Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
ངོ་སྤྲོད་གནད་ཀྱི་མེ་བཙའ།
   
   
   
   
   
   
   
   


 
previousངོ་སྤྲོད་གནད་ཀྱི་མེ་བཙའ།next

ངོ་སྤྲོད་གནད་ཀྱི་མེ་བཙའ།


ZP02_Page_541
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་བཞུགས་སོ། །


ZP02_Page_542
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །བསླབ་པ་ཀུན་ལས་བཏུས་པ་འདི་ལ་བཞི། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། གང་གིས་མཛད་པའོ། །དང་པོ་ནི། །རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཀ་རི་ཀ །བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། གཉིས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གསུམ་པ་གཞུང་དོན་ལ་གཉིས། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང༌། བསླབ་བྱ་ལ་སློབ་པའོ། །དང་པོ་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། དཀོན་མཆོག་ལ་ཡིད་ཆེས་ཀྱི་དད་པ། རྫོགས་བྱང་དོན་གཉེར་གྱི་འདུན་པ་གསུམ་རྒྱུར་བྱས་ནས་སེམས་བསྐྱེད་བརྟན་པོར་བཟུང་བ་སྟེ། འདི་


ZP02_Page_543
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བདག་དང་གཞན་དག་ཀྱང༌། །འཇིགས་དང་སྡུག་བསྔལ་མི་འདོད་པར། །བདག་དང་བྱེ་བྲག་ཅི་ཡོད་ན། །གང་དེ་བསྲུང་ལ་གཞན་མི་བསྲུང༌། །སྡུག་བསྔལ་མཐར་འབྱིན་འདོད་པ་དང༌། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱ་སྟེ། །བྱང་ཆུབ་ལ་ཡང་བློ་བརྟན་བྱ། །གཉིས་པ་ལ་གཉིས། རྣམ་གྲངས་རྒྱས་པ་ལ་སློབ་པ་དང༌། གནད་དོན་བསྡུས་ཏེ་སློབ་པའོ། །དང་པོ་ནི། ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལ་བལྟས་ཏེ་གཞུང་དོན་ཇི་ལྟ་བ་བཞིན་ངེས་པར་བྱས་ནས། དེ་དག་ལས་བྱུང་བ་བཞིན་སློབ་པ་སྟེ། བྱང་ཆུབ་སེམས་པའི་སྡོམ་པ་ནི། །རྒྱས་པར་ཐེག་པ་ཆེ་


ZP02_Page_544
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྱུང༌། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སློབ་པའོ། །གཉིས་པ་ནི། བསླབ་བཏུས་ལས། དེ་ལྟར་རྒྱ་ཆེར་གསུངས་པས་བདག་ལྟ་བུའི་བློ་ཞན་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་བས་ན། དེ་ལ་ཇི་ལྟར་བྱ་བའི་རིགས་གང་ཞེ་ན། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནས་རྣམས་འདིར་རིག་བྱ། །ཞེས་བྱང་སེམས་ཀྱི་སྡོམ་པ་བསྡུས་ནས་བཞིར་བསྟན་ཏེ། བདག་གི་ལུས་དང་ལོངས་སྤྱོད་དང༌། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང༌། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་ཏེ། བདག་གིས་ལུས་ཏེ་ཕུང་པོ་ལྔ་དང་དེ་གནས་པའི་རྒྱུར་གྱུར་པའི་ཉེར་མཁོ་ལོངས་སྤྱོད་དང༌། དུས་གསུམ་གྱི་དགེ་བ་རྣམས་སེམས་ཅན་ལ་ལྟོས་མེད་དུ་བཏང་བ་ནི་སྦྱིན་པའོ། །དེ་ལྟར་བྱིན་པ་དེ་དག་ཀྱང་སེམས་ཅན་ལ་ལོངས་སྤྱོད་དུ་འོང་བར་བྱ་བའི་ཕྱིར་བསྲུང་དགོས་ཏེ། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་སྦྱིན་པར་བྱ། །མ་བསྲུངས་ལོངས་སྤྱོད་ག་ལས་འོང༌། །གང་མི་སྤྱོད་པས་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་བསྲུང་བར་བྱ། །ཞེས་པས་སྤྱིར་བསྲུང་བའི་ཐབས་བཤེས་གཉེན་ལ་བསྟེན་ཅིང༌།


