Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
ཐེག་པ་རིམ་པ་དགུའི་རྣམ་བཞག་གི་ས་བཅད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐེག་པ་རིམ་པ་དགུའི་རྣམ་བཞག་གི་ས་བཅད།next

ཐེག་པ་རིམ་པ་དགུའི་རྣམ་བཞག་གི་ས་བཅད།


ZP04_Page_011
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་རིམ་པ་དགུའི་རྣམ་བཞག་གི་ས་བཅད་བཞུགས་སོ།། །།


ZP04_Page_012
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འདིར་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་ལེའུ་ཐོག་མར་ཤེས་ཐོབ་ཀྱིས་དམིགས་པར་བྱ་བའི་ཡུལ་སྦྱང་གཞི་ཁམས་དང་བྲལ་འབྲས་མཐར་ཐུག་གི་འབྲས་བུ་ངོས་བཟུང་བའི་སྐབས་སུ་གྲུབ་མཐའི་དབང་གིས་འདོད་ཚུལ་མི་འདྲ་བ་གསུམ་དང༌། རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་དགུར་འདུ་ཚུལ་བཤད་སྐབས་སུ་ཉན་ཐོས་ལ་སོགས་པའི་ཐེག་པ་དགུ་བོའི་རྣམ་བཞག་རྣམས་འགྲེལ་པས་བསྡུས་ཏེ་བསྟན་པ་ཉིད་ཅུང་ཟད་བཀྲལ་ཏེ་བཤད་ན། རྫོགས་པ་ཆེན་པོ་ཞེས་པ་ནི། རང་གི་ད་ལྟའི་རིག་པ་སྐད་ཅིག་མ་འདི་ཉིད་ཀྱི་ཀློང་དུ་རང་སྣང་གིས་བསྡུས་


ZP04_Page_013
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཐམས་ཅད་མ་བཙལ་ཡེ་རྫོགས་ཀྱི་ཚུལ་དུ་ཡོད་པས་རྫོགས་པ། དེ་ལྟ་བུའི་སེམས་ཉིད་དེ་ཡང་གནས་ལུགས་རང་གི་ངོ་བོ་སྒྲིབ་པས་གོས་མ་མྱོང་པས་ངོ་བོ་ཡེ་དག་ཡིན་པས་སྤང་བ་ཕུན་སུམ་ཚོགས་པ་དང༌། སེམས་ཉིད་དེ་ཡང་ངོ་བོ་སྟོང་པའི་ཆ་ནས་འགགས་པ་ལ་སོགས་པའི་སྤྲོས་མཐའ་བརྒྱད་ལ་མི་གནས་པའི་ཕྱིར་ཁས་ལེན་ཐམས་ཅད་དང་བྲལ་ཡང་རང་བཞིན་གསལ་བའི་ཆ་ནས་སྟོབས་བཅུ་མི་འཇིགས་པ་བཞི་སོགས་རྒྱལ་བའི་ཡོན་ཏན་ཐམས་ཅད་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པའི་ཕྱིར་རྟོགས་པ་ཕུན་སུམ་ཚོགས་པ་དང༌། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་ལྟ་བུ་ཡིན་ཏེ། ངོ་བོ་སྟོང་དུས་ཉིད་ནས་རང་བཞིན་མ་


ZP04_Page_014
[མ་དཔེ་གཟིགས་ན་འདིར་གནོན།]

