ་བ་འཇིག་རྟེན་ན། །ཡོངས་སུ་གྲགས་པ་ཉིད་དང་བསྟུན། །འོན་ཀྱང་བསྟན་རྩིས་དོན་པོ་ནི། །བསྟན་པའི་གནས་ཚད་བརྟགས་པ་ནི། །གཙོ་བོར་ངེས་ཕྱིར་ཕྱི་དར་གྱི། །ཐོག་མ་ས་ཕོ་སྟག་གི་ལོ། །ཀླུ་མཚོས་དམན་པའི་མེ་སྟག་ལ། །མེ་མཁའ་རྒྱ་མཚོའི་འདས་ལོ་རྫོགས། །དེ་ལ་གཟུགས་དམན་མེ་ཡོས་ལ། །དུས་འཁོར་བོད་དུ་གདན་དྲངས་ཤིང་། །རབ་བྱུང་ཐོག་མའི་བགྲངས་གཞི་


ZP01_Page_501
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །མེ་བུག་ཕྲི་བའི་ལྕགས་བྱི་ལ། །མངོན་པའི་དུས་རྫོགས་མདོ་སྡེ་ཡི། །ཐོག་མ་ཉིད་དུ་རིག་པར་བྱ། །དེ་ལ་མཁའ་མཁའ་འབྱུང་བ་ཡིས། །དམན་པ་ལྕགས་སྤྲེལ་མདོ་སྡེའི་དུས། །རྫོགས་ཤིང་འདུལ་བའི་མགོ་ཚུགས་ནས། །ད་ལྟའི་རབ་ཡིད་ས་ཁྱི་འདི། །ཡན་ལ་འདུལ་བའི་རང་ཆ་ནས། །ཉིས་བརྒྱ་དང་ནི་བཅོ་བརྒྱད་འདས། །ལྷག་མ་ཉིས་བརྒྱ་གྱ་གཉིས་པོ། །རབ་བྱུང་བཅུ་དགུ་པའི་ནང་གི །རྣམ་གནོན་ལྕགས་འབྲུག་ཤར་ཚེ་རྫོགས། །དེ་ནས་བསྒྲུབ་པའི་གསུམ་པོ་ལ། །ལྔ་བརྒྱ་ཕྲག་གསུམ་སྦྱངས་པའི་མཐར། །རྟགས་ཙམ་འཛིན་པའི་ཐོག་མར་སླེབ། །རྟགས་ནི་བསྟན་པར་མི་ཐེའོ། །ཕྱིན་ཆད་བསྟན་པ་རྣལ་མ་ཡི། །ལྷག་མ་ཅི་ཙམ་ཡོད་ཅེ་ན། །སྟོང་དང་བདུན་བརྒྱ་གྱ་གཉིས་ཡོད། །འོན་ཀྱང་བསྟན་པའི་དར་ནུབ་ལ། །གཞིག་ན་སྔོན་གྱི་མཁན་པོ་ཡིས། །བཤད་པའི་བསྟན་རྩིས་རྣམས་ལ་ཡང་། །ཀླན་ཀ་རུད་བ་མ་ཡིན་ནོ། །དེ་ཕྱིར་སྐྱེས་བུ་ཤེས་ལྡན་རྣམས། །བསྟན་པ་རིང་བོར་མི་གནས་པར། །ནུབ་པའི་ཆོས་ལ་ལེགས་བསམ་ནས། །སྐྱོ་ཤས་བསྐྱེད་ལ་དམ་ཆོས་མཛོད། །རྒྱུད་དང་ཟབ་མོའི་མདོ་སྡེ་ལས། །གསུངས་པའི་བསྟན་པའི་གནས་ཚད་ནི། །ངེས་པའི་དོན་ཕྱིར་རབ་བྱུང་གི །རྟགས་དང་ཆོ་གས་མི་མཚོན་པས། །དེ་དག་འདིར་ནི་མ་བརྗོད་དེ། །ཐེག་པ་མཆོག་དང་གྲུབ་པའི་མཐའ། །རིན་ཆེན་མཛོད་དོན་ཁོང་


ZP01_Page_502
[མ་དཔེ་གཟིགས་ན་འདིར་གནོན།]

ཆུད་པའི། །སྐྱེས་བུ་དེ་ནི་བློ་གསལ་ཡིན། །དེ་ལྟར་དོན་བཟང་འཛམ་བུའི་གསེར། །ཕུལ་བྱུང་རྗོད་བྱེད་ཕྲས་མཛེས་པ། །ལེགས་བཤད་གོ་ལའི་རྣ་རྒྱན་གྱི། །བསྟན་རྩིས་ཇི་བཞིན་བཀོད་བྱས་ནས། །སླར་ཡང་ཉེར་མཁོ་མུ་ཏིག་གི །དོག་པ་ཡིད་འོང་ལྟ་བུའི་ངག །ཚིག་གི་སྲད་བུས་ལེགས་སྤྲེལ་ནས། །འདོར་བྱེད་གྲངས་ཀྱི་ཆུན་འཕྱང་བྱ། །དཔལ་ལྡན་གཉིས་སུ་མེད་པའི་རྒྱུད། །ཟུང་འཇུག་དུས་ཀྱི་འཁོར་ལོ་ལས། །དུས་བཞིའི་རིམ་པ་ཆེ་ཆུང་གཉིས། །བཤད་པའི་ཆེ་བ་གྲུབ་རྩིས་སུ། །རྣམ་དག་གཏན་ལ་ཕབས་པ་ལྟར། །སྔོ་ཆད་འདས་དང་སླར་འབྱུང་འགྱུར། །བགྲང་བྱ་རྣམ་གྲངས་ཡང་དག་པ། །གཉིས་བསྡོམ་དུས་བཞི་ཆེན་མོའི་ཚད། །སྟོང་འཇུག་གནས་པའི་ལོ་ཚོགས་ཡིན། །ཆུང་ངུ་རྒྱུད་ཀྱི་བསྟན་རྩིས་ཏེ། །བསྟན་པ་སྔ་དར་ཕྱི་དར་གཉིས། །གཉིས་ཀ་དུས་བཞི་ངེས་པ་ལས། །སྔ་དར་ཐོག་མ་ལྷ་དང་མིའི། །སྟོན་པས་རྩ་རྒྱུད་བསྟན་ནས་ལོ། །འདས་ལ་མ་འོང་ལོ་འདིའི་མཚམས། །རིགས་ལྡན་དྲག་པོ་འཁོར་ལོ་ཡིས། །ཀླ་ཀློར་བཅད་ནས་ཕྱི་དར་གྱི། །དབུ་བཟུང་བསྟན་པ་འདི་སྙེད་གནས། །བསྡམས་པའི་ལྷོ་ཡི་དུམ་བུར་འདིར། །དུས་འཁོར་བསྟན་པ་གནས་ཚད་དེ། །དེང་སང་བསྟན་པ་སྔ་དར་གྱི། །རྫོགས་ལྡན་སུམ་ལྡན་གཉིས་ལྡན་དང་། །རྩོད་པའི་དུས་ཀྱི་ལོ་གྲངས་འདས། །རྩོད་དུས་ལྷག་མ་འདི་སྙེད་དོ། །སྟོན་


