Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྀའུ་ཐུའི་མགོ་རྒྱན་དཔྱོད་ལྡན་མཁས་པའི་ཡིད་འཕྲོག་བློ་གསལ་སྙིང་གི་མུན་སེལ་སྔོན་མེད་ལེགས་བཤད་ཟླ་བའི་འོད་སྣང་།
   
   


 
previousལྀའུ་ཐུའི་མགོ་རྒྱན་དཔྱོད་ལྡན་མཁས་པའི་ཡིད་འཕྲོག་བློ་གསལ་སྙིང་གི་མུན་སེལ་སྔོན་མེད་ལེགས་བཤད་ཟླ་བའི་འོད་སྣང་།next

ལྀའུ་ཐུའི་མགོ་རྒྱན་དཔྱོད་ལྡན་མཁས་པའི་ཡིད་འཕྲོག་བློ་གསལ་སྙིང་གི་མུན་སེལ་སྔོན་མེད་ལེགས་བཤད་ཟླ་བའི་འོད་སྣང་།


ZP01_Page_537
[མ་དཔེ་གཟིགས་ན་འདིར་གནོན།]

ལྀའུ་ཐུའི་མགོ་རྒྱན་དཔྱོད་ལྡན་མཁས་པའི་ཡིད་འཕྲོག་བློ་གསལ་སྙིང་གི་མུན་སེལ་སྔོན་མེད་ལེགས་བཤད་ཟླ་བའི་འོད་སྣང་ཞེས་བྱ་བ་བཞུགས་སོ། །


ZP01_Page_538
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤྲཱི་ཀ་ལ་ཙཀྲ་ཡི། ཤེས་དང་ཤེས་བྱ་འཁོར་དང་མྱ་ངན་འདས། །དབྱེར་མེད་བདེ་ཆེན་ཟུང་འཇུག་གཉུག་མའི་ཀློང་། །རོ་གཅིག་སྡོམ་མཛད་ཁྱབ་བདག་དང་པོའི་མགོན། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ཤིས་པས་སྐྱོངས། །ཐུགས་བསྐྱེད་སྨོན་པའི་འཁྲི་ཤིང་སྙིགས་འགྲོའི་ལྗོན། །འཁྱོག་པོར་རིང་ནས་འཁྱུད་བ་བཏང་དཀའ་བས། །རྩོད་ལྡན་མུན་པའི་སྨག་ལ་མཆོག་གསུམ་གྱི། །འོད་སྣང་འགོད་མཛད་ཤཱཀྱ་སེང་གེ་རྒྱལ། །རྒྱལ་ཀུན་ཡེ་ཤེས་རྡུལ་ཆ་བསགས་པའི་ལྷུན། །གཟུགས་སྐུའི་བང་རིམ་བཀྲ་བའི་བ་གམ་ནས། །མཁྱེན་རབ་རལ་སྐོར་གཡོ་བས་སྒྲིབ་གཉིས་ཀྱི། །ཆད་མེད་མགོ་འབུམ་གཅོད་དེ་བདག་གི་སྐྱབས། །རྗེས་ཆགས་རྙིང་རྗེའི་རླན་འཛིན་མཁའི་གླང་པོ། །ཟླ་ཞུན་དཀར་མདངས་བསྐུས་པའི་ཞུན་ཁོ་ན། །མཚན་དཔེའི་རི་མོར་སྣང་བའི་ངོ་མཚར་ཅན། །མིག་མི་འཛུམ་པ་སྙིང་གི་པད་མཚོར་རོལ། །གསང་དོན་བདུད་རྩིས་མྱོས་པའི་དམར་ཟླུམ་སྤྱན། །ལོག་འདྲེན་སྙིང་ལ་འཁྱོགས་པོར་གཟིར་བའི་བརྗིད། །ལུས་མེད་སྡེར་བཅས་སྙིང་གི་བརྣག་དཀའ་བའི། །གསང་བའི་བདག་པོ་ཡིད་ལ་འབྲལ་ཐབས་མེད། །གཞན་ཡང་དུས་གསུམ་འགྱུར་བ་ཇི་སྙེད་དུ། །ནོར་འཛིན་བུ་མོས་ཕྲག་པས་གང་བཟུང་བའི། །ཕྱག་འོས་ཡོན་ཏན་ཕུང་པོ་མཐའ་ཡས་ལ། །གཅམ་མིན་སྒོ་གསུམ་དད་ཕྱག་ལན་བརྒྱར་བརྩེགས། །དེ་ལྟར་