འགགས་པའི་ཕྱིར་ལྷུན་གྲུབ་རྟེན་འབྱུང་གི་རྣམ་པ་སྣ་ཚོགས་ཤར་ཡང་དེ་ལྟ་བུ་ཤར་དུས་ཉིད་ནས་ངོ་བོ་སྟོང་ཉིད་ཀ་དག་སྤྲོས་བྲལ་གང་དུའང་མ་གཡོས། མ་འཕོས་པའི་ཕྱིར་ཀ་དག་ལྷུན་གྲུབ་ཟུང་དུ་འཇུག་པའི་རིག་པ་སྐུ་གསུམ་རང་ཆས་འདི་ལ་ལས་བཞི་ལྷུན་གྱིས་གྲུབ་པའི་ཕྱིར་ཕྲིན་ལས་ཕུན་སུམ་ཚོགས་པ་སྟེ། དེ་ལྟར་སྤང་རྟོགས་ཕྲིན་ལས་གསུམ་གྱི་བདག་ཉིད་ཡིན་པས་ན་ཆེན་པོ་ཞེས་བྱའོ། །ཡེ་ཤེས་ལ། ངོ་བོ་སྟོང་པ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་སྟེ། གཞི་གནས་ཀྱི་ཡེ་ཤེས་གསུམ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང༌། ཇི་ལྟར་ཇི་སྙེད་མཁྱེན་པ་སྟེ་ཡུལ་ལ་འཇུག་པའི་ཡེ་ཤེས་གཉིས་ཏེ། ཡེ་ཤེས་དེ་དག་གི་སྤྱི་གཟུགས་སེམས་ཉིད་ངོ་བོ་ནི་རང་བྱུང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་ན་དེ་ཉིད་ལ་ཡེ་ཤེས་སྤྱི་གཟུགས་ཞེས་སྨོས་པ་ཡིན་ནོ། །ཚིག་རྐང་དེ་ཉིད་ཀྱིས་གཞི་རྒྱུད་བསྟན་པ་ཡིན་པས། དེ་ཉིད་ལ་ངོས་འཛིན་ཚུལ་གྲུབ་མཐའི་བྱེ་བྲག་གིས་འདོད་པ་མི་འདྲ་བ་ཡོད་དེ། འདི་ལྟར་བསྟན་བཅོས་ཀྱི་བྱེ་བྲག་བཤད་པའི་རྗེས་སུ་སྨྲ་བས་ནི། སྲིད་པ་མིག་ལ་སོགས་དབང་པོ་ལྔ་དང༌། སྲིད་པའི་ཡོ་བྱད་གཟུགས་སོགས་ཡུལ་ལྔ་ལ་མི་ཆགས་པའི་སེམས་བྱུང་ཆོག་ཤེས། གསུམ་ལྡན་ཏེ། དེ་ཡང་ཆོས་གོས་ངན་ངོན་ཙམ་གྱིས། གནས་མལ་ངན་ངོན། འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་གང་ཟག་དེ་ཉིད་མ་ཆགས་འཕགས་པའི་རིགས་སུ་འདོད་དོ། །བསྟན་བཅོས་ལ་ཚད་མར་


ZP04_Page_015
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱེད་པ་མདོ་སྡེའི་རྗེས་སུ་འབྲང་བས་ནི། སེམས་ཅན་ཀུན་གྱི་སེམས་ཀྱི་ས་བོན་ནི་ཟག་མེད་ཀྱི་ཡེ་ཤེས་ཞེས་སངས་རྒྱས་ཉིད་ཀྱི་རིགས་བསྐྱེད་ན་འབྱུང་རུང་གི་ནུས་པ་ཅན་དུ་འདོད་དོ། །ཕྱི་དོན་གྱི་ཆོས་ཐམས་ཅད་ནང་སེམས་ཙམ་དུ་འདོད་པ་དག་གིས་ནི། ཐོག་མ་མེད་པ་ནས་སེམས་ཅན་གྱི་སེམས་རྒྱུད་ལ་བསྐྱེད་མི་དགོས་པར་སངས་རྒྱས་ཀྱི་རིགས་ཀྱི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་སྟེ། དོན་ལ་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཞེས་པ་ཀུན་གཞིའི་རྣམ་ཤེས་ལ་འདོད་དོ། །དེ་གསུམ་གྱིས་བདེ་གཤེགས་སྙིང་པོར་དུས་བྱས་སུ་འདོད་པའི་ཕྱིར་དངོས་པོར་སྨྲ་བའི་གྲུབ་མཐའ་ཞེས་གྲུབ་མཐའ་མཚན་ཉིད་པ་མ་ཡིན་ནོ། །ལྟ་བ་རྟག་ཆད་ཀྱི་མཐའ་ལ་མི་གནས་པའི་དབུ་མ་པ་ནི། སེམས་ཉིད་དྲི་མ་དངོས་པའི་དེ་བཞིན་ཉིད་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་རིགས་སུ་འདོད་པའི་ཕྱིར་གྲུབ་མཐའ་མཚན་ཉིད་པ་ཡིན་ནོ། །ཐེག་ཆེན་དབུ་མའི་ལྟ་བ་དེ་ལས་རབ་ཏུ་བྱེ་བས་གསང་སྔགས་རྒྱུད་སྡེ་དྲུག་གིས་ཀྱང་གཞི་རྒྱུད་སངས་རྒྱས་ཀྱི་རིགས་དེ་ལ་མིང་གི་བཏགས་ཚུལ་མི་འདྲ་བ་དུ་མ་ཡོད་དེ། འདི་ལྟར་བྱ་བའི་རྒྱུད་ཀྱིས་ནི། བདག་གི་དེ་ཁོ་ན་ཉིད་དང༌། སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་ཀྱིས་ནི། དོན་དམ་མཚན་མ་མེད་པའི་བྱིན་བརླབས་ཀྱིས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་ལྟ་བར་འདོད། མ་ཧཱ་ཡོ་གས་ནི། བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ཞེས་བཏགས། ཨ་ནུ་ཡོ་གས་ནི། དེ་ལ་དབྱིངས་དང་ཡེ་ཤེས་གཉིས་


