Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས།
   
   
   


 
previousདུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས།next

དུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས།


ZP01_Page_523
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས་བཞུགས་སོ། །


ZP01_Page_524
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་ཀ་ལ་ཙཀྲ་ཡེ། གཉིས་སུ་མེད་དབྱིངས་བདེ་བ་ཆེ། །ཟུང་འཇུག་རྡོ་རྗེ་འདུས་མ་བྱས། །ལྷུན་གྲུབ་དབྱིངས་ཀྱི་ཧེ་རུ་ཀ །གཟུགས་སྐུ་དུས་ཀྱི་འཁོར་ལོས་སྐྱོངས། །གང་ཞིག་ཤེས་ནས་མི་བསླུ་བའི། །རྟེན་འབྲེལ་ཟབ་མོ་དེ་ཁོ་ན། །འཆར་བཟོད་རྙོགས་མེད་བློའི་མེ་ལོང་། །བློ་གསལ་སྣང་བ་འཆར་གྱུར་ཅིག །མཁའ་ལ་གོ་ལའི་དཀྱིལ་འཁོར་དང་། །ས་ལ་དུས་བཞིའི་འཁོར་ཚུལ་འགྲོས། །བསླུ་མེད་རི་མོས་གཏན་འབེབས་པ། །སྐར་མའི་རྩིས་ཞེས་གྲགས་པ་ལས། །གཉིས་པའི་རྣམ་གྲངས་མདོར་བསྡུས་བཤད། །རི་མོ་ཀུན་གྱི་གཞིར་གྱུར་པ། །རབ་བྱུང་བཅུ་བཞི་པའི་ནང་གི །ལྕགས་སྟག །འགྱུར་ལ་སོགས་འདས་པའི་ལོར། །ཉི་མས་བསྒྱུར་ལ་ནག་པ་སོགས། །འདས་ཟླ་བསྲེས་ལ་གནས་གཉིས་བཞག །འོག་མ་མིག་བསྒྱུར་ལག་པ་བསྲེ། །མདའ་རོས་ཐོབ་པ་སྟེང་བསྲེས་


ZP01_Page_525
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ཟླ་བ་དག་དང་ལྷག་རྩིས་འཕྲོ། ༈ །ཟླ་དག་གནས་ལྔ་སྟེང་ནས་རིམ། །གཟུགས་དང་གཟུགས་མེ་མཁའ་མདའ་ཐིག །མཁའ་ཀླུ་ཆུ་བོས་བསྒྱུར་བ་ལ། །གཟུགས་ཉི་མེ་མིག་ལག་པ་མིག །ཕྲི་ལ་རི་མཁའ་རི་དང་དུས། །མཁའ་རོ་མཁའ་རོ་ཐུབ་པས་དྲིལ། །གཟའ་ཡི་དྷྲུ་ཝ་རྣམ་པར་དག །ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །སྟེང་འོག་འདོད་དང་ཀླུ་ནོར་དམན། །དུས་ཉི་ཀླུ་ལག་གིས་བསྒྲིལ་ལྷག །རིལ་པོ་དང་ནི་ཆ་ཤས་སོ། །ཟླ་དག་གནས་ལྔ་མིག་དང་ཕྱོགས། །ཀླུ་དབང་གཟུགས་དང་རི་ཟླས་བསྒྱུར། །མཁའ་མཚོ་གཟུགས་ཆུ་སྟོང་། །རི་རོ་དུས་དང་མཁའ་རོ་དང་། །མཁའ་རོ་འཁོར་ལོས་དྲིལ་བ་ཡིས། །ཉི་མའི་དྷྲུ་བ་རྣམ་པར་དག ༈ །དེ་ནས་དུས་གཟེར་དངོས་གཞིའི་ཆེད། །དབུགས་ཐོབ་ཟླ་བ་སྔོན་འདས་དང་། །ཁྱིམ་


ZP01_Page_526
[མ་དཔེ་གཟིགས་ན་འདིར་གནོན།]