ZP01_Page_539
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བཤད་རྒྱབ་དབུང་ཚིག་གི་ལམ། །ཡངས་པོར་བྱེད་པའི་ཤིས་ཕྱག་ཚིགས་བཅད་ཕྲེང་། །སྔོན་རབས་མཁས་པའི་ལུགས་བཟང་གཞུང་བསྲངས་ཏེ། །སྐབས་བབས་གཏམ་གྱི་བརྗོད་དོན་གང་ཞེ་ན། །བསྐལ་མང་ལེགས་བྱས་ཚོགས་གཉིས་མཛོད་གང་ཞིང་། །མཁྱེན་བརྩེའི་འོད་སྣང་ཤེས་བྱའི་ཕ་མཐར་བརྡལ། །ས་གསུམ་འགྲོ་རྒྱུད་བདུད་རྩིའི་ཆོས་ཆར་གྱིས། །བརླན་མཛད་ཟླ་མེད་ཐུབ་མཆོག་སྟོན་གང་གིས། །རྟ་གདོང་མེ་ལྕེས་བསྲོས་པའི་མཚོ་གླིང་ལྗོང་། །འབྲས་དཀར་ལྷུན་པོའི་རྒྱུས་བསྐྲུན་ཆོས་སྐུའི་རྟེན། །བྱང་ཆུབ་ཡན་ལག་མཚོན་པའི་དཀྱིལ་འཁོར་རྒྱ། །ཡངས་དོག་མཐའ་ལས་འདས་པའི་གནས་གང་དུ། །སྟོན་མཆོག་མཛད་པའི་ཉིན་བྱེད་རྫོགས་ཉེ་ཞིང་། །སྐར་བདག་མེ་ཟླའི་དགའ་མའི་དཔལ་གྱིས་གང་། །དགའ་སྟོན་སོས་ཀྱི་དང་པོ་གསར་དུ་ངོམས། །སྐལ་མཆོག་འདུས་པའི་གྲལ་འགྲིགས་གང་གི་ཚེ། །གཏུམ་གཟུགས་གནོད་སྦྱིན་བདག་པོའི་བཞིན་བསྐུང་ནས། །རྗེས་བརྩེའི་མི་གཟུགས་ལྷུམས་སུ་སླར་ཞུགས་པ། །ཙནྡྲའི་མཚན་གྱི་བསྔགས་འོས་མི་བདག་དང་། །སྐལ་མཐུན་དབང་རྣོན་སར་གནས་འཁོར་གང་ལ། །བྱིས་བློར་སོ་སོར་སྣང་བའི་ཕྱི་ནང་གཞན། །ཟུང་འཇུག་གཉུག་མའི་ངོ་བོར་རོ་གཅིག་པས། །ངེས་དོན་སྙིང་པོ་ལེགས་སྟོན་ཐེག་རྩེའི་ཆོས། །དགོངས་ཟབ་རྡོ་རྗེའི་ཐེག་པ་བགྲོ་བར་མཛད། །དེ་ལྟར་ཕུན་ཚོགས་ལྔ་ལྡན་


