Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངོ་སྤྲོད་གནད་ཀྱི་མེ་བཙའ།
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངོ་སྤྲོད་གནད་ཀྱི་མེ་བཙའ།next

ངོ་སྤྲོད་གནད་ཀྱི་མེ་བཙའ།

༈ ངོ་སྤྲོད་གནད་ཀྱི་མེ་བཙའ་བཞུགས། །དུས་དང་རྣམ་པ་ཐམས་ཅད་དུ་བཟང་ངན་གྱི་རྟོག་ཚོགས་གང་ཤར་གྱི་ངོ་བོ་ལ་ཕར་བལྟས་པས་སྟོང་ཞིང་སྟོང་པ་ཉིད་དོ་སྙམ་པའི་བློ་དེ་ཉིད་ལས་མ་འདས་པའི་ངང་གིས་ཡུལ་སྟོང་པ་འཁོར་ཡུག་གི་རང་གཞིན་ཅན་འདྲའི་སྟོང་ཆ་ཆེན་པོ་སྟོང་པའི་ཕྱོགས་ནས་སྣང་བ་གཏད་མེད་རྒྱ་ཡན་ལྷུག་པ་འདྲ་བ་ཞིག་ནམ་ཡང་འདུག་པའི་དུས་སྐབས་སུ་དེ་ཡི་ངང་དུ་མཉམ་བཞག་བྱེད་པ་དེ་ལ་དགོས་པ་ཅི་ཡང་མི་འདུག་སྟེ། སྟོང་ཆ་དེ་ཉིད་ཡོད་ཀྱང་ཆོག་སྟེ་མེད་ཀྱང་ཆོག །དོན་ལ་སྒོམ་པ་ཁ་ཕྱིར་བལྟས་སུ་ཤོར་བའི་སྟོབས་ཀྱིས་ཡུལ་སྟོང་ཕྱོགས་སུ་སྣང་བ་ཙམ་རེ་འདྲའོ། །མདོར་ན་ཁ་ཕྱི་རུ་རྣམ་རྟོག་གི་ཆ་ལ་མི་བལྟ། ཁ་ནང་དུ་ངོ་བོ་རང་རིག་གི་གཤིས་སུ་ལྟོས་ལ་ཡང་ནས་ཡང་དུ་རིག་པ་ཧུར་ཕྱུང་བ་ནི་གནད་ཆེའོ། །ལྟ་སྒོམ་ལ་ཉམས་ལེན་གནད་དུ་དེ་ལྟར་བྱས་ནས་རིག་གདངས་གསལ་བའི་མདངས་ལ་ངར་བའི་ཆ་དང་བཅས་པའི་གཤིས་དེར་རྣམ་རྟོག་འཆར་དུ་མེད་པས་བཟང་ངན་གྱི་རྟོག་པ་ལ་རིས་སུ་ཕྱེ་རྒྱུ་མེད་པ་དེའོ། །དེ་སྟོང་ངོ་བསམ་རྒྱུ་སྤུ་ཙམ་མེད་དེ་སྤང་


ZP02_Page_452
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བེ་ཕུར་བཏབ་པ་བཞིན་དུ་ལྷན་ནེར་སྡོད་ཚུགས་པ་ཞིག་བྱུང་བར་གྱུར་ན་དེ་ནི་གནད་ཆེ་སྟེ། ཤེས་རིག་རང་ཚུགས་ཟིན་པ་མཆོག་ཏུ་ལྷག །ཅེས་གསུངས་པས། དེ་ལྟར་དུ་ངོ་བོ་རང་ཚུགས་སྐྱོང་བའི་མུ་བྱས་པས་མི་ཆོག་པ་ནི་ནམ་ཡང་ལོས་ཡོད་དེ། དེས་མི་ཆོག་ན་ནི་ངས་ཅང་མི་ཤེས་སོ། །ལར་ལམ་བསླབ་པ་གསུམ་པོ་ཇི་བཞིན་དུ་གོ་དགོས། དེ་ཡང་གོ་བ་ཙམ་གྱིས་མི་ཆོག་སྟེ་གནད་དུ་ཐེང་དགོས། གནད་དུ་མ་ཐེང་པའི་ཆོས་ཐོས་བསམ་སྒོམ་གསུམ་གྱིས་ཅི་བྱེད་དོན་མེད་དོ། །སྡོམ་པ་དེ་ཡང་མདོ་དོན་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་རྣམ་པར་དག་པས་རང་རྒྱུད་དོན་ཡོད་དུ་སྡོམ་པར་བྱ་བ་གལ་ཆེ་ཆེ། ནང་པ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་པའི་རྩ་བའི་དོན་དམ་གང་ཡིན་པ་དེ་ནི་ལེགས་པར་ངོ་ཤེས་དགོས། ངོ་མ་ཤེས་ན་རྒྱལ་བའི་རྗེས་འཇུག་ནི་མིན་པས། དེ་ཤེས་ནས་དོན་གྱི་རྩ་བ་དེ་ཉམས་སུ་ལེན་པར་བྱ་དགོས་ངེས། རྣལ་འབྱོར་རང་བཅའ་བ་རྔ་རང་ལྕགས་ཟེར་བའི་དཔེ་དོན་ལྟར་ཡིན་པ་ནི་ལོས་གོ །དེ་གོ་ནས་བཟུང་སྟེ་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་འཁོར་བའི་བྱ་བྱེད་ཕལ་ཆེར་ཐམས་ཅད་རྣལ་འབྱོར་པའི་ཐུགས་དམ་མིན་ཏེ་ཉམས་ལེན་གྱི་རྩ་བ་མ་ཡིན་མོད། རྣལ་འབྱོར་པའི་ཉམས་ལེན་ཐུགས་དམ་གྱི་རྩ་བ་གང་ལ་མཛད་ན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལམ་བསླབ་པ་གསུམ་སྟེ་ལུང་རྟོགས་ཀྱི་ཆོས་རྣམས་ཉམས་ལེན་ཞིབ་ཏུ་མཛད་དགོས། དེ་ཡང་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པ་ལ་ཡིན་པའི་རྟགས་ཡོད་དགོས་པས། གྲུབ་ཐོབ་གོང་མའི་ཉམས་མགུར་


ZP02_Page_453
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྣམ་ཐར་སོགས་ལ་བལྟས་ཏེ། ལེགས་པར་དེའི་རྗེས་སུ་སྙོགས་པ་ནི་དོན་གྱི་གལ་ཆེའོ། །ཞེས་དཔལ་སྤྲུལ་པས་སོ།། ༈ །བླ་མ་ལ་ཕྱག་འཚལ་ལོ། །བསམ་གྱིས་མི་ཁྱབ་རྫོགས་པ་ཆེན་པོའི་དོན། །ཡེ་གྲོལ་རང་བཞིན་རྗེན་པར་སྟོན་མཛད་པའི། །ཀུན་མཁྱེན་ཡབ་སྲས་བརྒྱུད་པ་བཅས་རྣམས་དང༌། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྐྱོན་ཡོན་གྲུབ་བསལ་སྤང་བླང་ལས་འདས་པའི། །ད་ལྟའི་ཤེས་པ་རང་བབ་ལྷུག་པ་ནི། །བཅོས་ཤིང་བསྒྱུར་མེད་རིག་པའི་ཡེ་ཤེས་ཏེ། །ངང་དེར་གནས་ན་ལྟ་བསྒོམ་ཟུང་དུ་འཇུག །བསྒོམ་པ་ཤེས་ཀྱང་གྲོལ་བར་མ་ཤེས་ན། །བསམ་གཏན་ལྷ་དང་འདྲ་བར་གསུངས་པས་ན། །རྟོགས་པའི་གདེངས་ཚད་གྲོལ་ཐོག་བཟུང་བ་གཅེས། །མི་གནས་སེམས་འཛིན་གནས་ཆའི་བསམ་གཏན་གྱིས། །གནས་སྐབས་ཉོན་མོངས་མགོ་བོ་ནོན་གྱུར་ཀྱང༌། །རང་གྲོལ་རྟོགས་པའི་གནད་གསང་མ་ཤེས་ན། །རྐྱེན་དང་འཕྲད་ཚེ་རྟོག་པའི་དུག་རོ་སྡང༌། །རང་ཤར་རང་གྲོལ་རྟོགས་པའི་གནད་ཤེས་ན། །སྤང་བླང་རྣམ་རྟོག་ཆུ་ཡི་རི་མོ་བཞིན། །འཕྲལ་ལ་སྐྱེ་ཡང་ཚུགས་མི་ཐུབ་པར་འཇིག །སྐྱེས་གྲོལ་དུས་མཉམ་རང་ཚུག་མི་ཐུབ་པའི། །ངན་རྟོག་སྐྱེས་ཀྱང་ལས་ངན་མི་གསོག་སྟེ། །སྐད་ཅིག་རྟོག་པས་སུ་ལ་ཕན་གནོད་ཡོད། །རང་སར་གྲོལ་བའི་གནད་དང་མི་ལྡན་ན། །འོག་འགྱུའི་རྣམ་རྟོག་ཉོན་མོངས་རྒྱུན་འབྱམས་ལ། །རང་ངོ་ཤེས་ཙམ་དྲན་པས་ཟིན་ན་ཡང༌། །བཟང་ངན་


ZP02_Page_454
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པས་རེ་དོགས་བསྐྱེད་པ་ཡིས། །འདུ་བྱེད་ལས་བསགས་འཁོར་བའི་རྒྱུ་རུ་འགྱུར། །དེ་ཕྱིར་སེམས་གནས་ཉམས་མྱོང་སྟོང་ལས་ཀྱང༌། །རང་གྲོལ་རིག་པའི་སྐད་ཅིག་གཅིག་ལྷག་པས། །ཡེ་གྲོལ་རང་གྲོལ་ཤར་གྲོལ་ཅེར་གྲོལ་སོགས། །ལྟ་བསྒོམ་སྤྱོད་པའི་གནད་ཀུན་གཅིག་ཡིན་ཕྱིར། །རང་གྲོལ་རྟོགས་པའི་གནད་ལ་གོམས་པར་མཛོད། །གནད་འདི་ཤེས་ན་ལྟ་བསྒོམ་གཞན་མི་དགོས། །བཟང་རྟོགས་ཐམས་ཅད་ཞེན་མེད་རྒྱན་དུ་འཆར། །དགེ་བར་བརྩོན་ཡང་མཆོག་འཛིན་རློམ་སེམས་མེད། །ངན་རྟོག་ཐམས་ཅད་སྤྲུལ་མདུད་བཞིན་ཏུ་འཇིག །དུག་ལྔ་སྐྱེས་ཀྱང་སྐད་ཅིག་རང་སར་གྲོལ། །བར་མའི་རྟོག་ཚོགས་རང་བཞག་རིག་པའི་ཀློང༌། །རང་ཤར་རང་གྲོལ་མཁའ་ལ་བྱ་རྗེས་འདྲ། །འཁོར་བའི་རྩ་བ་འཁྲུལ་པའི་རྣམ་པར་རྟོག །རྣམ་རྟོག་ལམ་ཁྱེར་གྲོལ་བའི་གདེངས་ལྡན་ན། །འཁོར་བ་མྱང་འདས་དབྱིངས་སུ་གྲོལ་ཞེས་བྱ། །གྲོལ་ཚད་གདེང་གིས་རྐྱེན་ངན་ལམ་སློང་བའི། །གནད་འདི་མེད་ན་ཁ་ལྟ་སྟོང་སྐད་ཀྱིས། །གོ་ཡུལ་རྟོགས་པའི་ཁ་བོ་སྨྲ་ན་ཡང༌། །རང་གཤིས་ངན་པའི་རང་མཚང་ལྷུག་པར་སྟོན། །དུག་ལྔའི་ཨ་འཐས་ཐ་མར་པ་ལས་ཐུ། །དེ་འདྲ་གང་ཡིན་གྲོལ་ཚད་མི་ཤེས་སྐྱོན། །དེ་ཕྱིར་ལྟ་བསྒོམ་སྤྱོད་པའི་གནད་འགགས་དོན། །གྲོལ་ལུགས་རྟོགས་པའི་གདེངས་ཚད་འདིར་ཐུག་པས། །རྐྱེན་དང་སྲེས་ནས་རྟོགས་པའི་ལམ་ཁྱེར་གཅེས། །དེ་སྐད་རང་གི་རྒྱུད་ལ་ཡོད་མིན་ཡང༌། །ཀུན་མཁྱེན་བླ་མ་སངས་རྒྱས་སྐུ་དངོས་དེའི། །གསུང་ལ་བརྟེན་ནས་འཁྲུལ་མེད་བྲིས་


ZP02_Page_455
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི། །ཉམས་ལེན་གནད་འགགས་ཡིན་གྱིས་ཐུགས་ལ་ཆོངས། །སརྦ་མངྒ་ལཾ།། །། ༈ རིམ་རྩོལ་སྤྲོས་པས་མ་ཡིན་ཇི་བཞིན་ཉིད། །སྐད་ཅིག་རང་ངོ་མཐོང་བས་གདོད་མའི་གཞིར། །ལྷུན་རྫོགས་རྒྱལ་ཐབས་ཁྲི་ལས་མི་གཡོ་བའི། །མི་འགྱུར་མཆོག་གི་ཉེ་ལམ་གཟིགས་ཁྱོད་རྒྱལ། །སྔགས་རིག་གྲུབ་བརྙེས་བརྒྱུད་པའི་ལྷ་གྲལ་ནས། །གསང་ཆེན་བདུད་རྩིའི་མྱོས་པའི་ཉམས་ལེན་ལྟོའི། །ཆོས་བརྒྱད་འགོ་ལྤགས་ལྷོད་པའི་དལ་བག་ཅན། །སྔ་འགྱུར་བསྟན་པའི་མལ་ན་བརྗིད་པ་ཉིད། །གནས་དབེན་སྤོས་ཀྱི་རི་ལ་བག་ཕབ་ཅིང༌། །ཡང་དག་རྟོགས་པའི་མྱོས་བུམ་མཐོ་བའི་ཁུར། །ངེས་འཛིན་བྱ་བྲལ་ས་སྲུང་དབང་པོ་ལ། །བསྟོད་བསྔགས་གསེར་གྱི་དྲྭ་བས་བརྒྱན་པར་འོས། །གང་ན་བཤད་བསྒྲུབ་གསེར་གྱི་འཁོར་ལོ་ཡིས། །ཕྲིན་ལས་རྩིབས་སྟོང་གཡོ་བས་མདུན་བཏེགས་སྟེང༌། །བཀའ་བབས་ཐེག་པའི་རྒྱལ་སྲིད་བདུན་ལྡན་གྱིས། །མི་གཏོང་གང་ཁྱོད་ཡང་དག་འཁོར་ལོའི་བསྒྱུར། །གང་གི་གསང་གསུམ་ཕྲིན་ལས་འོད་སྟོང་གཟི། །ཉེས་ཕྱོགས་ལྷ་མིན་ཁ་ཕྲུས་མ་རེག་པར། །ལེགས་ལམ་རླུང་གི་ཤིང་རྟས་བཏེགས་འགྲོས་གཏམ། །འདི་རུ་རྣ་བའི་བདུད་རྩི་གཅིག་ཏུ་ཆས། །གཞན་ཕན་བདུད་རྩིའི་ཟིལ་དངར་འབུམ་ཕྲག་ཐིག །མཐའ་ཡས་སྐལ་བཟང་སྐྱེ་བོའི་གདུང་གཞིལ་སྨན། །གཅིག་ཏུ་ངེས་པའི་ངང་ཚུལ་དེ་ཤེས་ནས། །སྙིང་གི་ཀུནྡ་མི་དགོད་ཡོངས་མ་མཆིས། །འདི་ན་འདི་སྣང་སྲིད་པའི་སྒྱུ་མ་ལ། །