སྒང་རྩི་བྱ་གང་ཡིན་པ། །དབྱར་ཉི་འདས་ཟླ་གཉིས་དང་ནི། །དགུན་ཉིར་བརྒྱད་བསྲེས་རྩིས་འཕྲོ་རྣམས། །མཁའ་མེས་བསྒྱུར་ལ་དབུགས་ཐོབ་ཆེད། །གཟུགས་མཚོ་ཚེས་བྱིན་ཁྱིམ་སླེབ་ཐིག །སྒང་ལ་དུས་མེ་དབང་པོ་དང་། །ལྡོག་གཉིས་ཉིན་སྣང་འབྱུང་ཡོན་མེ། །བཻ་ཌཱུར་ལུགས་ལ་དབུགས་དུས་མཚོ། །རང་ལུགས་ཉི་ལྡོག་མཚོ་མེ་གཟུགས། །བསྲེས་ལ་མདའ་རོས་ཐོབ་ནོར་གྱིས། །རང་རང་ཟིན་པའི་ཚེས་གྲངས་སྟོན། །ནོར་ལ་མཁའ་མེ་ལྷག་ན་དོར། །དེ་ཚེ་ཟླ་བ་ཕྱི་མ་ཡི། །གཟའ་ཉིའི་དྷྲུ་བའི་བསྒྲུབ་གཞི་བྱ། །ཚེས་མཐུན་རྟགས་ལོང་དྷྲུ་ཝར་བྱིན། སྔར་གྱི་མཁའ་མེའི་ལྷག་མ་ཡིས། །རེ་ལྔ་ཆ་ཡི་རེ་མིག་གམ། །ཡང་ན་ལྷག་དེ་ལྔས་བསྒོས་པའི། །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་མས་ལྔ་ཆའི་རེའུ་མིག་གཟུང་། །སོ་སོར་བསྲེས་པས་ཚད་རྣམས་འཆར། །རི་ཥི་ཁྲུམ་ཟླའི་དབུགས་ཐོབ་གྱིས། །སྟོན་ལ་ཕག་ཞགས་སྣོན་ཟླའི་འཕྲོ། །མཁའ་མེས་བསྒྱུར་ལ་བུག་མེ་དྲག །བསྲེས་ལ་བགོ་སོགས་སྔར་བཞིན་བྱ། །ཞིབ་རྩིས་རྐང་ལོངས་ཆོ་ག་སོགས། །བྱེད་འདོད་གོ་ལའི་རྣ་རྒྱན་ལྟོས། །གལ་ཏེ་རེ་མིག་མ་འཛོམ་ན། །གཟའ་ལ་མཁའ་སྟོང་མཚོ་མདའ་མེ། །རི་རོ་ཉི་མར་ཐིག་མཁའ་མཚོ། །སྟོང་པ་ཉི་མ་སྔ་མ་ཡི། །མཁའ་མེས་ལྷག་ཆས་བསྒྱུར་བསྲེས་པའི། །ཚད་སོགས་སྔ་མ་ཇི་བཞིན་འཆར། །ཞར་བྱུང་སྨིན་དྲུག་ནམ་བོར་དང་། །བྱ་སྐད་བརྟགས་


ZP01_Page_527
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཤོལ་ཡོད་དབོ། །རྒྱུན་དུ་ནག་པ་ཟླ་བ་ཡི། །རྩིས་འཕྲོ་མཁའ་མེས་བསྒྱུར་བ་ལ། །སྨིན་དྲུག་སྔ་བོར་རྩེ་མོ་མེ། །ཕྱི་བོར་གྲོ་བ་མེ་དབང་པོ། །ཁུ་བྱུག་སྔ་གྲགས་མིག་རི་ཕྱོགས། །ཕྱི་གྲགས་མེ་རི་ཉི་མ་བསྲེས། །མདའ་རོས་བགོ་སོགས་སྔར་བཞིན་བྱ། །རང་རང་ཚ་ཁྲ་ངེས་པར་འཆར།། ༈ །།རྩིས་འབྲས་ཐོར་བུ་སྤང་བླང་འདོད་པའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །ཐོག་མར་ཚེས་ཀྱི་ས་བདག་ནི། །བཟང་ངན་བྱེ་བྲག་བཤད་པར་བྱ། །ངམ་ཤིང་དགེ་བཤེས་ཆེ་འདོན་དང་། །ཁྲི་རྩིག་བཤད་གསར་དམག་ལས་སྤངས། །དབུལ་ལག་མཁར་ལས་ཐོག་འཛུག་དང་། །བཤད་གསར་རྟེན་བཞེངས་རབ་ཏུ་གནས། །ངག་མ་བུ་འབོག་སྒྱེད་པུ་འཛུག །ལྟད་སྟོན་ཐོག་འབུབ་དར་ཕྱར་བ། །ནོར་ཕྱུག་ཕྱིར་གཏོང་བང་མཛོད་འབྱེད། །རོ་འདོན་ཞིང་འདེབས་ལ་སོགས་པ། །གསོན་གཤིན་ལས་རྣམས་ངན་པས་འཛེམ། །སྒྲིབ་ན་རེས་གཟའི་མདོག་དར་ཕྱར། །ལག་པའི་གཟུགས་བཅོས་རུས་སྦལ་གྱི། །ཁོག་བཅུག་ལྔ་སེར་སྟེང་དུ་མནན། །གཟའ་རྒོད་འབྱུང་བ་ཟས་ཚོལ་དུས། །བག་མ་གཏོང་ལེན་རོ་དྲངས་བ། །བུ་བཙས་ནད་ཐབ་དྲག་ལས་ངན། །ཟླ་ནག་དྲག་ལས་སྤྱིར་བཟང་ཞིང་། །དེ་མིན་གསོན་གཤིན་ལས་ཀུན་འཛེམ། །སྒྲིབ་ན་ཉམས་མེད་དར་དཀར་ཕྱར། །མར་དཀར་གསུར་གཏོང་ཆུ་གཏོར་དང་། །ཕྱོགས་བཞིར་ས་གཏོར་གཡག་ལུག་མགོ །དཀར་པོ་དར་སྣས་