ZP01_Page_503
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྩ་རྒྱུད་བསྟན་པའི་ལོ། །དེ་ནས་གསུམ་འདས་ཆུ་ལུག་ལ། །ཟླ་བཟང་ལོངས་སྤྱོད་རྫོགས་སྐུར་བཞེངས། །དེ་ནས་ལོ་གྲངས་བརྒྱ་ཕྲག་རེར། །ཆོས་རྒྱལ་དྲུག་གིས་ཀཻ་ལ་ཤར། །རྩ་རྒྱུད་བསྟན་ཏེ་རིམ་པར་བྱོན། །ལྷ་ཡི་དབང་པོ་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །རིམ་བཞིན་རྒྱལ་སར་ཕེབས་ནས་ལོ། །དེ་ནས་ཤིང་ཕོ་སྤྲེའུའི་ལོ། །འཇམ་དཔལ་སྤྲུལ་པ་རིགས་ལྡན་གྲགས། །རྒྱལ་སར་བྱོན་ནས་བསྡུས་རྒྱུད་བསྟན། །དེ་འདས་མིག་དམར་ཤིང་བྱིའི་ལོ། །སྤྱན་རས་གཟིགས་སྤྲུལ་པདྨ་དཀར། །རྒྱལ་སར་ཕེབས་ནས་བསྡུས་རྒྱུད་ཀྱི། །འགྲེལ་ཆེན་དྲི་མ་མེད་པའི་འོད། །ཚིགས་བཅད་སྟོང་ཕྲག་བཅུ་གཉིས་བརྩམས། །ལོ་བརྒྱར་བཞུགས་རྗེས་རིམ་པ་བཞིན། །གཤིན་རྗེ་མཐར་བྱེད་བཟང་པོ་དང་། །ས་སྙིང་སྤྲུལ་པ་རྣམ་པར་རྒྱལ། །རྨུག་བྱེད་སྤྲུལ་པ་བཤེས་གཉེན་བཟང་། །སྒྲིབ་སེལ་སྤྲུལ་པ་རིན་ཆེན་ཕྱག །ཁེངས་བྱེད་སྤྲུལ་པ་ཁྱབ་འཇུག་སྤས། །ནམ་སྙིང་སྤྲུལ་པ་ཉི་མ་གྲགས། །བགེགས་དགྲའི་སྤྲུལ་པ་ཤིན་ཏུ་བཟང་། །རིམ་བཞིན་རྒྱལ་སར་ཕེབས་ནས་ལོ། །ཤིང་སྤྲེལ་ཕྱག་ན་རྡོ་རྗེ་ཡི། །སྤྲུལ་པ་རྒྱ་མཚོ་རྣམ་པར་རྒྱལ། །ཁྲིར་ཕེབས་བརྒྱ་དང་གྱ་གཉིས་བཞུགས། །དེ་སྲས་གཤིན་རྗེ་མཐར་བྱེད་ཀྱི། །རྣམ་རོལ་རྒྱལ་དཀའ་ཁྲིར་ཕེབས་ནས། །ལོ་གྲངས་ཉིས་བརྒྱ་ཉེར་གཅིག་བཞུགས། ཡབ་


ZP01_Page_504
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་གཉིས་ཀྱི་སྐུ་ཚེའི་ཚད། །བསྡམ་ལ་མེ་མཁའ་རྒྱ་མཚོར་གྲགས། །དེ་འོག་རབ་བྱུང་མེ་ཡོས་ལ། །དུས་འཁོར་གངས་ཅན་ལྗོངས་སུ་ཕེབས། །ས་སྙིང་སྤྲུལ་པ་ཉི་མ་ཡིས། །ཤམ་བྷ་ལ་ཡི་རྒྱལ་སྲིད་བཟུང་། །ལོ་བརྒྱ་བཞུགས་རྗེས་རིམ་པ་བཞིན། །རྨུག་བྱེད་སྤྲུལ་པ་སྣ་ཚོགས་གཟུགས། །སྒྲིབ་སེལ་སྤྲུལ་པ་ཟླ་བའི་འོད། །ཁེངས་བྱེད་སྤྲུལ་པ་མཐའ་ཡས་དང་། །ནམ་སྙིང་སྤྲུལ་པ་ས་སྐྱོང་བ། །བགེགས་དགྲའི་སྤྲུལ་པ་དཔལ་སྐྱོངས་དང་། །ཕྱག་རྡོར་སྤྲུལ་པས་སེང་གེ་ཉིད། །གཤིན་རྗེ་མཐར་བྱེད་རྣམ་པར་གནོན། །ས་སྙིང་སྤྲུལ་པ་སྟོབས་པོ་ཆེ། །ཁྲིར་ཕེབས་ཕྱིན་གྱི་ལོ་གྲངས་ཡིན། །ད་གཟོད་ལོ་གྲངས་འདི་དག་ནས། །རིམས་བཞིན་རྨུག་བྱེད་མ་འགགས་པ། །སྒྲིབ་པ་རྣམ་སེལ་མིའི་སེང་གེ། །མཁའ་སྙིང་སྤྲུལ་པ་དབང་ཕྱུག་ཆེ། །བགེགས་དགྲའི་སྤྲུལ་པ་མཐའ་ཡས་དང་། །ཕྱག་རྡོར་དྲག་པོ་འཁོར་ལོ་ཅན། །ཁྲིར་ཕེབས་རིགས་ལྡན་ཕྱི་མ་འདིས། །དགུང་གྲངས་གོ་བདུན་ཐོག་ཕེབས་ནས། །འཛམ་བུའི་གླིང་འདིར་ཀླ་ཀློའི་དཔུང་། །བཅོམ་ནས་སླར་ཡང་རྫོགས་ལྡན་འཆར། །རབ་བྱུང་ཐོག་མའི་བགྲང་གཞི་ནི། །དུས་འཁོར་བོད་དུ་ཕེབས་ནས་ཏེ། །རབ་བྱུང་བརྒྱད་པའི་ཐོག་མ་རུ། །མཁས་ཀུན་རྩེ་མོ་ཕུག་པ་བས། །པདྨ་དཀར་པོའི་ཞལ་ལུང་བརྩམས། །དེ་ནས་རབ་བྱུང་བཅུ་གཅིག་པའི། །བློ་ངན་ལྕགས་མོ་བྱ་ཡི་ལོར། །ལྔ་རིག་གནས་ལ་འཕགས་པ་ལྟའི། །


