Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
ཡོན་ཏན་མཛོད་ཀྱི་འཆད་ཐབས་ཡིད་ཀྱི་མེ་ལོང་།
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡོན་ཏན་མཛོད་ཀྱི་འཆད་ཐབས་ཡིད་ཀྱི་མེ་ལོང་།next

ཡོན་ཏན་མཛོད་ཀྱི་འཆད་ཐབས་ཡིད་ཀྱི་མེ་ལོང་།


ZP02_Page_193
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མཛོད་ཀྱི་འཆད་ཐབས་ཡིད་ཀྱི་མེ་ལོང་བཞུགས།།


ZP02_Page_194
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་པོ་སྣོད་དུ་རུང་བའི་ཆོས་ལ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ། དེའི་མཛད་པའི་ཆོས་ཀྱི་ཆེ་བ། ཆེ་བ་དེ་ལྟ་བུ་དང་ལྡན་པའི་ཆོས་བཤད་ཅིང་ཉན་པའི་ཚུལ་དང་གསུམ་ལས། དང་པོ་ནི། བདེ་བར་གཤེགས་པའི་བསྟན་པ་ལ་གུས་པས་ལེགས་པར་འཛིན་པ། ཐོས་བསམ་རྟོག་གེའི་ཤེས་རབ་ཀྱིས་སྦྱང་བརྩོན་མ་མཛད་ཀྱང་ཆོས་ཉིད་ཇི་ལྟ་བའི་ཡེ་ཤེས་དོན་དམ་པའི་གནས་ལུགས་རྫོགས་པ་ཆེན་པོ་ཆོས་ཉིད་མངོན་སུམ་དུ་གཟིགས་པའི་རྩལ་ལས་ཆོས་ཅན་ཤེས་བྱའི་གནས་ཚུལ་ཇི་སྙེད་མཁྱེན་པའི་ཡེ་ཤེས་བསྒོམ་བྱུང་གི་ཤེས་རབ་ཀློང་རྡོལ་ཏེ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་མངའ་དབང་འབྱོར་ཞིང༌། རྗེས་ཐོབ་སྙིང་རྗེ་ཆེན་པོས་རང་གཞན་གྱི་དོན་ལ་བརྩོན་པའི་གོ་ཆ་བགོས་པ་རྫོགས་ཆེན་པོ་རང་བྱུང་རྡོ་རྗེའམ་རིག་འཛིན་འཇིགས་མེད་གླིང་པ་ཞེས་བྱའོ། །ཆོས་ནི་ཐེག་པ་མཐའ་དག་གི་སོགས་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡོན་ཏན་རིན་པོ་ཆེའི་མཛོད་ཅེས་བྱ་བ་ཡིན་ནོ། །ཆིངས་ཆེན་པོ་ལྔ་ལས། དང་པོ་དགོས་པ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལེའུ་བཅུ་གསུམ་གྱི་བདག་ཉིད་ཉེ་བར་བཀོད་པ་ལས། སྐལ་པ་དང་ལྡན་པའི་གང་ཟག་གིས་ཐོས་པ་དང་བསམ་