ZP01_Page_528
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པས་སྒྲིབ། །ཉི་ནག་ངན་བྱེད་དྲག་ལས་བཟང་། །དེ་མིན་སྤྱིར་ངན་ནག་ཆེན་ལ། །དར་དཀར་ཕྱར་ཞིང་གསུར་དུད་གཏོང་། །ནག་ཆུང་ཟན་ལ་ལྷོ་སྟག་གཟུགས། །ནུབ་རྟ་བྱང་ལུག་ཤར་དུ་ཁྱི། །འཆོས་ཏེ་ཉི་མ་གར་གནས་གཟུགས། །གནམ་ཁྱི་ལ་ནི་རོ་གཏོང་བ། །ཆུང་དུར་མཁར་ལས་ཁྲོམ་ཤིང་དམག །འབྲེལ་འཇལ་ལྟང་སྟོན་འཕོ་སྐྱས་སོགས། །ལས་ཀུན་ངན་ཞིང་ཁྱད་པར་དུ། །བག་མ་གཏོང་ལེན་འཛེམ་པར་བྱ། ༈ །བར་གནམ་ཧལ་ཁྱི་ལས་སྤྱིར་ངན། །ཧལ་ཁྱི་ཟས་ཚོལ་ཁྱི་ལེན་དང་། །མཁར་ལས་བག་སྐྱས་ལྟད་སྟོན་དམག །རོ་གཤིན་ལས་འཛེམ་འབྲུ་སྣའི་ཁྱི། །ཕྱོགས་དེར་བསྟན་ཞིང་བར་ཁྱི་ཡང་། །དེ་ལྟར་བྱ་ལ་གནམ་ཁྱི་ནི། །སྦྱོར་དང་ཟས་ཚོལ་གང་ལ་ཡང་། །སྤྱང་ཀུའི་ཐོད་པས་སྒྲབ་པར་བྱ། །པི་ལིང་འཕར་མ་ཕར་རྒོལ་བའི། །དྲག་པོའི་ལས་ཀུན་བསྡོངས་ན་ཐེབ། །ཞི་ལས་ཀུན་ངན་དེ་སྒྲིབ་ན། །ཟན་སྲང་བཅུ་གསུམ་ར་གྲོད་བཅུག །བཤོལ་ལྕགས་རྙིང་པ་གཅིག་དང་བསྡོངས། །བྱང་གོང་གཡན་པ་སྔོན་པོས་མནན། །པི་ལིང་ཁྱི་ལུད་དུད་པས་སྒྲིབ། །ཀི་ཀིང་མཁར་ལས་ལྟད་སྟོན་ཤིང་། །གཤིན་ལས་བག་མ་བུ་བཙས་དང་། །དམག་དང་བུ་ལོན་འཇལ་ལེན་ངན། །སྒྲིབ་ན་ཀུ་ཤ་རྨ་བྱའི་མདོངས། །ལ་ཆ་བལ་གྲི་རེ་བས་དྲིལ། །ཚེས་ལ་གནས་པའི་ཕྱོགས་སུ་གཟུགས། །གཟའ་བདུན་གཟེན་ཚོལ་ཕོ་ཉ་འགྱེད། །ལྟད་སྟོན་ཤིད་བག་མཁར་