ZP01_Page_505
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་མངའ་ཆོས་དཔལ་རྒྱ་མཚོའི་སྡེས། །ཕུག་ལུགས་རྩིས་ཀྱི་བཅུད་བསྡུས་པའི། །ལེགས་བཤད་ཉིན་བྱེད་སྣང་བ་བརྩམས། །རབ་བྱུང་བཅུ་གཉིས་ཐོག་མ་རུ། །སྤྱན་རས་གཟིགས་དབང་སྙིང་རྗེའི་ལྷའི། །རྣམ་རོལ་རྒྱལ་པོ་པཎྜི་ཏ། །ལྷ་ཅིག་སངས་རྒྱས་རྒྱ་མཚོ་ཡིས། །པད་དཀར་ཞལ་ལུང་མ་བུའི་དོན། །མ་ཉམས་རྩིས་སྐོར་གཙོར་བཏོན་པའི། །ཚིག་ཙམ་མ་ཡིན་སྔོན་མེད་ཀྱི། །ལེགས་བཤད་བཻ་ཌཱུར་དཀར་པོ་བརྩམས། །རྒྱལ་བ་ཤིང་རྟ་ཉིན་སྣང་གི །རྩིས་འགོ་གསར་སྤོས་དཔྱད་གསུམ་གྱི། །གཞུ་བཏུལ་རང་བཞིན་དག་པའི་གསེར། །ཟོལ་མེད་ཆེ་བ་ངོམས་ཕྱིར་བྱས། །ཡོངས་འཛིན་ཆུ་བྱིར་ངེས་ལེགས་པས། །མཚུར་ཕུག་རྩིས་ཀྱི་གནད་བསྡུས་པའི། །རྩིས་གཞུང་ཉེར་མཁོ་བུམ་བཟང་གི །རྩིས་འགོ་བཟུང་བ་ཕྱིན་གྱི་ལོ། །རབ་བྱུང་འདོད་པའི་ཆུ་ཡོས་ལ། །མཁྱེན་པའི་གཏེར་མཛོད་མཁྱེན་བརྩེའི་ལྷས། །ནམ་མཁའ་བརྟགས་པ་སྐར་མའི་གཏམ། །སྒོམ་བྱུང་ཤེས་རབ་རྩལ་གྱིས་བརྩམས། །དེ་ལྟར་བྱུང་དང་འབྱུང་འགྱུར་ལོ། །རྣམ་གྲངས་རི་མོའི་ལམ་ནས་དྲངས། །ཉམས་འགྱུར་ཤོག་བུའི་དོ་ར་ན། །ངོམ་ལ་ཨང་གཟུགས་སྨིན་མའི་འཕྱོར། །འབྲུ་ཚུགས་སྐད་མེད་ལྡེམ་བས་ཅན། །དོན་བཟང་ནུ་མའི་ཁུར་ལྕི་བས། །ནོན་ལ་ངལ་བ་མི་སེམས་པར། །བློ་གསལ་ཡིད་ལ་ཟློས་གར་རྩེ། ༈ །དུས་གསུམ་


ZP01_Page_506
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་དངོས་པོ་མ་ཡིན་ཀྱང་། །ཡིད་ཀྱི་མེ་ལོང་ཕྱིས་པའི་དྭངས་ཤེལ་ལ། །འདས་དང་མ་འོངས་སྣང་བ་འབུམ་བགྲག་པའི། །རྩིས་གཞི་བར་པར་འོས་པ་ད་ལྟའི་ལོ། །སུམ་རྩེན་མེ་ཏོག་རྒྱས་པའི་སྐྱེད་ཚལ་ལ། །འཁུ་ལྡན་སྐལ་བཟང་ཐུབ་པས་དགེ་བྱས་པས། །མཁས་དང་མཁས་འོས་སྐྱེ་བོ་མང་བརྟེན་པའི། །ལེགས་སྦྱར་ལྷ་ཡི་སྐད་དུ་བི་ལམ་བྷི། །གསེར་ཞུན་ལོང་ཚེས་བྲིས་པ་འཇམ་པའི་ལྷས། །བསྐྱངས་བྱས་རྩིས་རིགས་མ་དྲོས་འཁྱིལ་པའི་འཇིང་། །རྒྱ་ནག་སྨྲ་བའི་དབང་པོས་ཞུ་ཟུལ་གླེང་། །ཚེག་སྒྲ་ཏོག་ཡར་དུས་མཐའི་མེས་བཟུང་བའི། །འཇིགས་འོས་རྡོ་རྗེ་གདེངས་པས་ཡིད་སྲུབ་མགོ །འགེམ་མཛད་འཁོར་ལོ་སྡོམ་འགྲེལ་སེམས་དཔའ་ཆེའི། །རྗེས་འབྲང་མཁས་པའི་ངག་ན་རྣམ་པར་འཕྱང་། །གློག་ཕྲེང་གངས་རིའི་རྭ་བར་དཀྲིས་པའི་འཛུམ། །མཆེ་བཟང་ནོར་གྱི་སྲུང་མར་ནོར་འཛིན་མས། །སྣ་ཚོགས་དབྱིག་བརྒྱའི་བང་མཛོད་ལྕི་བཞིན་དུ། །དབང་ཐང་སྐལ་བར་མཛད་བྱས་ས་ཕོ་ཁྱི། །དེ་སྲོག་གཞན་གྱིས་མ་ཡིན་གསེར་ལྡན་མས། །ཡིད་འོང་གླིང་བཞི་ཕྲ་ཚོམ་བཟུང་བྱས་ན། །བརྗིད་བག་རི་དབང་ལྷུན་པོའི་སྲ་བརྟན་ལ། །བརྟེན་གྱུར་རླུང་ལྷའི་བང་ན་རྣམ་པར་གནོན། །གནས་དང་ཆགས་བྱུང་སྲིད་པའི་ཀ་རྐཊ་ས། །དེ་འདུས་མཆིན་པའི་རྩ་ལས་ལེགས་བསྐྱེད་པའི། །འབིགས་བྱེད་ཚེར་མ་རྣམ་འཛིན་གསེར་ཞུན་མདངས། །བྱུ་རུའི་འབྲས་བཟང་


ZP01_Page_507
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་འོས་སྐྱེར་བའི་ཤིང་། །དབྱིག་འཛིན་ཕྲག་པ་དོག་པས་གེགས་བྱས་པས། །སྲོག་དབང་སྐལ་བས་དབུལ་གྱུར་འབྱུང་བ་གཞག །ཁྲོས་སམ་སྐྱེངས་པ་ཅི་ཆ་ཁ་ཡན་དུ། །བྲོས་ངེས་མིང་ཙམ་བརྟགས་ན་ཐེ་ཇི་ཚོམས། །མི་ཟད་རྣོ་རྒྱུན་འབབས་པའི་སྲ་རྡུལ་གྱིས། །ཐོགས་མེད་གང་ཡང་གཅོད་བྱེད་ལྕགས་ཀྱི་ཀླུང་། །སྒྱུ་རྩལ་རྩེད་མོས་གཡེངས་པའི་རྣམ་འགྱུར་བརྒྱ། །ངོམས་མཁས་ཡལ་གའི་རི་དྭགས་དེ་ལ་བརྟེན། །གླིང་དབུས་རྟ་གདོང་བྱིན་ཟའི་དགུ་དཔལ་གྱིས། །ནལ་མའི་ཁྱིམ་ཤིང་མེ་བདུན་བསྐལ་བས་གདུང་། །ལྷ་བརྒྱད་བཀྲ་ཤིས་རླུང་གིས་བཏེག་པ་ལས། ལྷོ་མེ་གྱོད་ཀྱི་དུ་བ་རྣམ་བཞི་འཚུབ། །ས་ན་དཔལ་གྱི་ཉིན་བྱེད་དྲུག་འབར་ལས། །རྣམ་ལྡན་མྱ་ངན་སྡུག་གི་མཚོས་ནོན་ཞིང་། །གནམ་ཐེག་ནམ་དུ་ཡལ་བའི་རྟེན་འབྲེལ་གྱིས། །རྒུར་པོའི་མཚོ་ཆུང་གསེར་གྱི་མེ་ཏོག་ལྔ། །གནམ་སའི་བུ་ཆེན་མཐིང་གི་ཐིག་ལེས་མཛེས། །གསེར་ཞུན་བྱུགས་པའི་མཛེས་པའི་བཞིན་རས་ཅན། །མ་རྒད་ལང་ཚོ་ཕྲོག་པའི་ལ་ཐོད་ཀྱིས། །ངོམས་མིན་ཟླ་བ་བཏགས་པའི་སྐ་རགས་དང་། །བྱུ་རུའི་ཐིག་ཕྲེང་འཛིན་པ་བཞི་ལྡན་ལོ། །བརྡའ་བཤད་སྟག་རྣ་ཆེན་མོར་བཅུ་གཉིས་ལོའི། །འབྲས་བུ་གཏན་ལ་ཕབ་པའི་བཅུ་གཅིག་པར། །ས་བདག་བློན་གནས་སྔ་ཐན་ཕྱི་ཞོད་ཆེ། །ལོ་ལེགས་གྲོ་ནས་རྒྱལ་ལ་སོ་ཟར་ཕམ། །ཇུ་ཙེ་འབྲིང་སྐྱེ་འཁོན་མང་ར་གནག་ངན། །ནུབ་བྱང་