ZP01_Page_540
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དཔུང་། །སྲིད་ཁམས་ཁྱོན་དུ་བགྲེང་བའི་རྨད་བྱུང་གཟུགས། །བློ་གསལ་བློ་ཡི་མེ་ལོང་ཁྱོན་ཆུང་ངུའི། །ཐོས་བརྩོན་དྭངས་ལ་གང་སྣང་དང་པོའི་གཏམ། །བསྡུ་བཞིའི་ཕྲིན་ལས་མཐར་ཕྱིན་ཐུབ་དབང་གི །མཛད་མཆོག་འབྲས་རྒྱུན་ཁུར་ལྕི་ཆོས་ཉིད་ཕྱིར། །བྱང་ཕྱོགས་ཆ་བསགས་གྲོང་གི་ཆོས་ཀྱི་ཁྲིར། །མཚན་གྲངས་ཚེས་རྒྱལ་རིགས་ལྡན་རིམ་པར་བྱོན། །ཁྱད་པར་སྣ་ཚོགས་རིགས་དང་བཀའ་རྒྱ་ཆེ། །རྡོ་རྗེའི་རིགས་གཅིག་བསྡུས་རྒྱུད་ལེའུ་ལྔར། །སྡུད་མཛད་མི་བདག་གྲགས་པའི་གསུང་གི་མདུད། །པད་དཀར་འདབ་བརྒྱ་བཞེད་པའི་འོད་ཀྱིས་བཀྲོལ། །འཕགས་ཆེན་ཟམ་མ་ཆད་པའི་བཤད་སྒྲུབ་ཀྱི། །དཔུང་ཤུགས་བཙན་པོས་བསྐྱངས་པའི་ལུང་རྟོགས་བསྟན། །གངས་ལྗོང་ཤར་རིའི་ཕྲག་པར་ཕེབ་པའི་དཔལ། །ལོ་པཎ་ཆོས་སྤྱན་ལྡན་མང་དྲིན་གྱིས་གྲུབ། །དགོངས་ཟབ་རྣམ་པར་འགྲེལ་པའི་བཤད་ཚོགས་གཏམ། །ཁྲོན་རྫིང་ཆུ་ཀླུང་ཚོགས་བཞིན་རྣམ་མང་པོ། །ཉེས་བྱེད་རྙོགས་མ་བགྲུང་བའི་ཀེ་ཏ་ཀ །རྒྱ་མཚོ་རྣམ་གསུམ་རྣམ་དཔྱོད་རྩལ་ལས་འཁྲུངས། །རྒྱ་ཆེའི་རིགས་ལམ་སྟོང་གིས་གྲུབ་པའི་གཞུང་། ལག་ལེན་གནད་དུ་དྲིལ་བའི་མན་ངག་བཅུང་། །བཻ་ཌཱུར་དཀར་པོའི་དོ་ཤལ་ཉིན་བྱེད་བཞིན། །སྣང་འདི་ད་ལྟའི་བློ་གསལ་སྤྱི་ཡི་མིག །གུས་རྟག་བརྩོན་པའི་ཤུགས་ཡུན་ཁ་ལོ་རྟ། །མཉམ་དང་མི་མཉམ་གྱུར་པ་བདག་ལྟ་ཡང་། །སྐྱེས་ཐོབ་ཤེས་རབ་ཉི་


ZP01_Page_541
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་འོད་རྣོན་གཟིས། །ལམ་འདིའི་ཕྱོགས་འགའ་བློ་ལ་སྣང་བར་གྱུར། །དེ་འབྲས་ཀུན་ཕན་ཟླ་བའི་དཀྱིལ་འཁོར་བཞིན། །གྱུར་ནས་མཁའ་ལ་སྒང་གཤོང་འཁོར་ལོའི་འགྲོས། །ས་སྟེང་ལེགས་ཉེས་སྦྱིན་པའི་བླང་དོར་འབྲས། །སྟོན་བྱེད་མ་ནོར་རི་མོའི་ལམ་དུ་འགོད། །གཟའ་བརྒྱད་དབྱུག་གུའི་རྩེ་མོར་ལྷན་ཅིག་ཚོགས། །ཞག་གསུམ་སྣ་མཉམ་སྟོང་ཆེན་ལ་ཚོགས་ལས། །སྔོན་ཆད་རྩིས་གཞི་མ་བརྩིས་སྣོན་བཏབ་སྟེ། །ཟླ་དང་ཟླ་བཤོལ་འཕྲོ་གྲངས་གཏན་ལ་ཕབ། །ཉིན་བྱེད་རླུང་འགྲོས་གླིང་བཞིའི་མཁར་འཁོར་ཡུན། །བསིལ་བྱེད་གང་སྟོང་མངའ་ཟླའི་ཆ་དང་གཉིས། །གང་བའི་རྩིས་ལྷག་ཀུན་དོར་ད་ལྟ་བའི། །བར་ཁྱད་གནས་དྲུག་མཆོད་རྟེན་བཞིན་དུ་བརྩེགས། །འགྲོས་བཞིས་རྩེ་འཇོ་རོལ་པའི་འོད་དཀར་ཅན། །འཕེལ་འགྲིབ་ཚུལ་གྱིས་རྒྱུ་བའི་བགྲོད་བྱེད་ཆ། །མ་ནུ་ཟུང་དུ་ཟློས་པའི་རྒྱུ་སྐར་གྲངས། །རྫོགས་དང་དུམ་བུའི་ངེས་པ་གཉིས་སུ་ཕྱེ། །བཅུ་གཉིས་ར་ཤིའི་ཡུལ་གྱི་དབྱུག་སྲང་དབུག །མྱུར་བུལ་རྟ་བདུན་འགྲོས་ཀྱིས་ཇི་ལྟར་སྤྱོད། །རྟགས་དང་རྐང་ལོང་རགས་དང་ཞིབ་ཚུལ་གྱི། །གཏན་ཕབ་རི་མོའི་སྣང་བཅིར་ཡང་བཀྲ། །དེ་ལྟར་རྣམ་བཞིའི་གཞི་ལས་ལེགས་རྩིས་པའི། །ཞག་གསུམ་སྦྱོར་བྱེད་དང་བཅས་ལྔར་བསྡུས་པའི། །ཡུལ་དུས་བདག་པོའི་ལྷ་ཡིས་ཕན་གནོད་འབྲས། །མཁའ་རོ་རྩེ་མོའི་གྲངས་ཀྱི་རེ་མིག