ZP04_Page_016
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་སྲས་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བཏགས། རྫོགས་པ་ཆེན་པོ་ཨ་ཏི་ཡོ་གས་ནི། ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་རིག་པ་སྐུ་གསུམ་རང་ཆས་དེ་ལ་ཀ་དག་དང་ལྷུན་གྲུབ་ཟུང་འཇུག་ཅེས་འདོད་པ་ཡིན་ནོ། །འདིར་གཞི་བདེ་གཤེགས་སྙིང་པོ་འབྲས་བུ་ཉེ་ལེན་གྱི་རྒྱུ་དང༌། ལམ་སྡོམ་པ་གསུམ་གྱི་ཉམས་ལེན་ལྷན་ཅིག་བྱེད་པའི་རྐྱེན་ཏེ། དེ་གཉིས་ཀྱི་འབྲས་བུ་མི་སློབ་ཟུང་འཇུག་གི་ངོ་བོ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་བྲལ་འབྲས་ཀྱི་ཚུལ་དུ་ཐོབ་པ་ཡིན་ནོ། ༈ །ཡང་རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་དགུར་བསྡུ་བའི་སྐབས་སུ་སྤྱིར་ཐེག་པ་ཞེས་པ་ཡཱ་ནའི་སྒྲ་ལས་བཞོན་པ་ལ་འཇུག་སྟེ། དེ་ཡང་ས་དང་ལམ་གོང་ནས་གོང་དུ་འདེགས་པར་བྱེད་པ་སྟེ། སྡུད་པ་ལས། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་དེ། །དགའ་སྐྱིད་བདེ་བ་མངོན་པར་འཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་བཟླ། ཞེས་སོ། །དེ་ལ་དབྱེ་བསྡུའི་རྣམ་པ་མང་དུ་ཡོད་ཀྱང་འདིར་སྔ་འགྱུར་རྙིང་མའི་རང་ལུགས་ལྟར་ན། དྲི་མེད་བཤགས་རྒྱུད་ལས། མཚན་ཉིད་སྡེ་སྣོད་གསུམ་པ་ཐེག་པ་གསུམ། ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ། ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། ཐེག་པ་རིམ་པ་དགུ་ཡི་དམ་ཚིག་རྣམས། ཞེས་དང༌། སྤྱི་མདོ་ལས། དོན་དམ་ངེས་པའི་ཐེག་པ་ནི། གསུམ་དུ་ངེས་པར་བསྟན་པ་ཡིན། ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། དབང་བསྒྱུར་ཐབས་ཀྱི་