ZP01_Page_508
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུགས་ལ་ལོ་ཕུང་ལེགས་ཞེས་གསུང་། །སྟག་རྣ་ཆུང་བའི་དྲུག་ཅུའི་ལོ་འབྲས་ལས། །ས་ཁྱི་ས་བདག་མིར་གནོད་སྔ་ཐན་དང་། །ནང་འཁྲུགས་འོང་གསུང་མདོ་སྡེ་གསང་བ་ལས། །རྣམ་བྱང་ས་ཁྱི་གནགས་འབྲིང་དཀར་མོ་ཤི། །ས་རླུང་ཆེ་ལ་སད་འབྱུང་འཁྲུགས་ཡམས་དང་། །ནད་འོང་དཀར་ཤི་རྒྱལ་ཁྲིམས་ཉམས་ཞེས་གསུང་། །དྲང་སྲོང་ཆེན་པོ་བླ་མས་བཤད་པ་ལས། །སྐྱེ་བོའི་ནོར་རྣམས་རྒྱལ་འཕྲོག་ཆོམ་རྐུན་མོད། །ནོར་འབྲུ་རིན་ཐང་འབྲིང་ཙམ་འཇལ་ལེན་བྱེད། །ཞེས་གསུངས་དུས་བསྟན་མེ་ལོང་ལོ་བཤད་ནས། །རྣམ་འཕྱང་ལོ་ཕྱུག་གཉིས་ཀ་ངན་ཞེས་གསུང་། ༈ །གྲུབ་པའི་ལོ་གཟའ་བདུད་རྩིའི་འོད་དཀར་ཅན། །ལེགས་བྲིས་ལམ་ལས་འོང་བའི་མཁའི་གླང་པོས། །བསིལ་སྦྱིན་བདུད་རྩིའི་ཆར་པ་ཆེར་འབེབས་ཤིང་། །འཛིན་མའི་བཞིན་རས་བཀྲུས་པའི་དགེ་མཚན་གྱིས། །འབྲས་བུ་ཁུར་ལྕིས་དུད་པའི་རྩི་ཤིང་ལོ། །གཡུར་ཟ་རྐང་གཉིས་དགའ་བའི་དགའ་སྟོན་བྱེད། །རྩི་ཐོག་བཅུད་བརྒྱས་རྒྱག་པའི་འདོད་འཇོའི་སྡེ། །ཡིད་འོང་འོ་འཛིན་རྒྱས་པའི་བང་མཛོད་ནས། །དུས་གསུམ་གཏན་པ་མེད་པའི་སྦྱིན་སྒོ་དབྱེ། །རབ་དགའ་མཐོ་རིས་གཉིས་པའི་སྐྱེད་ཚལ་ན། །རྣམ་བདུན་འགྱུར་བ་ངེས་པའི་གླུ་ལེན་ཞིང་། །སིལ་ཁྲོལ་དཀྲོལ་དང་འབུད་དང་ཕང་འཛིན་གྱི། །རྣ་བའི་བདུད་རྩི་བསྒྲུབས་ཤིང་རྗེ་རིགས་འབྱོར། །ལོ་སྐར་ལྷ་ཡུལ་ལྷ་མོ་འཚོ་བ་སྐྱེས།


ZP01_Page_509
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཏིག་དོག་པ་འཐོར་ལྟའི་ཆར་འབེབས་ཤིང་། །བྱང་གླིང་ས་ལུའི་ཁེངས་པ་ཉམས་བྱེད་པའི། །རོ་བརྒྱ་རྒྱས་པའི་འབྲས་ཚོགས་སྙེ་མའི་རྒྱན། །སྲིད་པའི་ཁྲོ་རྒྱུན་ཆད་ལྟ་གཅིག་ལ་གཅིག །མཛའ་གཅུག་དར་གྱིས་སྤྲེལ་བའི་གཡར་དམ་ལ། །གཅོས་མིན་སྙིང་གི་མདུད་པ་བྱས་པའི་རྒྱ། །འཛིན་པའི་དགའ་བདེ་སྤྱོད་ལ་ངོམས་པ་མེད། །བྱེད་པའི་ལོ་བདག་དྲང་སྲོང་མཐོ་རིས་ཐོབ། །འབྱོར་ལྡན་མཆོད་སྦྱིན་དག་པའི་འབྲས་སྐྱེད་ཅིང་། །བསྡགས་འོས་ཡོན་ཏན་ཕུང་པོའི་སྒྲ་གསངས་ཀྱིས། །སྤྲིན་སྒྲའི་དྲེགས་པ་རྒོལ་བའི་ལེགས་བྱས་ལ། །སུམ་རྩེན་རབ་དགའ་རྒྱས་པས་འཇིག་རྟེན་སྐྱོངས། །འཚོ་བྱེད་རྩི་ཤིང་བཅུད་རྒྱས་རྒྱས་པའི་དཔལ། །གསོ་བྱ་རྐང་བཞི་རྒྱག་པའི་མངའ་ཐང་བྱེད། །ཤེས་བྱ་རིག་ལམ་སྟོང་གི་སྣང་བ་ལ། །ཤེས་ལྡན་སྐལ་བཟང་བུང་བས་རྩི་བཞིན་རོལ། །དབུས་སྨེ་དགུ་དམར་གདུག་པའི་མེ་དཔུང་གིས། །རྒྱལ་རེགས་དྲེགས་པས་རྒྱགས་དང་རྒན་བྱིས་གདུང་། །འབྲས་བཟང་ལང་ཚོའི་གཡུར་བའི་སྙེ་ཕུང་ལ། །བཙའ་དམར་མཚམས་སྤྲིན་རྐུན་པོས་འཇབ་བུ་བྱེད། །རི་སྲས་ལྷ་མོས་འཁྱུད་པ་འབུམ་བྱིན་པས། །བདེ་བའི་རོལ་མོས་ཡང་དང་ཡང་དགྱེས་བ། །འཛུམ་མིག་ཟུར་གྱིས་དམར་བ་ལྷ་ཆེན་པོའི། །གསང་གཏམ་སྭ་རོ་དྷ་ཡི་ལེགས་བཤད་ལས། །སྤྱི་ནས་གནམ་གྱི་བདུད་རྩིས་དབང་བསྐུར་ཞིང་། །