ZP02_Page_545
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་ཆོས་ཡོངས་སུ་འཛིན་པ་སྟེ། །དགེ་བའི་བཤེས་གཉེན་མི་བཏང་ཞིང༌། །མདོ་སྡེ་དག་ལ་རྟག་བལྟ་བས། །ལུས་ལ་སོགས་པ་བསྲུང་བར་བྱ། །ཞེས་སོ། །དེ་ལ་དབྱེ་ན་གསུམ་ལས་ལུས་བསྲུང་བ་ནི། །དེ་ལ་ལུས་བསྲུང་གང་ཞེ་ན། །གནོད་པར་འགྱུར་བ་སྤང་བ་སྟེ། །ཞེས་ཏེ་ལུས་ལ་ཚེ་འདི་དང་ཕྱི་མར་འགྱུར་བའི་གནོད་པ་སྤང་བའི་ཕྱིར་ཆོས་དང་ཆོས་སྨྲ་བ་ལ་སོགས་པ་བསྲུང་བ་གསུམ་དང༌། རྩ་བའི་ལྟུང་བ་དང་མི་དགེ་བ་བཅུ་དང་ཆོས་སྤོང་གི་ལས་ལ་སོགས་པ་སྤང་བ་དེ་རྣམས་སྤང་བའི་ཐབས་གཞན་དོན་དུ་མི་འགྱུར་བའི་བྱེད་པ་སྤོང་བ་སྟེ། དེ་ཀུན་གང་གིས་འཐོབ་ཅེ་ན། །འབྲས་བུ་མེད་པའི་བྱེད་སྤངས་པས། །ཞེས་སོ། །དེ་རྣམས་འགྲུབ་པའི་ཐབས་ནི་དྲན་པ་ཡིན་ལ། དེ་གུས་པ་ལས་འབྱུང༌། དེ་ཤེས་བཞིན་ལས་འབྱུང༌། དེ་ཞི་གནས་ལས་འབྱུང་སྟེ། དེའང་རྟག་ཏུ་དྲན་པས་འགྲུབ། །དྲན་པ་ཤིན་ཏུ་གུས་ལས་འབྱུང༌། །གུས་ནི་ཞི་བའི་ཆེ་བ་ཉིད། །ཤེས་པར་གྱུར་ནས་རྟུན་པ་བསྐྱེད། །མཉམ་བཞག་ཡང་དག་ཇི་བཞིན་དུ། །ཤེས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་སོ། །ཞི་གནས་ཀྱང་དྲན་ཤེས་བཞིན་གྱིས་ཕྱི་རོལ་གྱི་གཡོ་བ་ལྡོག་པས་འགྲུབ་ལ། དེ་ལྟ་བུའི་སྒོ་ནས་སེམས་ཅན་ལ་འདུན་པའི་སྤྱོད་པ་བྱ་སྟེ། དེ་ལྟར་མ་ཡིན་ན་གཞན་བྱང་སེམས་ལམ་དད་པས་དམྱལ་


ZP02_Page_546
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྲོ་བའི་ཕྱིར་ཏེ། ཕྱི་རོལ་གཡོ་བ་བཟློག་པ་ཡིས། །སེམས་ནི་ཞི་ལས་མི་གཡོ་ཞིང༌། །ཀུན་ཏུ་མི་རྒོད་འཇོམས་པ་དང༌། །དྲན་ཞིང་མཉེན་པར་སྨྲ་བ་ཡིས། །སྐལ་ཅན་སྐྱེ་བོ་འདུན་པར་འགྱུར། །བཟུང་བར་འོས་པའང་སྐྱེ་བར་འགྱུར། །འདི་ནི་བཟུང་འོས་མ་ཡིན་ན། །འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙེས། །ཐལ་བས་གཡོགས་པའི་མེ་བཞིན་དུ། །སེམས་ཅན་དམྱལ་ལ་སོགས་པར་བསྲེགས། །དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར། །གང་གིས་སེམས་ཅན་མ་དད་གྱུར། །དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས། །དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ། །ཞེས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་མ་རུང་བར་འགྱུར་བ་ལས་བསྲུང་བའི་དོན་དུ་བདག་བསྲུང་ཞིང་གཏན་དུ་ན་བའི་རྐྱེན་གྱིས་སྨན་དང་གོས་དང་གསང་སྔགས་ཀྱི་ཆོ་གས་ལུས་བསྲུང་སྟེ། འདི་ནི་བདག་ལུས་བསྲུང་བ་སྟེ། །སྨན་དང་གོས་ལ་སོགས་བཅས་པས། །བདག་ལ་སྲེད་པས་ལོངས་སྤྱད་ན། །ཉོན་མོངས་བཅས་པའི་ལྟུང་བར་འགྱུར། །ཞེས་སོ། །དེ་ལུས་བསྲུང་བའོ། །ལོངས་སྤྱོད་ལ་ལོངས་སྤྱོད་རྣམ་དགེ་བའི་ལས་བྱེད་ཅིང་ཚོད་ཟིན་པར་བྱེད་པ་ནི་ལོངས་སྤྱོད་བསྲུང་བ་སྟེ། ལེགས་སྤྱད་དགེ་ལ་བརྩམ་པར་བྱ། །དེ་ལྟར་བསླབ་པའི་གཞི་འདི་ལས། །དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ། །ཞེས་སོ། །