ZP02_Page_195
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བསྒོམ་པས་བདེ་བླག་ཏུ་རྟོགས་ཏེ་ཞུགས་པས། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་འགྲུབ་པའི་ཐབས་དམ་པར་གྱུར་པ་ནི་འདིའི་དགོས་པའོ། །བསྡུས་པའི་དོན་ནི། ལམ་ལ་འཇུག་པའི་རྒྱུ་དང༌། ལམ་དངོས་དང༌། མཐར་ཐུག་གི་འབྲས་བུ་གསུམ་དུ་འདུ་ཞིང༌། ཚིག་གི་དོན་ནི། གཞུང་རྒྱ་ཆེར་བཤད་པའི་སྐབས་བཞིན་ལ། སྔ་ཕྱི་འབྲེལ་བའི་མཚམས་སྦྱོར་ནི། ལེའུ་དང་པོས་དལ་འབྱོར་གྱི་རང་བཞིན་རྙེད་པར་དཀའ་བའི་རྒྱུ་མཚན་བཤད་དེ་ཆོས་ལ་འཇུག་པའི་རྒྱུ་བྱེད་ཅིང༌། ལེའུ་གཉིས་པས་དེ་ལྟ་བུའི་དལ་འབྱོར་དེ་ཡང་མི་རྟག་པའི་རང་བཞིན་དུ་བསྟན་པས་ཆོས་ལ་མྱུར་དུ་འཇུག་ཅིང་བརྩོན་འགྲུས་ཀྱི་ཕྱི་བཤོལ་དུ་མི་ལུས། ལེའུ་གསུམ་པས་དེ་ལྟར་མི་རྟག་པར་གྱུར་ནས་ཀྱང་སྲིད་པ་ཕྱི་མར་དཀར་ནག་གི་ལས་འབའ་ཞིག་གི་རྗེས་སུ་འབྲང་དགོས་པའི་ལས་འབྲས་ཀྱི་འདོར་ལེན་བཤད། དེ་ལྟར་དགེ་སྡིག་གི་འབྲས་བུ་རིགས་དྲུག་གི་གནས་ཡིན་པས་ལེའུ་བཞི་པས་འཁོར་བའི་སྡུག་བསྔལ་བསྟན། དེ་ལྟར་འཁོར་བ་སྡུག་བསྔལ་དུ་ཤེས་ནས་དེ་སྤོངས་པའི་ཐབས་དམ་པའི་ཆོས་ལ་འཇུག་པའི་སྒོ་འཁོར་ལོ་ཆེན་པོ་བཞིའི་ཚོམ་ལེའུ་ལྔ་པས་བཤད། དེ་ལྟར་འཁོར་ལོ་ཆེན་པོ་བཞིའི་


ZP02_Page_196
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ངེས་པར་ཚང་བའི་སྐྱེས་བུ་དེ་བསྟན་པ་ལ་འཇུག་པའི་གཞི་རྟེན་སྐྱབས་འགྲོ་ཡིན་པས་ལེའུ་དྲུག་པས་སྟོན། སྐྱབས་སུ་སོང་ནས་ཐེག་པ་ཆེན་པོའི་ལམ་ལ་འཇུག་པའི་ཐོག་མར་ཚད་མེད་བཞིའི་རང་བཞིན་ལེའུ་བདུན་པས་སྟོན། དེ་ལྟར་ཚད་མེད་བཞིས་བློ་སྦྱངས་བས་བྱང་ཆུབ་ཀྱི་སེམས་རང་ཤུགས་ཀྱིས་སྐྱེ་ཞིང་རྒྱུད་ལས་སུ་རུང་བར་བྱས་ནས་སེམས་བསྐྱེད་པ་དངོས་ལེའུ་བརྒྱད་པས་སྟོན། དེ་ལྟར་སེམས་བསྐྱེད་ནས་དེའང་བསླབ་བྱ་ལེགས་པར་བསླབ་པ་ལ་བརྟེན་ནས་མི་ཉམས་པར་བཟུང་དགོས་པས་ལེའུ་དགུ་པ་སྨོན་འཇུག་གི་བསླབ་བྱ་སྟོན། དེ་ལྟར་སེམས་བསྐྱེད་པའི་གང་ཟག་དེ་ངང་གིས་བློ་ཆེན་པོར་གྱུར་པས་ཆོས་ཟབ་མོའི་སྣོད་རུང་དུ་བྱས་ནས་ལམ་བདེ་མྱུར་དང་ལྡན་པས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་རུང་བ་ཡིན་པས་དེ་སྟོན་ཕྱིར་ལེའུ་བཅུ་པས་གསང་སྔགས་སྤྱིའི་རང་བཞིན་དང༌། བཅུ་གཅིག་པ་དང་བཅུ་གཉིས་པས་རྫོགས་པ་ཆེན་པོའི་གཞི་ལམ་གྱི་རྣམ་བཞག་ལེགས་པར་གཏན་ལ་ཕབས་ཏེ་དབང་རྣོན་ཚེ་གཅིག་གིས་གྲོལ་བའི་ལམ་བཟང་རྫོགས་པར་བསྟན་ནས་ལེའུ་བཅུ་གསུམ་པས་དེ་ལྟར་ལམ་མཐར་ཕྱིན་པའི་འབྲས་བུ་མཐར་ཐུག་པ་ལེགས་པར་བསྟན་པ་ཡིན་ནོ། །བརྒལ་ལན་གྱི་


