Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པ།
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པ།next

ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པ།


ZP02_Page_461
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །འོ་དེ་རིང་གི་སྐབས་སུ་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ལེན་པ་ནི། སྐྱབས་སེམས་མཎྜལ་སོགས་སྔོན་དུ་འགྲོ་བས་དགོངས་གསོལ་སོང་རྗེས། ཇི་ལྟར་སྔོན་གྱི་སོགས་ཀྱི་འབྲུ་འགྲེལ་ཅུང་ཟད་བཤད་ན། ཇི་ལྟར་ན་དུས་སྔོན་གྱི་དེ་བཞིན་གཤེགས་པ་ཆོས་ཉིད་དེ་བཞིན་ཉིད་དང་རྗེས་སུ་མཐུན་པར་གཤེགས་པས་ན་དེ་བཞིན་གཤེགས་པ། ལས་ཉོན་གྱི་དགྲ་ཐམས་ཅད་བཅོམ་པས་ན་དགྲ་བཅོམ་པ། ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཡང་དག་པར་མཁྱེན་ཅིང༌། མ་རིག་པའི་གཉིད་ལས་སངས་པ་དང༌། ཤེས་བྱ་ཐམས་ཅད་ལ་ཐོག་པ་མེད་པའི་ཡེ་ཤེས་རྒྱས་པས་སངས་རྒྱས་ཏེ། སྔོན་སྲིན་མོའི་གླིང་དུ་འཁྱམས་པའི་དེད་དཔོན་སེངྒེ་སོགས་ཚོང་པ་ལྔ་བརྒྱ་ཚེའི་དུས་བྱེད་དུ་ཉེ་བ་ན་རྟ་ཅང་ཤེས་སྤྲིན་གྱི་ཤུག་ཅན་གྱིས་སྲོག་གི་འཇིགས་པ་ལས་བསྐྱབས་ཏེ་འཛམ་བུའི་གླིང་དུ་ཕྱིན་པ་ལྟར་སྟོན་པས་གནང་བའི་ཡན་ལག་བརྒྱད་ཀྱི་ཚུལ་ཁྲིམས་སོགས་བསླབ་པ་སྣ་གཅིག་བསྲུང་བ་ཡན་ཆད་འཁོར་བའི་སྲིན་གླིང་ནས་ཐར་པའི་གྲོང་དུ་ཕྱིན་པས་ན་རྟ་ཅང་ཤེས་ལྟ་བུ། བརྒྱ་བྱིན་གྱི་གླང་ཆེན་ས་ལ་རབ་བརྟན་མགོ་བོ་སུམ་ཅུ་རྩ་གསུམ་པ། དེས་སྣ་ལྕགས་དེ་སྙེད་ཀྱིས་གནམ་ལྕགས་ཀྱི་རལ་གྲི་འཁོར་


ZP02_Page_462
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རི་བོ་སོགས་འཕེན་པས་ལྷ་མིན་གྱི་གཡུལ་ངོ་བཟློག་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་བའི་གཡུལ་དང་བདུད་ཀྱི་དཔུང་རྣམས་ཕམ་པར་མཛད་པས་གླང་པོ་ཆེན་པོ། རང་དོན་བྱང་ཆུབ་སྒྲུབ་པའི་བྱ་བ་ཆེན་པོ་བྱས་ཤིང༌། དེ་ཡང་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་བྱས་ལ། སྡུག་བསྔལ་གྱི་ཁུར་མ་ལུས་པ་བོར་ཞིང༌། དང་པོ་གཞན་དོན་དུ་ཐུགས་བསྐྱེད་དེ་བསྐལ་པ་མང་པོར་ཚོགས་བསགས་ཀྱང་འབྲས་བུ་རང་གི་དོན་སྤང་རྟོགས་མཐར་ཕྱིན་པ་སངས་རྒྱས་ཀྱི་གོ་འཕང་རྗེས་སུ་ཐོབ་པ། སྲིད་པ་འདིར་རྣམ་པ་ཀུན་ཏུ་སྦྱོར་བའི་སྲེད་ལེན་མ་རིག་པ་དང་བཅས་པ་གཏན་ནས་ཟད་པ། བསླུ་བ་མེད་པ་ཡང་དག་པའི་བཀའ་དང༌། ངོ་བོ་ཡེ་ནས་རྣམ་པར་དག་ཅིང་གློ་བུར་སྒྲིབ་གཉིས་ཀྱི་དྲི་མ་ལས་ལེགས་པར་རྣམ་པར་གྲོལ་བའི་ཐུགས་དང༌། མ་རིག་པའི་འཆིང་བ་ལས་ལེགས་པར་གྲོལ་ཞིང་ཤེས་བྱ་ཐམས་ཅད་མཁྱེན་པའི་ཤེས་རབ་ཅན་རྒྱལ་བ་དེ་དག་གིས། སེམས་ཅན་ཉི་ཚེ་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དང༌། དེ་ཡང་གནས་སྐབས་སུ་ཕན་པ་དང་མཐར་ཐུག་གི་གྲོལ་བ་ཐོབ་པའི་ཕྱིར་དང༌། གནས་སྐབས་ཀྱི་ཕན་པ་ལ་བཀྲེས་ཤིང་སྐོམ་པས་གདུང་བའི་མུ་གེ་དང༌། རླུང་མཁྲིས་བད་ཀན་སོགས་ཀྱི་ནད་


