Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་བཤད་པ།
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་བཤད་པ།next

བསྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་བཤད་པ།


ZP02_Page_435
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་བཤད་པ་བཞུགས་སོ།། །།


ZP02_Page_436
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང༌། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཀོ་ཤཾ་བྷི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་དང༌། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་སོ། །དང་པོ། མ་ཐོབ་པ་ཐོབ་པར་བྱེད་པའི་གཞི། བར་དུ་ཐོབ་པ་མི་ཉམས་པར་བསྲུང་བའི་གཞི། ཐ་མ་ཉམས་པ་ཕྱིར་བཅོས་ཀྱི་གཞི། ཐོབ་བྱེད་བསྲུང་ཐབ་ཕྱིར་བཅོས་ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞི་དང་བཞི། དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་རབ་བྱུང་གི་གཞི་གཅིག །བར་དུ་ཐོབ་པ་མི་ཉམས་པར་བསྲུང་བའི་གཞི་ལ། བསླབ་པ་ཡོངས་སྦྱོངས་ཀྱི་གཞི་གསུམ། བདེ་བར་གནས་པའི་རྐྱེན་གྱི་གཞི་


ZP02_Page_437
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། དང་པོ་བསླབ་པ་ཡོངས་སྦྱོང་ཀྱི་གཞི་ལ། གསོ་སྦྱོང༌། དབྱར་གནས། དགག་དབྱེ་གསུམ། དང་པོ་གསོ་སྦྱོང་ལ་ཞི་གནས་ཀྱི་གསོ་སྦྱོང་དང༌། མཐུན་པའི་གསོ་སྦྱོང་གཉིས། ཞི་གནས་ལ། འདོད་སེམས་རག་པ་ཞི་བྱེད། ཁམས་གོང་མའི་བསམ་གཟུགས། ཐར་པའི་ལམ་བྱང་ཕྱོགས་དང་གསུམ་ལས། དང་པོ་འདོད་སེམས་རག་པ་ཞི་བྱེད་ལ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོ་རྟེན་འབྲེལ། རྣམ་རྟོག་གི་གཉེན་པོ་དབུགས་འབྱིན་འཇུག་དྲན་པའི་སྒོམ་ཚུལ་ལོ། །གཉིས་པ་ཁམས་གོང་མའི་བསམ་གཟུགས་ལ། བསམ་གཏན་བཞི། གཟུགས་མེད་བཞི། གསུམ་པ་ཐར་པའི་ལམ་བྱང་ཕྱོགས་ལ། བྱང་ཆོས་སོ་བདུན་ནོ། །གཉིས་པ་མཐུན་


ZP02_Page_438
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསོ་སྦྱོང་ལ། དུས་ངེས་པ་དང་མ་ངེས་པ་གཉིས། ངེས་པ་ལ་བཅུ་བཞི་པ་དང་བཅོ་ལྔ་པ་གཉིས། མ་ངེས་པ་ལ། བཀྲ་ཤིས་པ་དང༌། གནོད་པ་བཟློག་པ། དགེ་འདུན་བསྡུམ་པའི་གསོ་སྦྱོང་དང་གསུམ། གཉིས་པ་དབྱར་གནས་ལ་ཕན་ཡོན་དང༌། དབྱར་གནས་དངོས་གཉིས། ཕན་ཡོན་ནི། འཕྱ་དང་སྲོག་ཆགས་གནོད་སྤོང་དང༌། ལུས་སྲོག་གནོད་སྤོང་རལ་གྲུམ་འཆོས། དོན་བྱ་ཉུང་དང་ཐོས་སོགས་འཕེལ། དགག་དབྱེ་སྲ་བརྐྱང་འབྱུང་བའོ། །གཉིས་པ། དངོས་ལ་ནང་ཁྲིམས་དང༌། དབྱར་སྔ་མ་ཕྱི་མ་གསུམ། གསུམ་པ་དགག་དབྱེ་ལ། དུས་ངེས་པ་དང༌། མ་ངེས་པ་གཉིས། དང་པོ་ལ། ལྟུང་བའི་དང༌། རྫས་ཀྱི་དགག་དབྱེ་གཉིས། མ་ངེས་པ་གློ་བུར་དགག་དབྱེ་དགོས་པའི་རྐྱེན་བྱུང་བ་ལྟ་བུའོ། །དེ་ཡན་གྱི་བསླབ་པ་ཡོངས་སྦྱོང་གསུམ་བཤད་གྲུབ། གཉིས་པ་བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ་ནི། སྨན་གྱི་གཞི། གོས་ཀྱི་གཞི། གནས་མལ་གྱི་གཞི་དང་གསུམ་ལས། དང་པོ་སྨན་གྱི་གཞི་ལ། སྨན་དངོས་དང་ཞར་བྱུང་རུང་ཁང་གཉིས་ལས། དང་པོ་ལ་དུས་རུང་དང༌། ཐུན་ཚོད། ཞག་བདུན། འཚོ་བཅད་ཀྱི་སྨན་དང་བཞིའོ། །དུས་རུང་ལ་བཟའ་བ་ལྔ་དང་བཅའ་བ་ལྔ་སྟེ། དེ་ཡང༌། སྣ་ཚོགས་འབྲས་ཆེན་ཟན་དང་ཤ༌།ཕྱེ་དང་ཁུར་བ་བཟའ་བ་ལྔ། །རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །ཞེས་སོ། །ཐུན་ཚོད་ཀྱི་སྨན་ནི། བཏུང་བ་མཚན་ཉིད་ལྔ་ལྡན་ཆུས་བཏབ་པ། ཚགས་ཀྱིས་