ZP02_Page_547
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་འབྲས་བུ་རང་དོན་དུ་སྨིན་པར་འདོད་པ་དང་འགྱོད་པ་དང་རློམ་སེམས་ཀྱིས་སྒྲོགས་པ་དང༌། རྙེད་བཀུར་ལ་ཆགས་པ་དང་ང་རྒྱལ་དང་བྱང་སེམས་ལ་མ་དད་པ་དང༌། ཆོས་ལ་ཐེ་ཚོམ་ཟ་བ་རྣམས་སྤང་ནས་བླ་མེད་བྱང་ཆུབ་ཏུ་བསྔོ་བ་ནི་དགེ་བ་བསྲུང་བ་སྟེ། རང་དོན་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུང་བར་འགྱུར། །འགྱོད་པར་ཡང་ནི་མི་བྱ་སྟེ། །བྱས་པར་གྱུར་ཀྱང་བསྒྲག་མི་བྱ། །རྙེད་དང་བཀུར་སྟིའི་འཇིགས་བྱ་ཞིང༌། །ཁེངས་པ་རྟག་ཏུ་སྤང་བར་བྱ། །བྱང་ཆུབ་སེམས་དཔའ་དད་བྱ་ཞིང༌། །ཆོས་ལ་ཡིད་གཉིས་སྤང་བར་བྱ། །ཞེས་ཏེ། ལོངས་སྤྱོད་བསོད་ནམས་བསྲུང་བའོ། །དེ་ནས་ལུས་ངག་ལ་སེམས་ཅན་ལ་ཕན་པ་མ་དག་ན་མི་ཕན་པས་སྦྱང་དགོས་ཏེ། ལུས་ནི་རྣམ་པར་སྦྱང་བྱས་ན། །ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ། །འབྲས་ཆེན་ལེགས་པར་ཚོས་པ་དང༌། །ཟེགས་མེད་ལུས་ཅན་ཕན་པ་འདྲ། །ཇི་ལྟར་ལོ་ཏོག་བཙས་ཁོབས་ན། །ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར། །དེ་ལྟར་སངས་རྒྱས་མྱུ་གུ་ཡང༌། །ཉོན་མོངས་ཁོབས་ན་རྒྱས་མི་འགྱུར། །ཞེས་སོ། །དེ་ནས་ལུས་དག་པར་བྱ་བའི་ཕྱིར་སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱང་བ་དང༌། སྐྱོ་བས་སྟོན་མི་ནུས་པའི་གཉེན་པོ་བཟོད་པ་དང༌། ཐོས་པ་ཆུད་མི་ཟ་བའི་ཐབས་སུ་བརྩོན་འགྲུས་དང༌། ཐོས་ཀྱང་འདྲེས་མར་གནས་པའི་


ZP02_Page_548
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོར་དགོན་པ་བསྟེན་པ་དང༌། དེར་རྣམ་གཡེང་སྤངས་ནས་མཉམས་པར་བཞག་སྟེ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང༌། ཞེ་སྡང་གི་གཉེན་པོ་བྱམས་པ། གཏི་མུག་གི་གཉེན་པོར་རྟེན་འབྲེལ་བསྒོམས་པས་ཉོན་མོངས་སྦྱང་བ་སྟེ། དེ་རྣམས་ཀྱིས་སེམས་ཡོངས་སུ་སྦྱང་བའོ། །སེམས་ལས་སུ་རུང་ནས་དྲན་པ་ཉེ་བར་བཞག་པ་བསྒོམས། དེས་སེམས་ལས་སུ་གྱུར་ནས་སྟོང་ཉིད་བསྒོམ་སྟེ་དེ་རྣམས་ལུས་ཡོངས་སུ་དག་པ་སྟེ། ལུས་ཀྱི་དག་པ་གང་ཞེ་ན། །སྡིག་དང་ཉོན་མོངས་རྣམས་སྦྱང་ཡིན། །རྫོགས་སངས་རྒྱས་ཀྱི་གསུང་ཚུལ་དུ། །འབད་པ་མེད་ན་ངན་འགྲོར་འགྲོ། །བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་པ་བརྩོན་བྱ་ཞིང༌། །མི་སྡུག་ལ་སོགས་བསྒོམ་པར་བྱ། །ཞེས་སོ། །ལོག་འཚོ་སྤངས་པ་དང་དགེ་བ་ཐབས་ཤེས་ཟུང་འབྲེལ་དུ་བསྐྱེད་པས་ལོངས་སྤྱོད་དང་བསོད་ནམས་དག་སྟེ། ཡང་དག་འཚོ་བ་སྦྱངས་པ་ཡིས། །ལོངས་སྤྱོད་དག་པར་ཤེས་པར་བྱ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །ཞེས་སོ། །དེ་ལྟར་གསུམ་པོ་དག་པར་བྱས་ཀྱང་མ་སྤེལ་ན་འདོད་པ་རྫོགས་པར་མི་ནུས་པས་སྤེལ་དགོས་སྟེ། བཟུང་བར་བྱ་བ་རབ་མང་ལ། །འདི་ནི་ཉུང་ན་འདིས་ཅི་བྱ། །ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན། །དེ་ཕྱིར་འདི་ནི་


ZP02_Page_549
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་བར་བྱ། །ཞེས་སོ། །དེ་ལ་སྟོབས་དང་བརྩོན་འགྲུས་བསྐྱེད་པ་ནི་ལུས་འཕེལ་བ་སྟེ། དེ་ལ་ལུས་འཕེལ་གང་ཞེ་ན། །ལེ་ལོ་མེད་དང་སྟོབས་བསྐྱེད་ཡིན། །ཞེས་སོ། །ཐབས་ཤེས་ཟུང་འབྲེལ་གྱིས་སྦྱིན་པ་བཏང་བ་ནི་ལོངས་སྤྱོད་སྤེལ་བ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར། །ཞེས་སོ། །དེ་ནས་བརྩོན་པ་དང་བརྟན་པ་དང་སྙིང་རྗེ་གསུམ་གཅིག་གིས་གཅིག་བརྟེན་པས་དགེ་བ་སྤེལ་བའི་ཆེད་དུ་ནན་ཏན་བྱ་སྟེ། ཡན་ལག་བདུན་པ་དང་དེའི་ཕན་ཡོན་དང༌། དད་གུས་ང་རྒྱལ་མེད་པའི་བརྩོན་འགྲུས་བཞིའམ། དད་སོགས་དབང་པོ་ལྔ་དང་བྱམས་སོགས་དང་དཀོན་མཆོག་རྗེས་སུ་དྲན་པ་དང༌། འཕྲལ་གྱི་བྱ་བ་ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་པ་དང༌། རྙེད་བཀུར་ལ་མི་ལྟ་བར་ཆོས་སྟོན་པ་དང༌། བྱང་ཆུབ་སེམས་ཀྱིས་བཟུང་ནས་བྱང་ཆུབ་ཏུ་བསྔོ་བ་རྣམས་དགེ་བ་སྤེལ་བ་སྟེ། བརྩོན་དང་བསམ་པ་བརྟན་པར་ཡང༌། །དང་པོར་ནན་ཏན་བྱས་ནས་སུ། །སྙིང་རྗེ་མདུན་དུ་བཞག་ནས་ནི། །དགེ་བ་སྤེལ་ལ་ནན་ཏན་བྱ། །བཟང་པོར་སྤྱོད་པའི་ཆོ་ག་བཞིན། །ཕྱག་འཚལ་ལ་སོགས་གུས་པར་བྱ། །དད་པ་ལ་སོགས་རྟག་ཏུ་བསྒོམ། །བྱམས་དང་སངས་རྒྱས་སོགས་དྲན་བྱ། །དུས་རྣམས་ཀུན་ཏུ་སེམས་ཅན་དོན། །ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བྱང་ཆུབ་སེམས་ནི་མདོར་བསྡུ་ན། །བསོད་


ZP02_Page_550
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་སོ། །བསླབ་པ་དེ་རྣམས་འགྲུབ་པའི་ཐབས་ནི་ཡང་དག་པར་སྤོང་བ་གཉིས་པས་བསྲུང་དང་པོས་དག་ཕྱི་མ་གཉིས་ཀྱིས་སྤེལ་བ་དེ་རྣམས་ཀྱང་བག་ཡོད་དྲན་ཤེས་བཞིན་དང་མ་བྲལ་བས་འགྲུབ་པར་བྱེད་དེ། །འགྲུབ་པ་ཡང་དག་སྤོང་རྣམས་ཏེ། །བག་ཡོད་པ་དང་མ་བྲལ་ཞིང༌། །དྲན་པ་དང་ནི་ཤེས་བཞིན་དུ། །ཚུལ་བཞིན་དུ་ནི་སེམས་པས་སོ། །ཞེས་སོ། །གཞན་ཡང་བདག་གཞན་མཉམ་པའམ་བརྗེ་བ་ནི་བྱང་ཆུབ་ཀྱི་སེམས་བརྟན་པ་འགྲུབ་པར་བྱེད་པའི་ཐབས་སོ། །བཞི་པ་ནི། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ་མཁན་པོ་ཞི་བ་ལྷས་མཛད་པ་རྫོགས་སོ། །དགེའོ། །


previousངོ་སྤྲོད་གནད་ཀྱི་མེ་བཙའ།next