ZP02_Page_463
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་བྱ་བའི་ཕྱིར་དང༌། མཐར་ཐུག་གི་གྲོལ་བ་ལ་ཡང་རིགས་ཅན་གསུམ་གྱི་ཁམས་དབང་བསམ་པའི་དབྱེ་བས་ཐེག་པ་རང་རང་གི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་ཏེ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་དང༌། མཐར་ཐུག་ཉན་རང་གི་བྱང་ཆུབ་ལས་དྲངས་ཏེ་རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་བླ་ན་མེད་པའི་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་ཐོབ་པར་བྱེད་པའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང་ཀུན་སློང་དེ་ལྟ་བུའི་སྒོ་ནས་དགེ་ཚོགས་གསོ་ཞིང་ཉེས་ལྟུང་སྦྱོང་བར་བྱེད་པ་གསོ་སྦྱོང་གི་སྡོམ་པ་བླངས་ཏེ་སང་ཉི་མ་མ་ཤར་གྱི་བར་དུ། ཇི་ལྟར་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱིས་སྲོག་གཅོད་སོགས་ཉེས་སྤྱོད་མཐའ་དག་རྟག་ཏུ་སྤངས་པ་ལྟར། ཡན་ལག་བརྒྱད་ཀྱི་བསྲུང་བྱ་རྣམས་ཤེས་བཞིན་དུ་བསྲུང་བར་བྱའོ་སྙམ་པའི་ཚིག་རྗེས་དོན་དྲན་དུ་མཛོད་ཅིག །དགེའོ། ༈ །ཚེ་རབས་ཀུན་ཏུ་མགོན་པོ་འཇམ་དཔལ་དབྱངས། །རིགས་ཀྱི་བདག་པོར་ཐོབ་ནས་འགྲོ་ཀུན་ལ། །བྱང་ཆུབ་སྤྱོད་པའི་ལམ་བཟང་གསལ་མཛད་པ། །རྒྱལ་སྲས་ཞི་བ་ལྷ་ལ་ཕྱག་འཚལ་ལོ། །མཉམ་མེད་


ZP02_Page_464
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་གི་རྒྱན་གཅིག་ཀཿདམ་པ། །ཀུན་ཏུ་འོད་ཀྱི་ས་བརྙེས་གཙང་སྟོན་པ། །ཐམས་ཅད་མཁྱེན་དངོས་དཔལ་ལྡན་བྱམས་པ་འབུམ། །བསྟན་པའི་འབྱུང་གནས་གསུམ་ལ་གསོལ་བ་འདེབས། །ཡོངས་རྫོགས་བསྟན་པའི་མངའ་བདག་བསོད་ནམས་འབུམ། །བསྐྱེད་རྫོགས་དགོངས་པ་མཐར་ཕྱིན་ཡེ་ཤེས་འབུམ། །གསད་གསོའི་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་དཔལ། །བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས། །ཞེས་ཀཿཐོག་སྐུ་འབུམ་དུ་བཞུགས་པའི་མཆོད་རྟེན་དྲུང་ནས་ཞབས་བསྐོར་མཛད་ཚེ་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའོ།། །།


previousཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པ།next