ZP02_Page_456
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཡེང་རྣམ་པར་འཁྲུལ་པའི་བྷུ་སུ་ཀུ། །ལེགས་ལམ་ལེགས་པར་སྤྱོད་པའི་སྐབས་ཕྲ་ཡང༌། །ལྔ་ཕུང་ལྔ་པའི་ལམ་དུ་མ་གྱེས་ཙམ། །ཀྱེ་མ་ལྷུན་གྲུབ་འོད་གསལ་དབྱིངས་ཀྱི་གཞི། །འཕོ་མེད་ཀུན་བཟང་དགོངས་པའི་ལྷ་ལམ་དུ། །གཅེན་གྱུར་རིམ་གཉིས་གཤོག་ལྡན་ཁྱུ་གཤེགས་ཏེ། །ནུ་སྡུག་དཔལ་སྤྲུལ་སྨྱོན་པ་འཁོར་མཚོར་ལུས། །རྟག་འཛིན་ཤེ་མོང་རྒྱས་པའི་ཁུར་ལྕིད་ཀྱིས། །མི་སྤང་འཕྲལ་སྣང་ཞེན་པའི་མི་ལུས་འདི། །ཉེ་ལམ་ཐེག་རྩེའི་འཕུར་འགྲོས་སྦྱང་དཀའ་ཡང༌། །ངེས་འབྱུང་རྐང་གིས་གོམ་འདེགས་སྤང་དེ་འགྱོད། །ད་གདོད་ཡིད་ཀྱི་འཁྲི་ཤིང་འཁྱོགས་པོའི་རྩེར། །དད་གསུམ་འདབ་མ་གཡོ་བའི་པུཥྤ་ཀས། །ཉམས་ལེན་སྙིང་པོའི་སྦྲང་རྩིའི་རོ་མངར་བཅུད། །འཛིན་འདོད་རྟེན་འབྲེལ་སྨོན་པ་སྙིང་ལ་བཅང༌། །འོན་ཀྱང་ལེགས་སྨོན་ཆབ་ཀྱིས་མ་དྲན་པའི། །འཁྲུལ་སྣང་ཚ་ཟེར་རྣོན་པོའི་རེག་བྱ་འདིས། །སྙིང་གི་ཐ་རྒོད་བསྲེག་པའི་བྱེ་ཚན་ལ། །ཆོས་མཐུན་ངེས་པའི་འབྲས་བུ་མི་སྨིན་དོག །དེ་སྐད་འཕྲོས་འོས་གཏམ་གྱི་གླེང་སློང་ཚིག །རང་ཚུལ་ངེས་པའི་ཞུ་འཕྲིན་ཙམ་ལགས་ཏེ། །ད་དུང་ཁྱེད་ཕྱོགས་བཏུད་པའི་སོར་བཅུའི་འདབ། །དད་འདུན་སྙིང་དུ་ཟླུམ་སྟེ་ཆེད་མོས་དོན། དེང་སྐུ་རིན་པོ་ཆེ་གསུང་གི་དབེན་གནས་མཆིམས་ཕུའི་ཡང་དབེན་ཆེན་པོར་སྒྲུབ་པ་ནན་ཏན་གྱི་འཁོར་ལོ་སྒྲུབ་བརྒྱུད་བསྟན་པའི་སྲོག་རྩ་སྦོམ་པོར་བཅས་ཏེ། སླར་ཡང་སྨིན་གྲོལ་བདུད་རྩིའི་སྒོ་འབར་བརྒྱ་ཕྲག་ཏུ་ཕྱེ་བའི་རིག་འཛིན་འདུ་བའི་གླིང་