ZP04_Page_017
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའོ། །ཞེས་གསུངས་པ་ལྟར། ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་སྟེ་དགུ་སོ་སོར་ས་བཅད་ཀྱི་ཆིང་གསུམ་རེས་བསྡུས་ཏེ། གཞི་ལྟ་བས་གཏན་ལ་འབེབས་ཚུལ་དང་གཅིག །ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་དང་གཉིས། །དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་དང་གསུམ། །དེ་ལ་དང་པོ་ཀུན་འབྱུང་འདྲེན་པའི་ཐེག་པའམ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་ལས། དང་པོ་ཉན་ཐོས་ཀྱི་ཐེག་པས་གཞི་ལྟ་བས་གཏན་ལ་འབེབས་ཚུལ་ནི། སྤྱིར་ཤེས་བྱའི་ཆོས་ཐམས་ཅད་ཕུང་པོ་ལྔ་ལྟ་བུ་ཞིག་ལ་བསྡུས་ཏེ། དེ་ཉིད་ཀྱི་སྟེང་ནས་གང་ཟག་དང་ཆོས་ཀྱི་བདག་བཙལ་བར་བྱ་སྟེ། དེ་ཡང་གང་ཟག་གི་བདག་ནི་ཕུང་པོ་ལྔ་ཚོགས་ཀྱི་རྒྱུད་ལ་དམིགས་ནས་བདག་གམ་ངར་འཛིན་པ་སྟེ། དེ་ཉིད་ཤེས་རབ་ཀྱིས་བརྟགས་ནས་ཕུང་པོ་ལྔ་དང་གཅིག་གམ་ཐ་དད་པའི་བདག་མེད་པར་རིག་པས་གང་ཟག་གི་བདག་མེད་རྟོགས། ཆོས་ཀྱི་བདག་མེད་རྟོགས་ཚུལ་ནི། ཕུང་པོ་ལྔ་པོ་དེ་ཡང་བེམ་ཤེས་གཉིས་སུ་འདུས་པས་བེམ་པོས་བསྡུས་པའི་ཆོས་ཐམས་ཅད་དེ་དང་དེར་རང་བཞིན་གྱིས་གྲུབ་པར་འདོད་པ་གཟུང་བ་ཆོས་ཀྱི་བདག་དང༌། ཤེས་པས་བསྡུས་པའི་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་གྱི་བདག་སྟེ། བདག་གཉིས་པོ་དེ་ཉིད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་པའི་ཚེ་བེམ་པོའི་ཆོས་ལ་རྡུལ་ཕྲན་ཆ་མེད་


ZP04_Page_018
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལས་རང་བཞིན་མེད་པར་རྟོགས་པ་དང༌། ཤེས་པའི་ཆོས་ལ་སྐྱེས་བུ་སྟོབས་དང་ལྡན་པའི་སེ་གོལ་ཞིག་གཏོགས་པའི་ཡུན་ཆ་དྲུག་ཅུར་པ་གོས་པའི་ཆ་གཅིག་གི་ཚེ་དུས་མཐའི་སྐད་ཅིག་མ་ཙམ་ལས་རང་བཞིན་མེད་པར་རྟོགས་པ་ནི་ཉན་ཐོས་ཀྱི་ལྟ་བ་གཏན་ལ་འབེབས་ཚུལ་ཡིན་ནོ། །ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ལ། ཀུན་སློང༌། འཇུག་སྒོ། ཞུགས་ནས་ཇི་ལྟར་སྒོམ་པའི་རིམ་པ་དང་གསུམ་ལས། དང་པོ་ཀུན་སློང་ནི། འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས། དེ་ལས་རང་གཅིག་པུ་ཐར་འདོད་ངེས་འབྱུང་གི་བསམ་པ་སྐྱེས་བུ་འབྲིང་གི་ལམ་ཡིན་ནོ། །གཉིས་པ་འཇུག་སྒོ་ནི། ཀུན་སློང་དེ་དང་ལྡན་པར་སོ་སོར་ཐར་པ་རིགས་བདུན་ནམ་བརྒྱད་པོ་གང་རུང་གི་སྡོམ་པས་རང་རྒྱུད་ལེགས་པར་བསྡམ་པ་ཡིན་ནོ། །གསུམ་པ་ཞུགས་ནས་ཇི་ལྟར་སྒོམ་པའི་རིམ་པ་ནི། བསམ་གཏན་སྒོམ་པའི་མཐུན་རྐྱེན་རྣམས་ཚང་བར་བྱེད། འཇོག་པ་ལ་སོགས་སེམས་གནས་དགུའི་སྤོངས་འགལ་མཐུན་སྒྲུབ་ཀྱི་ཞི་གནས་རྩེ་གཅིག་སྒོམ་པ་དེ་ལ་ཞི་གནས་ཀྱི་གསོ་སྦྱོང་ཟེར་རོ། །བདེན་བཞི་རྣམ་པ་བཅུ་དྲུག་གིས་ལྷག་མཐོང་རྣམ་པར་མི་རྟོག་པའི་ཤེས་རབ་སྐྱེད་དེ་ཞི་ལྷག་གཉིས་སྒོམ་པ་ཡིན་ནོ། །དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། དེ་ལྟར་ལམ་ཞི་ལྷག་གཉིས་བསྒོམ་པས་ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་སྤང་རིམ་དང་བསྟུན་ཏེ་འབྲས་བུ་རྒྱུན་དུ་ཞུགས་