ZP01_Page_529
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྐྱས། །ཁྱེའུ་དགའ་སྟོན་མཁར་ལས་དང་། །བྱིས་པ་སྒོར་ཁྲིད་རོ་འདྲེན་ངན། །གཟའ་ཡུམ་ཀློགས་ཤིང་ཆུ་གཏོར་གཏོང་། །གང་ཡིན་རེས་གཟའི་ཨུར་ནོན་བྱ། །ཕུང་ཟོར་རོ་དུར་ཕུང་སར་འགྲོ། །དབང་སྒྲུབ་ཆོས་འཆད་མཁར་ལས་སོགས། །གསོན་གཤིན་བྱ་བ་ཕལ་ཆེར་འཛེམ། །སྒྲིབས་ན་ཟོར་བ་རྨ་བྱའི་སྒྲོ། །དབྱུག་རྩེར་བསྡམ་པ་ཁ་ཕྱིར་བསྟན། ༈ །རཱ་ཧུ་དྲག་ལས་མ་གཏོགས་ངན། །སྒྲིབ་ན་ཕྱག་རྡོར་སྐུ་བརྙན་ཕྱར། །དྲ་ཆེན་རྒྱུ་དུས་བག་མ་དང་། །སྟོན་མོ་དམག་རོ་བསྒུལ་བསྐྱོད་སྤངས། །གནམ་སྦྱོར་གཟའ་གསར་མཉམ་སྦྱོར་དང་། །རོ་དུར་བག་མའི་ལས་རྣམས་འཛེམ། །ལྷ་དགུ་འཚོགས་སར་ཟོར་གཏད་དང་། །རོ་དང་བག་མ་ལ་སོགས་འཛེམ། །ལྷ་ལྔ་འཚོགས་པར་གསོན་གཤིན་ལས། །ཁྲོམ་གྱི་འདུ་ཚོགས་སྤང་བར་བྱ། །ཟོར་གཏད་ཁྲམ་སེལ་དྲག་ལས་བཟང་། །ཚེས་ནག་བྱ་བ་སྤྱི་ལ་བྱོལ། །ཚེས་གཉན་གསོན་གཤིན་བྱ་བ་ཟློས། །ཞག་ངན་འདུ་བྱས་བྱ་བའི་རིགས། །ཁྱད་པར་ནོར་རྫས་མི་གཏོང་ངོ ། །སྤྱིར་ན་ཉི་ཚེས་དུས་ཚོད་ལ། །དབང་བའི་དྲག་པོའི་ས་བདག་རྣམས། །དགེ་ལས་གསོན་གཤིན་བྱ་བ་འཛེམ། །ཧོར་ཟླ་གསུམ་པ་ནག་པའི་ཟླ། །དཔྱིད་ཐ་ལུག་ཁྱིམ་འབྲུག་གི་ཟླ། །ལྔ་ནུབ་དགུ་ཤར་བུམ་སྟོང་ཤར། །ཧོར་ཟླ་བཞི་པ་ས་ག་ཟླ། །དབྱར་ར་གླང་ཁྱིམ་སྤྲུལ་ཟླ་བ། །ལྔ་དགུ་བྱང་གནས་བུམ་སྟོང་ལྷོ། །ཧོར་ཟླ་ལྔ་པ་སྣོན་ཟླ་བ། །