ZP02_Page_439
[མ་དཔེ་གཟིགས་ན་འདིར་གནོན།]

བཙག་པ་བཞིན་སྣང་བ་ཤིན་ཏུ་སླ་བ། འདམ་བུ་ཉག་མའི་ཁ་དོག་ལྟར་སྣང་བ་ལྔ། ཞག་བདུན་པ་ནི། ཞུན་མར། བུར་མ། ཧག་དང༌། ཞག་ལ་སོགས་པའོ། །འཚོ་བཅང་ནི། །ཇི་སྲིད་འཚོའི་བར་དུའོ། །རུང་ཁང་ལ། གསར་བ་དང༌། རྙིང་པ་དང༌། བ་གླང་གི་སླས་ལྟ་བུའོ། །གཉིས་པ་གོས་ཀྱི་གཞི་ལ། ཡོད་བྱད་དང་འབྲེལ་བའི་གོས། བག་ཡང་དང་འབྲེལ་བའི་སྲ་བརྐྱང༌། དམིགས་བསལ་དང་འབྲེལ་པའི་ཀོ་ལྤགས་གསུམ་དུ་ཕྱེ་བས་ལྔའོ། །དང་པོ་ལ། འཚོ་བའི་ཡོད་བྱད། མཁོ་བའི་ཡོད་བྱད། ལྷག་པའི་ཡོད་བྱད་དང་གསུམ། གཉིས་པ་དབྱར་གནས་ཀྱི་རྗེས་སུ་སྲ་བརྐྱང་བག་ཡང་གི་ཕྱིར་འབྱུང་བའོ། །གསུམ་པ་ཀོ་ལྤགས་ལ། ཡུལ་དབུས་དང༌། མཐའ་འཁོབ་ཀྱི་ཁྱད་པར་རོ། །གསུམ་པ་གནས་མལ་གྱི་གཞི་ལ། གནས་ཁང་བརྩིག་པ། མལ་སྟན་ལ་སྤྱོད་པ། ཞར་བྱུང་ཕྱག་བྱ་ཚུལ་ལོ། །དང་པོ་ཁང་པ་གཞུང་ནས་བཤད་པ་བཞིན། མལ་སྟན་སྤྱོད་ཚུལ། མི་སློབ་པ་ཡིས་བདག་པོར་སྤྱོད། །སློབ་པ་བྱིན་པར་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ལ། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོའི་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་བཞིན། །ཚུལ་འཆལ་རྣམས་ལ་ནམ་དུ་ཡང༌། །གཙུག་ལག་ཁང་དང་ཉེར་སྤྱད་བཀག །ཞེས་སོ། །ཕྱག་བྱ་ཚུལ་ལ། ཁྱིམ་པ་རྣམས་རབ་བྱུང་ལ། རབ་བྱུང་རྣམས་བསྙེན་པར་རྫོགས་པ། བསྙེན་པར་རྫོགས་པས་རྒན་པ་ལ། ཐམས་ཅད་ཀྱིས་རྫོགས་པའི་སངས་རྒྱས་ལ་ཕྱག་བྱའོ། །