ZP01_Page_510
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་བྱང་དབུས་ཀྱི་སྐྱེ་བོའི་དོ་ཀེར་གྱིས། །བཏུད་བྱས་དྲེགས་པའི་ཞབས་རྡུལ་བརྟེན་འོས་པ། །གདོད་ལྔའི་ཁྱི་འཕངས་ཡངས་པའི་འཁོར་ལོའི་འབྲས། །བདུད་རྩིའི་འོད་འཛིན་སྣོན་གྱིས་ཟླ་བའི་དུས། །དབུས་ཕྱོགས་ས་ལ་དབང་བྱས་སྐྱེ་བོའི་ལྷ། །མངའ་ཐང་ཡར་ཟླ་འགྲན་ལ་དེ་ཁྲོས་ལྟའི། །རྒྱལ་ཕྲན་མཛའ་བ་མིན་པའི་གླེང་གཞི་སློང་། །གདུག་བྱེད་གཤིན་རྗེའི་གནས་པ་འཛིན་པའི་ཕྱོགས། །ཉེས་ཙམ་བགྱི་བ་མང་འགྲོགས་མཁས་པའི་གཏམ། །ལེགས་བཤད་གཟུགས་སུ་གྲུབ་པ་པུསྟ་ཀས། །བཏང་བྱས་ཐ་སྐར་ཅན་བར་མཛའ་མི་སྟེར། །མཐུན་པ་ཆོས་ཀྱི་བྱིན་པའི་དེ་མ་ཐག །དབྱིག་མཆོག་ཕྲག་པ་དོག་ལྟར་བུམ་བརྒྱ་སྐྱེས། །དེ་ན་མཛོད་བརྒྱའི་སྙིང་པོ་བགྱིད་མིན་ཞེས། །ཁྲོ་ལྡན་དབུས་ནུབ་དུམ་བུར་སོང་བ་བཞིན། །ལུགས་གཉིས་ལམ་མཐུན་ངེས་བགྱིད་ལྷ་མིའི་ཆོས། །སྔར་ཞིག་མཛའ་བར་མ་བྱས་དེ་སྐྱེངས་ལྟའི། །ལྷག་པར་དེ་ན་འཕེལ་དེ་ལྷོའི་དུམ་བུར། །ཆུ་ཤེལ་དབང་པོ་རྒྱལ་གྱིས་ཉ་ཚེ་ཡིན། །འཛུལ་མིག་རི་དྭགས་ལྟ་བུའི་ཟུར་གཡོས་པས། །ལང་ཚོའི་མེ་ཏོག་འབུལ་ལ་གཙང་མའི་ཟླར། །དབུས་སྐྱེས་རྒྱལ་རིགས་དྲེགས་པའི་ཁྲི་དྲུང་ན། །སྨིན་ལེགས་སྟོང་གི་འདུ་བ་རྒྱུན་མི་འཆད། །དུག་ཐག་འོད་བརྒྱ་རྣོན་པོའི་ཚ་དཔལ་ལ། །གདུང་བསིལ་སྐྱོབ་པ་སྦྱིན་པའི་གྲིབ་མ་ཅན། །ཕྱོགས་གསུམ་ས་སྐྱོང་འགྱིང་བའི་སྤྱི་བོ་རུ། །བརྟེན་འོས་གདུགས་ཀྱི་འཁོར་ལོ་


ZP01_Page_511
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པའི་གཏམ། །བསོད་ནམས་བཅུད་བརྒྱའི་རྒྱས་པའི་མངའ་ཐང་ཅན། །གང་ཡང་རྟག་པ་མིན་པ་ལྟ་ཅི་སྟེ། །གསལ་ལྡན་དྲང་སྲོང་གིས་བཟུང་དབུས་དང་ནུབ། །བདེ་སྐྱིད་དཔལ་མོའི་མེ་ཏོག་ཁྱད་པར་དར། ༈ །སྡེ་བཞིའི་ལང་ཚོ་དར་བབས་དགེ་བ་བཅུས། །དཔུང་པས་ས་ཆེན་ལེགས་སྐྱོངས་མིའི་ཚངས་པས། །བརྟེན་བྱས་རྒྱལ་པོའི་ཕོ་བྲང་ལྷུན་གྲུབ་སྟེང་། །དབུས་བྱས་རུ་སྦལ་འཁོར་ལོ་བརྟགས་པའི་འབྲས། །སྒྲིབ་བྲལ་ལྷ་ལམ་དྭངས་པའི་མཐིང་འོད་དང་། །འགྲོགས་ལྡན་ཉིན་མོར་བྱེད་པའི་འོད་རྣོན་གྱིས། །ཡང་ཡང་འཛིན་མའི་གཞི་ལ་རེག་བྱས་པས། །སྤྲིན་ཆར་སྨོན་པའི་འོས་གྱུར་ཡུལ་གྱི་དབུས། །འཆི་མེད་འབྱོར་དགུ་ས་ལ་འོངས་སམ་ཅི། །རྫོགས་ལྡན་དཔལ་སྤྱོད་སྐྱེ་དགུའི་འདི་སུ་ཞིག །གང་ཡང་ལེགས་བྱས་འབྲས་བུ་དེངས་བྱས་ཞེས། །ཕུན་ཚོགས་དཔལ་བརྒྱ་ངེས་པར་བཟུང་བ་ལྷོ། །གཏམ་ལ་གོམས་པའི་འབྲས་བཟང་ཉམ་ཆུང་ལས། །མགྲིན་པར་རོ་བདེ་སྦྱིན་པ་ཕྲ་གྱུར་བ། །སྐེམ་པའི་ལུས་ལྡན་རུས་ཚུགས་ངོམ་བཙུན་པ། །དུས་ཀྱིས་དཀའ་ཐུབ་བྱིན་པ་ལ་གནས་ནུབ། །གཏུམ་ལྡན་མེ་རྫས་སྦྱོར་བའི་སྒྲ་གདངས་དང་། །འཇིགས་རུང་དུད་སྤྲིན་ལ་གནས་ཐོག་མདར་བཅས། །བསྲུང་འཇོམས་གོ་མཚོན་སྟོང་གི་འོད་སྔོན་ཅན། །དབའ་གཏུམ་རལ་ཁ་འཁྲིགས་པ་དབང་ལྡན་ཕྱོགས། ༈ །