ZP01_Page_530
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་འབྲིང་འཁྲིགས་ཁྱིམ་རྟ་ཟླ་བ། །ལྔ་ཤར་དགུ་ནུབ་བུམ་སྟོང་ནུབ། །ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ། །དབྱར་ཐ་ཀརྚ་ལུག་གི་ཟླ། །ལྔ་དགུ་ལྷོ་གནས་བུམ་སྟོང་བྱང་། །ཧོར་ཟླ་བདུན་པ་གྲོ་བཞིན་ཟླ། །སྟོན་ར་སེང་ཁྱིམ་སྤྲེལ་ཟླ་བ། །ལྔ་ནུབ་དགུ་ཤར་བུམ་སྟོང་ཤར། །ཧོར་ཟླ་བརྒྱད་པ་ཁྲུམ་ཟླ་བ། །སྟོན་འབྲིང་བུ་མོ་བྱ་ཡི་ཟླ། །ལྔ་དགུ་བྱང་གནས་བུམ་སྟོང་ལྷོ། །ཧོར་ཟླ་དགུ་པ་དབྱུག་གུ་ཟླ། །སྟོན་ཐ་སྲང་ཁྱིམ་ཁྱིའི་ཟླ་བ། །ལྔ་ཤར་དགུ་ནུབ་བུམ་སྟོང་ནུབ། །ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ། །དགུན་ར་སྡིག་ཁྱིམ་ཕག་ཟླ་བ། །ལྔ་དགུ་ལྷོ་གནས་བུམ་སྟོང་བྱང་། །ཧོར་ཟླ་བཅུ་གཅིག་མགོ་ཟླ་བ། །དགུན་འབྲིང་གཞུ་ཁྱིམ་བྱི་བའི་ཟླ། །ལྔ་ནུབ་དགུ་ཤར་བུམ་སྟོང་ཤར། །ཧོར་ཟླ་བཅུ་གཉིས་རྒྱལ་ཟླ་བ། །དགུན་ཐ་ཆུ་སྲིན་གླང་ཟླ་བ། །ལྔ་དགུ་བྱང་གནས་བུམ་སྟོང་ལྷོ། །ཧོར་ཟླ་དང་པོ་མཆུ་ཟླ་བ། །དཔྱིད་ར་བུམ་ཁྱིམ་སྟག་གི་ཟླ། །ལྔ་ཤར་དགུ་ནུབ་བུམ་སྟོང་ནུབ། ཧོར་ཟླ་གཉིས་པ་དབོ་ཟླ་བ། །དཔྱིད་འབྲིང་ཉ་ཁྱིམ་ཡོས་བུ་ཟླ། །ལྔ་དགུ་ལྷོ་གནས་བུམ་སྟོང་བྱང་། །དེ་ལྟར་ཟླ་བ་བཅུ་གཉིས་ལས། །ཧོར་ཟླ་གསུམ་པ་ནག་ཟླ་ཉིད། །ལོ་འགོར་དུས་ཀྱི་འཁོར་ལོ་བཞེད། །ལོ་གཅིག་ཟླ་བ་བཅུ་གཉིས་པོར། །ཞག་ནི་སུམ་བརྒྱ་དྲུག་ཅུ་སྟེ། །དེ་དག་རེ་རེར་གཟའ་སྐར་མ། །ཚེས་དང་སྦྱོར་བ་བྱེད་པ་སྟེ། །རིམ་པ་ལྔ་རུ་གནས་པ་ལས། །དང་པོ་རེས་གཟའ་བདུན་པོ་ནི། །ཉི་མ་ལྷའི་གཟའ་


ZP01_Page_531
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་རྒྱལ་བླ། །ཞི་བ་དམར་སྐྱ་མེ་ཡི་ཁམས། །ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེས་རིགས་དཀར་སེར་ཆུ་ཁམས་ཞི། །མིག་དམར་ལྷ་མིན་དམག་དཔོན་བླ། །རྒྱལ་རིགས་དམར་ནག་དྲག་པོ་མེ། །ལྷག་པ་གནོད་སྦྱིན་མ་ནིང་བླ། །དམངས་རིགས་སྔོ་ལྗང་ཞི་བ་ཆུ། །ཕུར་བུ་བྱང་སེམས་བནྡེའི་བླ། །བྲམ་ཟེ་གསེར་མདོག་ཞི་དྲག་རླུང་། །པ་སངས་རྒྱལ་བློན་གཅན་གཟན་བླ། །བྲམ་ཟེ་སྣ་ཚོགས་ཞི་བ་ས། །སྤེན་པ་དབུལ་བྲན་བྱིས་པའི་བླ། །དྲག་པོ་དམངས་རིགས་མུན་མདོག་ས། །དེ་ལྟར་གཟའ་བདུན་གང་ཚེས་དར། །དེ་ཡི་བུ་དར་མ་ཞུད་ཅིང་། །དགྲ་གྱོད་གྲོགས་ནི་གུད་པ་སྟེ། །དར་བ་རབ་ལ་ཞུད་པ་འབྲིང་། །གྱོད་གུད་དག་ལ་ལས་ཀུན་ཤོལ། །རང་རང་བླ་གཟའ་དར་བའི་དུས། །བྱ་བ་ཅིར་ཡང་རང་ཉིད་རྒྱལ། །ཉི་ཟླ་ཕུར་བུ་གསུམ་གྱི་དུས། །འཐབ་སོགས་གང་ཕྱི་མ་དེ་རྒྱལ། །དམར་སྤེན་སངས་གསུམ་གང་སྔ་རྒྱལ། །གཟའ་བདུན་གང་ལ་རེས་ཡོད་ཀྱང་། །གྲོགས་ཕྱོགས་དོན་གྲུབ་ནོར་དང་འཕྲད། མ་ཕྱོགས་གཏམ་སྙན་ཐོས་པའི་ས། །རང་ཕྱོགས་ཁ་སྨྲས་མྱ་ངན་འོང་། །བུ་ཕྱོགས་བྱེ་བྲལ་སྟོར་བརླག་འོང་། །དགྲ་ཕྱོགས་རྩོད་དང་འཐབ་པའི་རྒྱུ། །ཉི་མ་དར་ཡང་ཤིད་མི་བྱ། །ཟླ་བ་ཧོམ་མིན་དམར་པོ་ལ། །གྲི་མི་འདུལ་ཞིང་ལྷག་པ་ལ། །དུར་སྤང་ཕུར་པུར་ཟོར་མི་གདབ། །པ་སངས་དར་ཡང་ཕྱུགས་མི་བསྐྱལ། །སྤེན་པ་དར་ཡང་