ZP02_Page_440
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཐ་མ་ཉམས་པ་ཕྱིར་བཅོས་ཀྱི་གཞི་ལ། ལྟུང་བ་ཕྱིར་བཅོས་ལས། རྩོད་པ་ཕྱིར་བཅོས་གཉིས་ལས། དང་པོ་ལྟུང་བ་ཕྱིར་བཅོས་ལ། དམང་སེར་ཅན་ཕྱིར་བཅོས་ཀྱི་གཞི། སྤོ་བ་སྤྱོད་པས་གཞན་ན་གནས་པའི་གཞི། གང་ཟག་དུས་དང་དུས་མིན་བསྡུས་པའི་གཞི། གདམས་ངག་གསོ་སྦྱོང་བཞག་པའི་གཞི་དང་བཞི། དང་པོ་དམར་སེར་ཅན་ལ། སྤྲོ་བ་མཐོལ་བཤགས་དང༌། མི་སྤྲོ་བ་ནན་བརྟུལ་གྱི་ཕྱིར་བཅོས་གཉིས་ལས། དང་པོ་མཐོང་སྡོམ་ཐབ་མ་ལེགས་སོ། །མི་སྤྲོ་བ་ནན་བརྟུལ་ལ། བསྡིག་དམད། བསྐྲད་པ། ཕྱིར་འབྱེད། གནས་དབྱུང་དང་ལྔ་ལས། དང་པོ་བཞི་ལ་དབྱེ་བ་མེད། ལྔ་པ་གནས་དབྱུང་ལ། མ་མཐོང་བ། ཕྱིར་མི་འཆོས་པ། སྡིག་ལྟ་ཅན། འཐབ་ཀྲོལ་བྱེད་པ། མཐབ་ཀྲོལ་གྱི་རྒྱུ་སྒྲུབ་པ། དགེ་སློང་མ་ལ་འདྲིས་ཤིང་གནས་པ། ཆོས་རྣམ་པར་གཏན་ལ་དབབས་པས་ཞི་བར་མ་གྱུར་པ་དང་བདུན་ཏེ། དེ་རྣམས་གནས་ནས་དབྱུང་ངོ། །གཉིས་པ་སྤོ་སྤྱོད་ཀྱི་གཞི་ལ། སྤོ་བ་དང༌། མགུ་བ་དེ་གཉིས་ཀྱི་ཀུན་སྤྱོད་དང་དབྱུང་བའོ། །དང་པོ་སྤོབ་ལ། སྤོབ། གཞི་ནས་སྤོ་བ། གཞི་ནས་བསླང་སྟེ་སྤོ་བའོ། །གཉིས་པ་མགུ་བ་ལ། མགུ་བ། གཞི་ནས་མགུ་བ། གཞི་ནས་བསླང་སྟེ་མགུ་བ་དང་གསུམ། གསུམ་པ་དེ་གཉིས་ཀྱི་ཀུན་སྤྱོད་ལ། བཀུར་སྟི་མི་ལེན་པ། མཉམ་པོར་མི་སྤྱོད་པ། ལས་མི་བྱེད་པ། ཚོགས་སུ་མི་གནས་པ་ཐ་མར་དབང་བ་དང་ལྔའོ། །བཞི་པ་དབྱུང་བ་ལ་དབྱེ་བ་མེད། གང་


ZP02_Page_441
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་གཞི་ལ། བཅབ་པ་དང༌། མ་ཤེས་པ་དང༌། བབས་པ་ཚད་མེད་ལས་ཀྱི་སྡེ་ཚན་ལྔ། མང་པོའི་བཅོས་པ་དང་དྲུག་གོ །གདམས་ངག་གསོ་དགག་བཞག་པའི་གཞི་ལ། གཞི་བཅས་ཆོས་དང༌། གཞི་མེད་པར་གླེང་བ། གཞི་གཞན་གྱི་གླེང་བ། གཞི་བཤགས་ཟིན་གྱིས་གླེང་བ། ཆོས་མ་ཡིན་པ། དེ་དག་གང་ལས་བྱུང་བའི་དགེ་འདུན་ནོ། །གཉིས་པ་རྩོད་པ་ཕྱིར་བཅོས་ལ། རྩོད་པའི་གཞི། ཀཽ་ཤམ་བྷི་ལས་བྱེ་བའི་གཞི། དགེ་འདུན་དབྱེན་གྱི་གཞི་དང་གསུམ། དང་པོ་རྩོད་པའི་གཞི་ལ། དངོས་དང༌། ཞི་བྱེད་གཉིས། དང་པོ་ལ། འགྱེད་ཕྱིར། མི་གདམ་ཕྱིར། ལྟུང་ཕྱིར། བྱ་ཕྱིར་དང་བཞི། ཞི་བྱེད་ནི། མངོན་སུམ་དྲན་པ་མ་མྱོས་དང༌། དེ་བཞིན་གང་མང་ངོ་བོ་ཉིད། རྩྭ་རྣམས་བཀྲམ་པ་ལྟ་བུ་དང༌། ཁས་བླང་པར་ནི་བྱ་བའོ། །ཞེས་སོ། །དེ་ཡང་འགྱེད་ཕྱིར་ལ། མངོན་སུམ་དང༌། གང་མང་གཉིས་ལས། དང་པོ་མངོན་སུམ་ལ། སྔ་མ་སྔ་མས་མ་ཞི་ན། །ཕྱི་མ་ཕྱི་མས་ཞི་བར་བྱེད་པ་སྟེ། དེ་ཡང་བརྒྱད་ལས། རྒོལ་དང་གཟུ་དང་དགེ་འདུན་གཞི་བོ་དང༌། གསལ་བ་དང་ནི་གསལ་བའི་གསལ་བ་དང༌། དགེ་འདུན་གཞན་དང་སྡེ་སྣོད་འཛིན་པ་དང༌། གནས་བསྟན་མཐུ་དང་ལྡན་པས་བྱ་ཕྱིར་རོ། །གང་མང་ནི། དེས་མ་ཞིན། ཚུལ་ཤིང་བྲིམ་སྟེ། གང་མང་གི་ཕྱོགས་སུའོ། །གདམ་ཕྱིར་ལ། མངོན་སུམ། དྲན་པ། མ་མྱོས་གསུམ་ལས། དང་པོ་ལྟུང་