ZP02_Page_457
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་བའི་བཀའ་འཁོར་ལོ་གསུམ་གྱི་འཆད་ཉན་དྲི་མ་མེད་པའི་ཁུར་བཞེས་པ་ནི་བསྟན་པའི་སྤྱི་རྒྱ་ལ་སྨན་ཞིང༌། ངོས་ཅག་ལྟོས་བཅས་ཀྱི་རྣ་བའི་བདུད་རྩི་གཅིག་ཏུ་ངེས་པས་བཀའ་དྲིན་བླ་ན་མེད་པར་འཁུམས་ཤིང༌། དྲེགས་ལྡན་ཆེ་དགུའི་རལ་ཀླུང་ལ་བརྫི་བའི་མི་ཆོས་ཀྱི་གོ་ས་མཐོ་བ་ཙམ་ནི་བརྒྱུད་པ་རིན་པོ་ཆེ་འདིའི་ཕྱག་སྲོལ་དུ་ཐུགས་རྩེ་གཏོད་པའི་སྨོན་ཡུལ་དུ་མི་མཛད་པ་མཁྱེན་བཞིན་ལགས་ཤིང༌། ཅོར་ཆུང་མགོ་ཡང་གི་སྐྱེ་བོའི་ཁ་སྨོན་ལ་རྒྱུ་མཚན་གང་ཡང་མེད་པས། ཉིད་རིན་པོ་ཆེ་སྙོམས་ཆུང་ཀུ་སུ་ལུའི་སྤྱོད་པ་ཁོ་ནས་ཡབ་མེས་ཀྱི་སྲོལ་བཟུང་བ་ལ་རྗེས་སུ་ཡི་རང་བགྱིད་པ་ནི་ཁོ་བོ་ཙམ་དུ་བས་ལགས། འདི་ཕྱོགས་ནའང་ཆོས་བརྒྱད་ཀྱི་མགོ་བསྐོར་དང༌། འདི་སྣང་གི་འགྲོ་དོན་ལ་མོས་པ་སྙིང་པོར་བྱེད་པ་ཙམ་ལས། ཡང་དག་པའི་བཤད་སྒྲུབ་ཀྱི་བྱ་བརླབས་ཆེན་པོ་ལ་ཟླ་དུས་མང་པོར་ཁོམ་པ་ནི་སུ་ཡང་མེད་ཕྱིར་ཁ་ཙམ་གྱི་སྐད་ཆ་སྙིང་ནས་འོང་བའི་ངེས་པ་མེད་པས། ད་དུང་ཡང་རིན་པོ་ཆེའི་དགོངས་པ་སྔ་མུ་ལས་མི་གཡོ་བས། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་གང་ཡང་རུང་བར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་བརྒྱུད་པ་རིན་པོ་ཆེའི་ཕ་ཆོས་ཟིན་པ་དང༌། རྗེས་འཇུག་གི་སྐྱེ་བོའི་མིག་སྲོལ་ལེགས་ཤིང༌། སྙོམས་ལས་མཁན་བདག་ལྟ་བུ་དགའ་


ZP02_Page_458
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གར་སྙིང་དབུས་སུ་རྩེ་ཞིང༌། གང་གི་རྗེས་སུ་སློབ་པའི་བརྩོན་པའི་གོ་ཆ་མི་འདོར་བར་དངོས་མཇལ་གྱི་དགའ་སྟོན་ལ་སྤྱོད་པའི་གསོལ་བ་འདེབས་པ་ལགས་ཤིང༌། གལ་སྲིད་ཤར་ཕྱོགས་ཀྱི་ཉི་མ་འཆར་དུ་བྱུང་ན་ཉི་ཐིག་གར་ཡོད་དུ་ཉི་གཟིགས་གཟོད་ཕེབས་དང་ཆོག་པ་དེ་ཚུལ་དགོངས་ཀློང་རིན་པོ་ཆེར་བསྟི་འཇགས་ཞུ་ཞིང༌། སླད་མར་ཡང་ཚིགས་སུ་བཅད་དེ་གསོལ་བ། །གང་རི་ཐོད་དཀར་རིན་ཆེན་སྙིང་པོའི་མགུར། །མངོན་སུམ་འོད་གསལ་དགོངས་པ་མི་གཡོ་བའི། །དྲི་མེད་འོད་ཟེར་སངས་རྒྱས་གཉིས་པ་དེ། །བཀའ་བབས་བརྒྱུད་པའི་ཁྲི་འཕང་དཔང་མཐོ་བ། །གང་ལ་མཆིས་ཏེ་ཆོས་བརྒྱད་མལ་འོག་ཏུ། །ཉལ་མིན་པ་ཆོས་སྙིང་ཐིག་ཡིད་བཞིན་ནོར། །སྙིང་བཅིང་དབེན་པའི་གནས་སུ་གསང་ཆེན་གྱི། །ཉམས་ལེན་ཁོ་ནར་གཞོལ་བ་ཁྱད་ཆོས་ཡིན། །ཀློང་ཆེན་དགོངས་པའི་ཡང་བཅུད་བདུད་རྩིའི་དྭངས། །འཆི་མེད་ཉོན་མོངས་གདུང་སེལ་ལེགས་བཤད་རྒྱུན། །ཐུགས་ཀྱི་དཔལ་བེར་སིམ་པའི་མྱོས་མིག་ཟུར། །འདི་སྣང་དགའ་བའི་དོ་རར་གཡོ་བ་མེད། །དེང་དུས་སྙིགས་མའི་བྱ་སྤྱོད་ཤུགས་དྲག་པོས། །སྙིང་ལ་དགོངས་མལ་བཏབ་པའི་སྟོན་ཆེན་གཟུགས། །སྡིག་སྤྱོད་མི་ཆེན་སྐྱེ་བོའི་ངོ་འཛིན་ཙམ། །གཅིག་ཏུ་འབད་པས་སྒྲུབ་ལ་སུ་ཡིད་གཏོད། །སྨོན་འཇུག་བྱང་ཆུབ་


ZP02_Page_459
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ཕྲིན་ལས་སྟོབས། །མིག་ཡེལ་སྙིང་སྟོབས་ཆེར་སྤྱོད་རྒྱལ་བའི་སྲས། །བདེ་བའི་རྡོ་རྗེ་སྙིང་གི་མ་ཎི་ཀ༌།བསྟན་འགྲོའི་ཉི་མ་དེ་ཡང་གུང་ལ་བསྟོད། །དེས་ན་བརྒྱུད་པ་རིན་ཆེན་བསྟན་པའི་སྲོག །ཡབ་མེས་གོང་མའི་ཕ་ཆུས་དམ་པའི་སྲིད། །བཤད་སྒྲུབ་འཁོར་ལོ་གཉིས་ཀྱི་སྐྱོངས་པའི་ཁུར། །ཁྱོད་གཅིག་ཁོ་ནར་བབས་ཀྱི་གཞན་ལ་མིན། །དེ་སླད་ལྟོས་བཅས་རེ་བའི་དཔལ་སྐོང་ཞིང༌། །སྒྲུབ་བརྒྱུད་བསྟན་པའི་ཕྱག་བཞེས་རྒྱུན་བསྐྱང་སྟེ། །མཆོག་ཏུ་མི་འགྱུར་རྡོ་རྗེའི་ཆོས་བདུན་ཀློང༌། །ཞབས་པད་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག། །།རྟེན་ལྷ་རེག་བཅས་དཔལ་སྤྲུལ་པས་གུས་པས་ཕུལ་བ་ལགས། །དགེའོ།། །


previousངོ་སྤྲོད་གནད་ཀྱི་མེ་བཙའ།next