ZP01_Page_512
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་པོས་བལྟ་བ་འཐབ་པ་སྤངས་པ་ལས། །གང་དུ་གནས་བྱས་ལྗོངས་དང་ཡུལ་གང་ཟག །གང་ཡང་འཇོམས་པ་མཐོང་བ་མ་ཡིན་པས། །ལེགས་བརྟགས་ཕན་ཚུན་ཆེན་པོའི་འཁོར་ལོ་དགེ། ༈ །དེ་ལྟར་འགྲོ་འོང་སྤྱིར་གཙོ་བརྗོད་པའི་འོས། །དཀར་ནག་རྩིས་རིག་རྒྱ་མཚོ་བསྲུབ་པའི་སྐྱེས། །སྙན་ངག་ཚིག་གི་མཛེས་བྱས་ནོར་བུའི་རྒྱན། །བློ་གསལ་རྣ་བའི་རྒྱན་དུ་དཔྱང་བ་ཡིན། །ཞག་གསུམ་ཕྲ་བའི་གནས་ལ་མ་འདྲེས་པར། །སྤྱོད་པའི་དྲང་སྲོང་བདུན་དང་རྒྱུ་བའི་ལྷ། །འཇིག་རྟེན་བདེ་སྡུག་སྦྱིན་པའི་སྐབས་འབྲས་ཅན། །སྤང་བླང་གནས་སུ་འོས་པ་དུ་མ་ཞིག །མིག་སྨན་རྡུལ་ཁམས་འཛིན་པའི་གཎྜིའི་ངོས། །སྲིད་པའི་གཟུགས་བརྒྱ་མཐོང་བའི་རྣམ་འགྱུར་ལ། །བྲི་སྣུབ་མཛུབ་མོས་རིགས་པ་འབུམ་བྱིན་པའི། །གྲུབ་འབྲས་རི་མོའི་རྣམ་པ་བལྟ་འོས་པ། །མཚམས་སྤྲིན་ཞུན་གྱི་བྲིས་ལྟའི་རེ་ཁ་ན། །སྟང་ཟིལ་རི་མོ་བཀོད་པའི་ཚོམ་བུ་ཅན། །སུམ་ཅུའི་སྡེ་ཚན་ཚིགས་སུ་བཅད་པའི་གཟུགས། །སྐལ་བཟང་མཐོང་བའི་ཡུལ་དུ་དག་གདོང་བཀྲམ། །སྲིད་དང་ཞི་བ་གཉིས་སུ་མེད་པའི་དངོས། །སྒྱུ་མའི་ཡེ་ཤེས་མཐོང་བ་དག་པའི་སྤྱན། །མཚན་རྟོག་རི་མོ་ནུབ་པ་ཡོད་ཀྱི་བར། །ཀུན་རྫོབ་རྟེན་འབྲེལ་གནད་འདི་བསླུ་བ་མེད། །དེ་སླད་སྔོན་བྱོན་མཁས་དབང་བང་བརྟེན་པ། །རྣམ་མང་རིག་ལམ་བདུད་རྩིའི་འཛུམ་དཀར་ཅན། །རྨོངས་པའི་མུན་སྟུག་གཞིལ་ལ་


ZP01_Page_513
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བའི་རོ། །སྐལ་བཟང་ཀུནྡས་བཏུང་འོས་ཅི་ཕྱིར་མིན། །བློ་གྲོས་ལང་ཚོ་དར་བའི་རྣམ་དཔྱོད་མིག །མཁས་པའི་རྗེས་སུ་གཡེངས་བ་ཡོད་སྲིད་ན། །ཤེས་འོས་འཛུམ་ཟེར་གཡོ་བའི་སྨིན་ལེགས་འདིས། །མཁས་ཚུལ་རྩེ་དགའི་རོལ་སྒེགས་སྦྱིན་པ་ཡིན། ༈ །དེ་ལྟར་ཡང་དག་ལེགས་ལམ་མ་སྨད་པ། །རྣམ་དཔྱོད་བློ་ཡི་སྣང་བས་མཛེས་བྱས་ལས། །གང་ཡང་རྣམ་པར་དཀར་བའི་ལེགས་བྱས་ཀུན། །ཞི་བ་དམ་པའི་གནས་སུ་ཡོངས་བསྔོ་བགྱི། ༡ །དེ་མཐུས་ཕུལ་བྱུང་སྒྲིབ་པའི་ཆ་བྲལ་བ། །གདོད་ནས་ཡོངས་གྲོལ་སྒྲིབ་གསུམ་བྲལ་བའི་ཁམས། །སྲིད་སྲོག་གཉུག་མར་ཐིམ་གྱུར་སྤྲོས་ཚོགས་རྒྱུན། །ཚད་ལྡན་གདོད་མའི་མགོན་པོ་མཆོག་བརྙེས་ཤོག་༢ །དེ་སྲིད་དུ་ཡང་བྱང་ཆུབ་སྤྱོད་མཆོག་གི །ལེགས་བྱས་རྒྱུས་བྱང་བདེ་ནས་བདེ་བའི་ལམ། །རྣམ་གྲོལ་གོ་སར་རིང་བ་མིན་པ་ཅན། །ལུས་ཅན་ཡིད་ལ་མཛའ་བ་ཡོད་གྱུར་ཅིག་༣ །སྐལ་མཆོག་གང་དག་བདུད་རྩིར་བསྒྲུབས་པའི་ཆུས། །ངོམས་བྱས་དག་པའི་སྣང་བ་འབའ་ཞིག་ལ། །བསླབ་ལྡན་རང་གི་བརྩོན་པ་མཐར་བགྱིས་ནས། །རབ་དཀར་རུས་པའི་དུམ་བུས་མཛེས་པར་སྨོན། ༤ །མཆོག་གསུང་རྨད་བྱུང་ཐེག་ཀུན་རྩེ་མོའི་ཆོས། །གང་ལ་མཉམ་གཞག་བརྟན་པའི་དཔལ་རྙེད་ནས། །ཐར་ལམ་གཞན་དུ་རེ་བའི་སྐབས་སྤངས་པ། །རྒྱལ་བའི་ཉེ་ལམ་སྣང་བ་བརྟན་གྱུར་ཅིག་༥ །མཚན་དཔེའི་རི་མོ་


ZP01_Page_514
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་སྣང་བ་དང་། །དཔག་ཡས་ངོ་མཚར་རྨད་བྱུང་མཛད་པའི་སྒོ། །ལེགས་གསུངས་ཐེག་གསུམ་བདུད་རྩིའི་མཛོད་ཁང་ཅན། །འགོག་མེད་ས་གསུམ་འགྲོ་བས་མཐོང་གྱུར་ཅིག་༦ །ཅི་འདི་ཉིན་བྱེད་སྟོང་གི་སྣང་བའམ། །སྐལ་བཟང་ཐར་ལམ་སྒྲོན་མ་བཞི་པའི་ཆོས། །ནང་གི་རྨོངས་མུན་གཞི་ལ་འདི་འོད་སྟོང་མིན། །དྲི་མེད་རྒྱལ་བསྟན་སྣང་བ་བཀྲག་གྱུར་ཅིག་༧ །ཅིག་ཆར་སྲིད་གསུམ་འགེངས་པ་བྱམས་བརྩེའི་འོད། །སྤྲིན་བྲལ་ཟླ་བ་སྟོང་གིས་མཚོན་མིན་པ། །མཚུངས་མེད་བླ་མའི་ཞབས་པད་ལྷར་བཅས་འགྲོའི། །ཕྱག་འོས་མི་ཤིགས་ཁྲི་ལ་བསྐལ་བར་བརྟན། ༨ །གཞིག་དཀའ་རྡོ་རྗེའི་དམ་བཅའ་སྙིང་ཁོ་ནར། །གཅིག་ཏུ་ཡང་དག་བྲིས་པའི་བརྟན་མཐོང་ནས། །ལྷན་སྐྱེས་སྒྲིབ་སྟོང་བྲོས་པ་བཞིན་བྱེད་པ། །མཐུན་པས་སྐལ་བཟང་ཚོམ་བུ་རབ་དགར་སྨོན། ༩ །དྲི་མེད་ཡང་དག་བསམ་པ་སྔོན་འགྲོ་བའི། །ལེགས་བྱས་དགེ་བཅུའི་སྤྱོད་བཟང་ཞི་བའི་སྒོ། །དཀར་ཕྱོགས་ཡིད་ལ་ཀུན་དགའ་བསྐྱེད་པ་ཅན། །ལུས་ཅན་ལམ་འདིས་གྲོལ་བ་འཛིན་གྱུར་ཅིག་༡༠ །གང་དང་མཛའ་བ་ཡིད་ལ་རིང་འཁྱུད་པའི། །ཀུན་རྨོངས་བག་ཆགས་སྟུག་པོ་ཉམས་བྱེད་པ། །ལྔ་རིགས་ལམ་འདིས་སྐལ་བཟང་དུ་མ་ཞིག །དགའ་བྱེད་བརྩོན་པར་བགྱིད་པའང་ཡོད་པར་སྨོན། ༡༡ །གང་གི་ཞབས་ཀྱི་རྡུལ་གཙང་རེག་བྱས་གླིང་། །འོག་མིན་ཡེ་ཤེས་སྣང་བ་བཞིན་བྱེད་པ། །སྔོན་བྱོན་འཕགས་བོད་མཁས་གྲུབ་བྱེ་བ་