ZP02_Page_442
[མ་དཔེ་གཟིགས་ན་འདིར་གནོན།]

བ་གླེང་དུ་ཡོད་པ་ལ་སྔར་བཞིན་མངོན་སུམ་བརྒྱད། མེད་པ་ལ་བཞི། གཞི་མེད་པར། གཞི་གཞན་གྱི། ཕྱིར་བཟློག་པ། མྱོས་པས་བྱས་པ་གླེང་བ་དང་བཞི་ལས། དང་པོ་གསུམ་ལ། འདི་ལ་ཉེས་པ་མེད་དོ་ཞེས་གསོལ་བཞིའི་ལས་ཀྱི་དྲན་པ། བཞི་པ་མ་མྱོས་པའི་དུས་སུ་ཉེས་པ་མ་བྱས་པས་ལྟུང་བ་མེད་དོ། །ལྟུང་ཕྱིར་ལ། ངོ་བོ་ཉིད། ཁས་བླང༌། མངོན་སུམ། རྩྭ་བཀྲམ་བཞི་ལས། དང་པོ་ནི། ཉེས་པ་རང་གི་ངོ་བོ་མི་ཤེས་པ་ཚོལ་བ། རང་གི་ངོ་བོ་ཤེས་པ་ལའང་གཉིས་ཀྱིས། གླེང་བྱ་གླེང་བྱེད་ཁོ་ན་ལས་མ་འཕྲོས་ན་ཁས་བླང༌། འཕྲོས་པ་ལའང་གཉིས་ལས། གང་ཟག་ཉི་ཚེ་བ་དང༌། དགེ་འདུན་མཐའ་དག་དང་འབྲེལ་བའོ། །དང་པོ་ལ། མངོན་སུམ། ཕྱི་མ་ལ། རྩྭ་བཀྲམ་པ་ལྟར་ཕན་ཚུན་འདུད་དེ་ཐམས་ཅད་བློ་རྩེ་མཐུན་པས་ཞི་བར་བྱེད་དོ། །བྱ་ཕྱིར་ལ། དགེ་འདུན་ལས་ལ་མཐུན་པས་དངོས་སུ་ཞི་བ་དང༌། བརྒྱུད་ནས་ཞི་བྱེད་བདུན་པོ་ཐམས་ཅད་འཇུག་པའོ། །ཀཽ་ཤམ་བྷི་ལ། རྒྱུ་སྤང་བ། གཉེན་པོ་བརྟེན་པ་གཉིས་སོ། །དབྱེན་གྱི་གཞི་ལ། མཚན་ཉིད། ཉེས་དམིགས། ཞི་བྱེད་དོ། །ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞི་ལ། ལས་བརྒྱ་རྩ་གཅིག་པའོ། །སེམས་ཅན་དུ་གཏོགས་པ་དང་མི་གཏོགས་པ་ལ་བྱ་བའོ། །གཏོགས་པ་ལ་བསྙེན་པར་རྫོགས་པ་དང༌། མ་རྫོགས་པ་ལ་བྱ་བ་གཉིས། ཐམས་ཅད་ལ་ཡང༌། ཆོས་དང༌། ཆོས་མ་ཡིན་པ་དང་མཐུན་པ་དང༌། མི་མཐུན་པའི་བྱ་བ་སྟེ། སྔ་མ་བསྒྲུབ་བྱ་དང༌། ཕྱི་


ZP02_Page_443
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཉིས་སྤང་བྱའོ། །དགེའོ། །གསུངས་རྒྱུན་ཟིན་བྲིས་ཞིག་ཡིན་པ་འདྲ། བཀྲ་ཤིས་པར་ཤོག། །།


previousབསྒྲུབ་པའི་བསླབ་བྱ་གཞི་བཅུ་བདུན་བཤད་པ།next