ZP01_Page_532
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་མི་གཏོང་། །དེ་ནས་སྐར་མའི་དོན་བསྡུས་བཤད། །བྲ་ཉེ་དམེ་སྐར་ར་ཡི་བླ། །སྨིན་དྲུག་ཟློས་སྐར་བུད་མེད་བླ། །སྣར་མ་གཡང་སྐར་ནོར་ཕྱུགས་བླ། །མགོ་ནི་དམེ་སྐར་བཙན་པོའི་བླ། །ལག་ནི་དགྲ་སྐར་གཤིན་པོའི་བླ། །ནབ་སོ་གཡང་སྐར་ལུག་གི་བླ། །རྒྱལ་ནི་འགྲུབ་སྐར་ལུག་གི་བླ། །སྐག་ནི་མགྲོན་སྐར་ཁྱི་གཅན་བླ། །མཆུ་ནི་དགྲ་སྐར་ཕྱུགས་ཇག་བླ། །གྲེ་ནི་དམེ་སྐར་ཇག་པའི་བླ། །དབོ་ནི་དགྲ་སྐར་ལུག་གི་བླ། །མེ་བཞི་གཤིན་སྐར་ལུག་གི་བླ། ནག་པ་ཟློས་སྐར་གནག་རའི་བླ། །ས་རི་དགྲ་སྐར་གནག་གི་བླ། །ས་ག་གྲུབ་སྐར་ཞིང་གི་བླ། ལྷ་མཚམས་ཟློས་སྐར་བནྡེའི་བླ། །སྣོན་ནི་མགྲོན་སྐར་ར་ཡི་བླ། སྣུབ་ནི་དམེ་སྐར་དམང་གི་བླ། །ཆུ་སྟོད་གཡང་སྐར་ཟས་ཀྱི་བླ། །ཆུ་སྨད་གྲུབ་སྐར་འབྲུ་ཡི་བླ། །གྲོ་བཞིན་མགྲོན་སྐར་བོན་པོའི་བླ། །བྱི་བཞིན་གཤིན་སྐར་བོན་པོའི་བླ། །མོན་གྲེ་མགྲོན་སྐར་རྟ་བོང་བླ། །མོན་གྲུ་གཡང་སྐར་རྟ་བོང་བླ། །ཁྲུམས་སྟོད་གཤིན་སྐར་བནྡེའི་བླ། །ཁྲུམས་སྨད་གཤིན་སྐར་གཤིན་གྱི་བླ། །ནམ་གྲུ་གྲུབ་སྐར་རྩིས་པའི་བླ། །ཐ་སྐར་དགྲ་སྐར་རྐུན་པོའི་བླ། །དེ་ལྟར་རྒྱུ་སྐར་ཉེར་བརྒྱད་པོ། །གྲོ་བཞིན་བྱི་བཞིན་སྐར་ཁུང་གཅིག །བརྩིས་པའི་ཉི་ཤུ་རྩ་བདུན་ཏེ། །ཉ་སྐར་དར་ལ་སྟོང་སྐར་གྱོད། །གཞན་རྣམས་གུད་པ་ཞེས་བྱའོ། །ཡང་ན་ཤིང་ཁམས་ཉ་བ་ལ། །ཤར་དཀར་དར་ལ་ལྷོ་བྱང་གུད། །ནུབ་སྐར་གྱོད་སོགས་བཤད་པར་སྣང་།