ZP01_Page_515
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི། །མཆོག་བརྙེས་འཛིན་མའི་རྒྱན་མང་འབྱོན་པར་སྨོན། ༡༢ །རབ་དཀར་བསོད་ནམས་བསྐྱེད་པ་མ་ཡིན་ཞིང་། །ཡིད་ནི་ཞི་བར་མོས་པ་སྤང་བ་ལས། །རྨོངས་དང་བསྲེགས་གྲང་བཀྲེན་པའི་གདུག་པ་ཅན། །ངན་འགྲོའི་མིང་ཙམ་སྲིད་ན་ཡོད་མ་གྱུར། ༡༣ །གང་དཔལ་མཛེས་པ་རྒྱས་པའི་འོད་ཕྲེང་མཐའ། །ཡན་ལག་མཁའ་མཐའི་ཁྱོན་གྱིས་རྫོགས་དཀའ་བ། །ལེགས་བྲིས་གྲོང་གི་དཔལ་བརྒྱ་རྒྱས་པ་ཡང་། །སྨིན་གྲོལ་ཆོས་ཀྱི་འབྱོར་པས་མཛེས་བྱེད་སྨོན། ༡༤ །བརྟན་སྣོད་གཡོ་བར་བགྱིད་པའི་སྒྲ་བརྒྱ་དང་། །ལྷན་ཅིག་དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོན། །འཕེལ་ལ་སྲོག་གི་འབེན་བགྱིད་དཱ་ནུའི་བུ། །རང་འབྱོར་འཇོམས་པའི་གདུག་སེམས་གཏོང་གྱུར་ཅིག་༡༥ །རྨོས་བཏབ་ངལ་བརྒྱས་བསྐྱེད་མིན་བཟའ་བ་དང་། །དཔག་བསམ་ཡལ་འདབ་འཇམ་པའི་ལྷ་གསོ་ལ། །ལོངས་སྤྱོད་རང་འོད་སྣང་བས་ལེགས་འཚོ་བ། །གླིང་དྲུག་རབ་དགའ་སྲིད་མཐར་ཉམས་མ་གྱུར། ༡༦ །རྫོགས་ལྡན་མགྲོན་དུ་འོང་བའི་དགེ་མཚན་གྱིས། །རབ་དགའ་སྙིང་ལ་སྐྱེས་པ་གང་ཡིན་པ། །གཉིས་པ་སྲིད་འདིར་གཞན་གྱིས་མིན་པ་ཅན། །བདེ་དཔལ་དེ་འདྲའི་འཛམ་གླིང་ཤིས་གྱུར་ཅིག་༡༧ །མ་བསྡུས་མཛེས་གུར་པ་ཁྲིགས་པའི་ཆུ་ཁུར་ཅན། །མ་བསྒུལ་ཞི་བའི་ཆར་ཟིམ་མཐུན་པའི་དུས། །འབབ་པས་ནོར་འཛིན་ལྷ་མོའི་བཞིན་བཀྲུ་བའི། །སྲིད་པའི་སྒེགས་ཆོས་ཉམས་པ་ཉིད་


ZP01_Page_516
[མ་དཔེ་གཟིགས་ན་འདིར་གནོན།]

མ་གྱུར། ༡༨ །རབ་སྙན་དབྱར་རྔའི་སྒྲ་དང་མི་མཛའ་བའི། །རབ་དཀར་ཀཻ་ལ་ཤ་རྡུལ་ཟད་དཀའ་བ། །རབ་ལྷུང་རྐང་བཞི་འཚོ་བའི་གཤེད་ཁོ་ནར། །རབ་ངེས་གནམ་སའི་སྐྱེས་རྒྱུན་གཅོད་གྱུར་ཅིག་༡༩ །རྡུལ་ཁམས་མཁའ་ལ་བཏེགས་པའི་ཚོགས་དཀྲིག་པས། །གནམ་སའི་བར་ལག་སྤྲེལ་བའི་འཇིགས་གཟུགས་ལ། །བརྟག་ན་ནམ་མཁའི་གོ་སྐབས་སྲིད་པ་འདིར། །ཡོད་དམ་མ་ཡིན་ནེམ་ནུར་གཞིག་དཀའ་བ། །དུས་མིན་རླུང་པོའི་རྒྱུ་བ་གཅོད་གྱུར་ཅིག་༢༠ །སྒྲ་བརྒྱའི་གློག་མེས་བཞུས་པའི་རྡོ་རྗེའི་ཞུན། །འཕེན་ལ་མཁའ་ལམ་འཛེགས་པའི་ཞོར་ཁོ་ནར། །ཁེངས་ལྡན་སྙེ་མར་ཕྲག་པ་དོག་གཏོར་བ། །མི་བཟད་སེར་བའི་འབྱུང་ཁུངས་སྟོང་གྱུར་ཅིག་༢༡ །ནོར་འཛིན་བཞིན་རས་བཀྲུས་པའི་དེ་མ་ཐག །ལྷ་ལམ་གཅེར་བུར་རྒྱུ་ལ་གདུང་བསྐྱེད་བློས། །མ་རུངས་གྲང་ལྷག་གཏུམ་པོས་འདེབས་བགྱིད་པའི། །འབྲུ་འཇོམས་འཁྱགས་སད་གདུག་པ་མིང་ཙམ་ཤོག་༢༢ །སྤྱི་མཐུན་ལེགས་བྱས་རྒྱུས་བྱུགས་སྲིད་པའི་མ། །ཕན་བརྩོན་རྟ་ལྗང་དབང་ཞེས་ངེས་པར་བརྫུན། །སྔོ་ལྗང་ལང་ཚོ་གསར་ལྡན་མྱུ་གུའི་རླན། །གདུང་བགྱིད་དུས་ཀྱི་ཐན་པ་ཞི་གྱུར་ཅིག་༢༣ །ཡིད་འོང་ཆར་སྤྲིན་སྤྱུགས་པའི་ཁའི་ཟེག་མ། །འཐུང་ལས་དུད་པ་འཛིན་པའི་སྙེ་ཕུང་ནི། །བརྒྱ་ཕྲག་འབྲས་བཟང་སྐྱུགས་པའི་སྟོན་མོ་ཡིས། །ཞིང་པའི་ཡིད་ལ་ཀུན་དགའ་འཛིན་གྱུར་ཅིག་༢༤ །ཆོས་གཅིག་བཀོད་པའི་ཏིང་ངེ་འཛིན།


ZP01_Page_517
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཐོག་བཅུད་རྒྱས་གསོས་པའི་རྐང་བཞིའི་ཁྱུ། །ལུས་སྟོབས་ལང་ཚོ་རྒྱས་པའི་ཁེངས་དྲེགས་ཀྱིས། །མི་གཏོང་རྒྱལ་རིགས་མཁས་པའི་གྲལ་འཁོར་བཞིན། །ལས་དབང་འོས་པའི་ཞོ་ཤས་འཚེ་གྱུར་ཅིག༢༥། མཐུན་པ་ངག་དོན་བཞིན་སྒྲ་གཅིག་པ། །ཆོས་ཀྱིས་སྐྱོངས་པའི་རྒྱལ་ཐབས་ལ། །རྒྱས་བྱེད་དཔུང་ཚོགས་བཞི་ཡིས་ཅི་བགྱི་སྟེ། །ལས་འདི་དགེ་བཅུའི་ལམ་གྱིས་ཡོངས་རྫོགས་པ། །མངའ་ཐང་སྲིད་པའི་ཁྱོན་འདིས་རྫོགས་མ་གྱུར། ༢༦ །མངོན་གྱུར་འགོགས་པ། གང་ལ་མཐོ་རིས་མི་ཞེས་ནམ་དུ་ཡང་། །ཐུབ་པའི་ལེགས་བཤད་ཤེས་རྣམས་མི་བརྗོད་དེ། །བརྐུ་འཕྲོག་གཡུལ་གྱི་བགྱི་བས་ངན་འགྲོའི་ལམ། །མངོན་བྱས་རྐང་གཉིས་གདུག་པ་སྲིད་མིན་སྨོན། ༢༧ །སྲིད་པའི་གྲོང་རྒྱུའི་འགོགས་པ། ཁྱེར་རྨོང་མུན་ཁོར་ཡུག་ཅན། །སྒྲོལ་བྱེད་ཐར་ལམ་སྒྲོན་མེ་ལ་དགའ་བས། །ལེགས་བྱས་ཡལ་གམ་འཛིན་པ་ལྷུར་ལེན་པ། །གང་མཆིས་ཐུགས་ཀྱི་བཞེད་དོན་ཡོངས་རྫོགས་ཤོག་༢༨ །མ་བསྡུས་ཤིང་བསྡུས་པའི་གཟུགས་ཅན། ཀུན་ཉོན་སྲིད་པ་འཇོམས་པའི་ཡེ་ཤེས་མེས། །ཀུན་རྟོག་ཚང་ཚིང་བསྲེགས་པའི་འོད་སྣང་དཔལ། །ཀུན་གཟིགས་མཁྱེན་པའི་འབྱོར་པ་མཐའ་ཡས་པས། །ཀུན་ནས་རབ་དགའ་རྫོགས་པ་མཐོང་གྱུར་ཅིག ༢༩ ཐོག་མའི་ཟུང་ལྡན། བློ་གྲོས་པདྨ་གཟུགས་ཅན་གྱི་གཟུགས་ཅན། གཞོན་ནུའི་ལང་ཚོ་ལ། །ཤེས་གསུམ་ཉིན་བྱེད་སྒེགས་མོས་འཛུམ་བྱིན་པས། །མཁས་ཚུལ་


ZP01_Page_518
[མ་དཔེ་གཟིགས་ན་འདིར་གནོན།]

ཀཽ་སར་མཛེས་གཟུགས་རབ་ངོམས་པ། །སྐལ་བཟང་རྐང་དྲུག་རོལ་པའི་གཞིར་གྱུར་ཅིག་༣༠ །ཚེ་རིང་ལེགས་བྲིས་སྐྱེད་ཚལ་མི་འགྲམ་ཞིང་། །མིག་སྟོང་དབང་པོའི་བཞོན་པར་མ་གྱུར་པའི། །སྐྱེས་སྦྱངས་བློ་གྲོས་འཕེལ་བའི་ས་སྲུང་བུས། །ཀུན་རྨོངས་ལྷ་མིན་གཡུལ་ངོ་གཞོམ་གྱུར་ཅིག་༣༡ །ཚེ་རིག་བདུད་རྩིའི་འགལ་བའི་གཟུགས་ཅན། རོ་བདའ་ཨ་རུའི་ཤིང་། །རྗེས་སྦྱངས་ཐོས་བརྩོན་འབྲས་བུ་གཡུར་ཟ་བའི། །རིག་ལམ་འབྲས་བུ་རིགས་མང་དུད་པའི་རྩེར། །ནང་དོན་རྣམ་པར་རྒྱལ་འབྲས་རྟག་མཛེས་སྨོན། ༣༢ །བསྡུས་པའི་གཟུགས་ཅན། །ཕུལ་བྱུང་ཀཻ་ལ་ཤ་དཔལ་མཛེས་པ་ལ། །བཻ་ཌཱུར་ཐོར་ཚུགས་བཀོད་བྱས་གང་མཚུངས་པ། །འཇམ་དཔལ་དཔའ་བོའི་རྗེས་འཛིན་མཚུངས་མེད་ལྷས། །ཚེ་རབས་ཕྲེང་མང་བདག་ཀྱང་སླར་སྐྱོངས་ཤོག་༣༣ །སྐར་ནག་རྩིས་རྨད་བྱུང་དཔེ། རིགས་ཟུང་སྦྱོར་ལོའི་སྤངས་བླང་། །རྗོད་བྱེད་སྒྲ་དོན་སྙན་ཚིག་རྒྱན་མཛེས་ཅན། །མངོན་བརྗོད་སྒྲ་བཟོ་སྡེབ་སྦྱོར་ཆས་མཛེས་འདིས། །ཕྱོགས་འདིར་བློ་གསལ་ཡིད་དབང་འཕྲོག་གྱུར་ཅིག་༣༤ །དགོངས་པ་ཅན། མཆོག་ཏུ་ཞི་བ་གཉུག་མའི་ཡེ་ཤེས་དེ་ཁོ་ན། །རྟག་བརྟན་འགྱུར་མེད་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །འཆིང་དང་གྲོལ་བ་གཉིས་ལ་མ་ཡིན་མཉམ་པ་ཉིད། །ཟུང་འཇུག་ཏིང་འཛིན་མཐར་ཐུག་གང་དེས་ཤིས་གྱུར་ཅིག་༣༥ །ཤིས་བརྗོད། །དཔལ་སྤྲུལ་པས་སོ།། །།


previousརྩིས་སྐར་ནག་ཟུང་འཇུག་གི་ལྀ་ཐུའི་རྣམ་བཤད་གོ་ལའི་རྣ་རྒྱན།next