ZP02_Page_197
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་བཤད་པ་ནི་གཞུང་རྒྱ་ཆེར་བཀྲོལ་སྐབས་ཉིད་དུ་ཕྱོགས་སྔ་མའི་རྩོད་པའི་རིགས་སུ་གཏོགས་པ་རྣམས་ལུང་རིག་གཏན་ཚིགས་ཀྱི་སྒོ་ནས་ལེགས་པར་སྤངས་ཏེ་འཆད་པར་འགྱུར་བ་ལས་ཤེས་པར་འགྱུར་རོ། །དཔལ་སྤྲུལ་གྱིས་གསུངས་སོ།། ༄༅། །མན་ངག་གི་བསྟན་བཅོས་ཡོན་ཏན་མཛོད་ཀྱི་བསྡུས་དོན་བསྡུས་པ་ཨུཏྤལ་གཞོན་ནུའི་ཕྲེང་བ་བཞུགས་སོ། །སྤྱིར་ཆོས་གང་ཞིག་འཆད་པ་ལ་བཤད་བྱའི་ཡན་ལག་བཤད་པ་དང༌། བཤད་བྱ་དངོས་བཤད་པ་གཉིས། དང་པོ་ལའང་བཤད་ཐབས་ཀྱི་ཚུལ་བསམ་པ། ཇི་ལྟར་བཤད་ཅིང་ཉན་པའི་ཚུལ། བཤད་ཅིང་ཉན་པའི་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་ལའང་སངས་རྒྱས་ཀྱིས། ཉན་ཐོས་དགྲ་བཅོམ་པས། མཁས་པ་པཎྜི་ཏས་ཆོས་འཆད་ཚུལ་གསུམ། སངས་རྒྱས་ཀྱིས་ཆོ་འཕྲུལ་གསུམ་གྱིས། ཉན་ཐོས་ཀྱིས་དག་པ་གསུམ་གྱིས། པཎྜི་ཏས་འཆད་ཚུལ་ལ་དཔལ་ན་ལེནྟྲའི་གཙུག་ལག་གི་པཎྜི་ཏ་རྣམས་ནི་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང༌། བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔས་འཆད། བི་ཀྲ་མ་ཤི་ལའི་པཎྜི་


ZP02_Page_198
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་རྣམས་ཉན་པ་པོ་སྣོད་དུ་རུང་བར་བྱེད་པ་དང༌། བསྟན་པའི་རྣམ་བཞགས་ངེས་པ་གཉིས་ཀྱིས་འཆད། ཉན་པ་པ་སྣོད་དུ་རུང་བའི་ཆོས་ལ་གསུམ། བསྟན་པའི་རྣམ་བཞག་ངེས་པ་ལ་གསུམ་གྱི་སྒོ་ནས་འཆད། གཉིས་པ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་ལ། འཆད་པ་པོའི་སློབ་དཔོན། ཉན་པ་པོའི་སློབ་མ། ཐུན་མོང་དུ་བྱ་བའི་རང་བཞིན་ནོ། །གསུམ་པ་བཤད་ཅིང་ཉན་པའི་ཚུལ་བསྟན་པ་གཞུང་བཞིན་ནོ། །བཤད་བྱ་དངོས་བཤད་པ་ལ། སྐབས་དོན་བྱེ་བྲག་ཏུ་བཤད་པ་དང༌། གཞུང་དོན་རྒྱས་པར་བཤད་པ་གཉིས། དང་པོ་ལ་ཆིངས་ཆེན་པོ་ལྔ་དང་དགོས་འགྲེལ་ཡན་ལག་བཞི་བཤད་པ་གཉིས། གཉིས་པ་གཞུང་དོན་རྒྱས་པར་བཤད་པ་ལ་ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་གསུམ། དང་པོ་ལ་མཚན་བཤད་པ། ཕྱག་འཚལ་བ། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་རྣམས་སོ། །གཞུང་དོན་ལེའུ་བཅུ་གསུམ། མཇུག་དོན་ལ་བསྟན་བཅོས་རྩོམ་པའི་རྒྱུ། ཉེས་པ་མཐོལ་བཤགས། རྗེས་འཇུག་སྤྲོ་བ་བསྐྱེད་པ། དགེ་རྩ་ཡོངས་སུ་བསྔོ་བ་དང་གསུམ་གྱིས་ཚང་ངོ༌། །དགེའོ། །ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེའི་ཀུན་བཟང་ཐེག་མཆོག་རྡོ་རྗེར་གསུངས་པའི་སྐབས་སུ་མཛད་པའོ།། །།


previousཡོན་ཏན་མཛོད་ཀྱི་འཆད་ཐབས་ཡིད་ཀྱི་མེ་ལོང་།next