ZP01_Page_533
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་ལུགས་ཀྱི་སྐར་མའི་ཁམས། །སྨིན་དྲུག་རྒྱལ་བར་ཤར་སྐར་ཤིང་། །མཆུ་ནས་ས་རི་ལྷོ་སྐར་མེ། །ལྷ་མཚམས་ནས་དྲུག་ནུབ་སྐར་ལྕགས། །མོན་གྲེ་དབྱུག་པར་བྱང་སྐར་ཆུ། །མཚམས་བཞིར་ས་རུ་བཤད་པ་ཡིན། །དེ་ནས་ཚེས་འབྲས་སྤྱིར་བཤད་པ། །ཚེས་གཅིག་ལ་ནི་དོན་ཀུན་འགྲུབ། །ཚེས་གཉིས་ལ་ནི་སྟོན་ཆེན་ཐོབ། །ཚེས་གསུམ་བྱ་བ་གང་བརྩམ་དགེ །བཞི་ལ་འགྲུབ་བམ་མི་འགྲུབ་འགྱུར། །ཚེས་ལྔ་ལ་ནི་ཁེ་བཅས་འགྱུར། །དྲུག་ལ་དོན་གཉེར་བཙོན་ཏུ་འཆི། །བདུན་ལ་གང་འདོད་འགྲུབ་པར་འགྱུར། །བརྒྱད་ལ་འཇིགས་པ་འབྱུང་འགྱུར་ཏེ། །དགུ་ལ་མགྲོན་པོ་འཆི་བར་འགྱུར། །བཅུ་ལ་ལྟས་བཟང་མདུན་དུ་འགྲོ། །བཅུ་གཅིག་སྡོམ་པ་འབོག་པ་བཟང་། །བཅུ་གཉིས་བཟང་པོ་བླུན་པར་འགྲོ། །བཅུ་གསུམ་སྟོབས་ཆེན་ལྡན་པར་འགྱུར། །བཅུ་བཞི་ལ་ནི་ཆོམ་པོ་འབྱུང་། །བཅོ་ལྔ་བ་ལ་བགྲོད་པ་སྤངས། །མར་ངོ་ལ་ཡང་དེ་ཉིད་སྦྱར། །དེ་ནས་སྦྱོར་བའི་འབྲས་བུ་ནི། །མཛའ་བོ་ཚེ་ལྡན་སྐལ་བཟང་དང་། །བཟང་པོ་ལས་བཟང་འཛིན་པ་དང་། །འཕེལ་བ་ངེས་པ་དགའ་བ་དང་། །དངོས་གྲུབ་མཆོག་ཅན་ཞི་བ་གྲུབ། །བསྒྲུབ་བྱ་དགེ་བ་དཀར་པོ་དང་། །ཚངས་པ་དབང་པོ་ཅི་བྱེད་བཟང་། །སེལ་བ་ཤིན་སྐྲངས་ཟུག་རྔུ་དང་། །སྐྲངས་དང་ཀུན་འཇོམས་རྡོ་རྗེ་དང་། །ཤིན་ལྟུང་ཡོངས་འཇོམས་འཁོན་འཛིན་རྣམས། །དགེ་བའི་ལས་ལ་ཤིན་ཏུ་ངན། །འཛིན་པ་


ZP01_Page_534
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཅན་ཚངས་པ་རྣམས། །བཏང་སྙོམས་པ་རུ་གསུངས་པའང་ཡོད། །ཟུག་རྔུ་ཆུ་ཚོད་ལྔ་ངན་ནོ། །ཀུན་འཇོམས་རྡོ་རྗེ་ཆུ་ཆོད་དགུ། །སྐྲངས་དང་ཤིན་སྐྲངས་ཆུ་ཚོད་དྲུག །ཤིན་ལྟུང་ཡོངས་འཇོམས་འཁོན་འཛིན་རྣམས། །ཆུ་ཚོད་གསུམ་ངན་སེལ་བ་གསུམ། །ཡུན་ལ་ངན་པར་བཤད་པ་ཡིན། །དེ་ནས་བྱེད་པའི་འབྲས་བུ་ནི། །བདུན་པ་བིཥྟི་མ་གཏོགས་པ། །གང་ཡང་དགེ་ཞིང་འཇམ་པ་སྟེ། བིཥྟི་ལ་ནི་དྲག་ལས་དང་། །མནན་བསྲེགས་དུས་སྦྱོར་ལ་སོགས་བྱ། །དགེ་ལས་སྤྱི་དང་ཁྱད་པར་དུ། །གཏར་བསྲེགས་ལས་ལ་ཤིན་ཏུ་འཛེམ། །དེ་ནས་རྒྱལ་བའི་བྱིན་རླབས་པའི། །དུས་ཆེན་རིམ་པ་འདི་ལྟ་སྟེ། །རྒྱལ་ཟླའི་ཚེས་བརྒྱད་བཅོ་ལྔའི་བར། །བྱང་ཆུབ་ཤིང་དྲུང་བཞུགས་པའི་དུས། །མཆུ་ཟླའི་ཡར་ངོ་ཆོ་འཕྲུལ་ཆེ། །ས་ག་ཟླ་ཉར་མངོན་བྱང་ཆུབ། །ཆུ་སྟོད་ཚེས་བཞི་ཆོས་འཁོར་དུས། །ཐ་སྐར་ཉ་ལ་ལྷ་གནས་བྱོན། །དབོ་ཟླའི་བརྒྱད་ཡན་ལྷུམས་སུ་ཞུགས། །ནག་ཉར་དུས་འཁོར་རྩ་རྒྱུད་གསུངས། །སྨིན་དྲུག་ཚེས་བརྒྱད་མྱ་ངན་འདས། །ཆོས་རྣམས་མོས་པའི་བྱེ་བྲག་ཕྱིར། །དགེ་སྡིག་འགྱུར་ཁྱད་ཆེ་བ་ཡིན། །ལོ་ཡི་ཕྱོགས་གཙང་བསྟན་པ་ནི། །བྱི་བ་བྱང་ཤར་གླང་ནུབ་སྟོད། །ལྷོ་སྟོད་གཉིས་གཙང་སྟག་ནུབ་སྨད། །ཡོས་བུ་བྱང་ཤར་འབྲུག་ལྷོ་སྨད། །ནུབ་སྟོད་སྤྲུལ་ལ་བྱང་སྨད་གཙང་། །རྟ་ལ་ལྷོ་ནུབ་ལུག་ནུབ་སྨད། །བྱང་སྟོད་སྤྲེལ་ལ་ཤར་སྟོད་གཙང་། །བྱ་ལ་བྱང་