ZP01_Page_542
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ། །དེ་ལས་འཕྲོས་པའི་ཡན་ལག་མང་དག་དང་། །ཐོག་མར་གཏམ་གྱི་སྦྱོར་བ་ཇི་སྙེད་བཅས། །ལོ་གཅིག་ངེས་པ་རྣམ་གསལ་ལིའུ་ཐུ། །སྐབས་དོན་སྙིང་པོར་དྲིལ་ནས་འདི་རུ་བཀོད། །དགེའོ།། ༈ །།ཕྱི་རུ་སྣང་དང་མི་སྣང་ཕྱེད་སྣང་བའི། །སྲིད་པ་རྨི་ལམ་གྲོང་ཁྱེར་ཉམས་དགར་བདེ། །སྐྱོང་དང་མ་ཡིན་རྟེན་དང་བརྟེན་པའི་ཆོས། །རྟེན་ཅིང་འབྲེལ་འབྱུང་ནང་གི་རང་རྩལ་ཉིད། །ནང་དུ་འབྱུང་ལྔ་ཡེ་ཤེས་རྡོ་རྗེའི་ཁམས། །དག་དང་མ་དག་མ་དག་པ་ཡི་རྒྱུ། །གཞི་འབྲས་ལམ་སྣང་རྩ་རླུང་ཐིག་ལེའི་གནད། །ཡེ་ནས་དག་ཆེན་གཞན་གྱི་བཀོད་པར་རྫོགས། །གཞན་དུ་ཡོངས་གྲོལ་གདོད་མའི་ཧེ་རུ་ཀ །སྣང་དང་སྟོང་དང་སྣང་སྟོང་ཟུང་དུ་འཇུག །ལྷུན་འགྲུབ་ཐིག་ལེ་འོད་ལྔའི་བཀོད་རྫོགས་པ། །གཞིར་བཞེངས་ནང་དང་ཕྱི་ཡི་ཆོས་ཉིད་ཡིན། །ཕྱི་ནང་གཞན་གསུམ་དབྱེར་མེད་དེ་ཁོ་ན། །གཅིག་མིན་ཐ་དད་མ་ཡིན་གདོད་ནས་ཏེ། །བདེན་གཉིས་ཕྱོགས་སུ་ལྷུང་བའི་གཡོན་ཅན་ལ། །ཤེས་བྱའི་སྤྱི་ཁོག་ཁྲོལ་བ་ཇི་ལྟར་ཡོད། །མཉམ་པ་ཆེན་པོའི་གཤིས་ལ་གང་ཡང་གྲོགས། །སྒྱུ་མའི་རྣམ་རོལ་ཤེས་ན་སུ་ཡང་བདེན། །ཕྱི་ནང་རྟེན་འགྲེལ་འདིར་མཁས་གནད་དོན་གཅིག་བྱང་ཆུབ་སྤྱོད་ལ་ལམ་མིན་ཇི་ཞིག་ཡོད། །དེ་སླད་གནས་སྐབས་བླངས་དང་དོར་བྱའི་མིག །


ZP01_Page_543
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ནི་བདེན་གཉིས་དོན་ལ་སྐྱོར་བའི་གནད། །རིམ་བཀོད་རེ་མིག་རྣམ་འགྱུར་བརྒྱ་ཕྲག་གི །ཡིད་འོང་བློ་སྣང་སྦྱིན་གྱིས་དེར་གཟིགས་ཤིག །དཔལ་སྤྲུལ་པས་སོ། །དགེའོ།། །།


previousལྀའུ་ཐུའི་མགོ་རྒྱན་དཔྱོད་ལྡན་མཁས་པའི་ཡིད་འཕྲོག་བློ་གསལ་སྙིང་གི་མུན་སེལ་སྔོན་མེད་ལེགས་བཤད་ཟླ་བའི་འོད་སྣང་།next