ZP01_Page_535
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཁྱི་ཤར་ལྷོ། །སྟོད་གཉིས་གཙང་ཞིང་ཕག་ལ་ནི། །ལྷོ་སྨད་གཙང་བར་ཤེས་པར་བྱ། །དེ་ནས་ཟླ་བའི་ཕྱོགས་བཤད་པ། །བྱི་བར་ཤར་སྟོད་ལྷོ་སྨད་གཙང་། །ནུབ་སྨད་བྱང་སྨད་ཤར་ལྷོར་གཙང་། །གླང་ལ་ཤར་ལྷོ་བྱང་སྨད་ལྷོ། །སྟག་ལ་ལྷོ་དང་ལྷོ་ནུབ་དང་། །ནུབ་དང་བྱང་གི་སྨད་གཉིས་གཙང་། །ཡོས་ལ་སྨད་བཞི་ཤར་ལྷོ་གཙང་། །འབྲུག་ལ་ཤར་སྟོད་ལྷོ་ནུབ་སྨད། །བྱང་གཙང་སྦྲུལ་ལ་ལ་བྱང་བྱང་ཤར། །ཤར་དང་ནུབ་ཀྱི་སྨད་གཉིས་གཙང་། །རྟ་ལ་ཤར་ནུབ་བྱང་གསུམ་དང་། །ལྷོ་ནུབ་སྟོད་དང་བཅས་པ་གཙང་། །ལུག་ལ་ཤར་དང་ལྷོ་སྟོད་དང་། །ནུབ་བྱང་སྨད་གཙང་སྤྲེལ་ལ་ཤར། །ཤར་ལྷོ་ལྷོ་སྨད་བྱང་སྨད་གཙང་། །བྱ་ལ་ཤར་སྨད་ལྷོ་ནུབ་སྨད། །བྱང་སྟོད་ནུབ་བྱང་གཙང་བ་སྟེ། །ཁྱི་ལ་ཤར་སྨད་ནུབ་སྟོད་གཙང་། །བྱང་སྨད་ལྷོ་དང་བཅས་པ་གཙང་། །ཕག་ཟླར་ཤར་སྨད་ལྷོ་ནུབ་དང་། །ནུབ་སྨད་བཅས་གཙང་དེ་ལས་གཞན། །ལོ་ཟླའི་ས་བདག་གནས་པའི་ཕྱོགས། །ཡིན་ཕྱིར་རོ་བག་སྣ་གཏད་སྤངས། །ཇི་སྲིད་གཉིས་འཛིན་འཁྲུལ་པའི་ཆ། །དབྱིངས་སུ་ནུབ་པར་གྱུར་གྱི་བར། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི །བསླུ་མེད་གནད་ལ་བསླབ་པ་གཅེས། །བདེན་མེད་ཡིན་ནོ་སྐད་པ་ཡི། །ཕོ་རུས་གཟིངས་པའི་རྣལ་འབྱོར་ཡང་། །བཟང་ངན་རྐྱེན་དང་འཕྲད་པའི་ཚེ། །སྲང་མདའ་བཞིན་དུ་དགའ་སྡུག་བྱེད། །དེ་བཞིན་དྲངས་དོན་རྒྱལ་བའི་བཀའ། །འབྲེལ་མེད་སྐུར་པ་མི་འདེབས་འཚལ། །དེ་སྐད་པདྨ་མཆོག་ལྡན་གྱིས། །ལེགས་དྲིས་དགེ་བ་འགྲོ་ལ་བསྔོ།། །།


previousདུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས།next