ZP04_Page_019
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ལན་ཅིག་ཕྱིར་འོང་བ། ཕྱིར་མི་འོང་བ། དགྲ་བཅོམ་པ་སྟེ་སྐྱེས་བུ་ཟུང་བཞི་པོ་གང་རུང་ཐོབ་པ་ཡིན་ནོ། །གཉིས་པ་རང་རྒྱལ་གྱི་ཐེག་པས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། སྔར་གྱི་ཉན་ཐོས་ཀྱི་ལྟ་བ་དེ་ལ་གཞིར་བྱས་ནས། གཟུང་ཡུལ་རྡུལ་ཕྲན་ཆ་མེད་ཤར་ལྷོ་ནུབ་བྱང་གི་ཕྱོགས་ཆ་གཞལ་ཏེ་རང་བཞིན་མེད་པར་གཏན་ལ་ཕབ་སྟེ་ཤེས་པ་སྐད་ཅིག་ལ། དོན་དམ་དུ་འདོད་པ་ཡིན་ནོ། །ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ལ། ཀུན་སློང་དང་འཇུག་སྒོ་སོགས་ཉན་ཐོས་དང་འདྲ་བ་ལས། རང་རྒྱལ་གྱི་ཐུན་མོངས་མ་ཡིན་པའི་ལམ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་ལྡོག་ཏུ་བསྒོམས་ནས་སྲིད་པའི་རྩ་བ་མ་རིག་པ་ཉིད་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤངས་ནས། འབྲས་བུ་རང་རྒྱལ་དགྲ་བཅོམ་བསེ་རུའམ་ནེ་ཙོ་ལྟ་བུ་ཐོབ་པ་ཡིན་ནོ། །དེ་གཉིས་གྲུབ་མཐའི་དབང་དུ་བྱས་ན་ཉན་ཐོས་ཀྱི་ཐེག་པ་དེ་ལ་ནང་གསེས་སུ་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་བ་གཉིས་སུ་ཕྱེ་བ་ཡིན་གྱི་རང་རྒྱལ་གྱི་ཐེག་པ་དང་མདོ་སྡེ་པའི་གྲུབ་མཐའ་གཉིས་ཕྱོགས་མཚུངས་ཙམ་ལས་གཅིག་ནི་མ་ཡིན་ནོ། །དེ་ཡང་ཉན་ཐོས་དབང་རྣོན་མདོ་སྡེ་པའི་གྲུབ་མཐའ་འཛིན་པ་དེ་ལ་ལུང་གི་རྗེས་འབྲང་དང༌། རིག་པའི་རྗེས་འབྲང་གཉིས་ཡོད་པ་ལས། རིག་པའི་རྗེས་འབྲང་བ་ཁ་ཅིག་གིས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་ལེགས་


ZP04_Page_020
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྡམས་ཀྱང༌། གཞན་དག་ལ་ཆོས་སྟོན་པ་སོགས་ཀྱིས་བྲེལ་ཏེ་ཞི་ལྷག་གི་རྣལ་འབྱོར་ཇི་བཞིན་པར་སྒོམ་མ་ནུས་པས། འབྲས་བུ་བཞི་པོ་གང་ཡང་མ་ཐོབ་པས་སྐྱེ་བ་ཕྱི་མར་སངས་རྒྱས་དང་ཆོས་ཀྱི་སྒྲོན་མས་སྟོང་པའི་མུན་བསྐལ་གྱི་འཇིག་རྟེན་དུ་སྐྱེས་ནས་ལམ་རྟེན་འབྲེལ་ཟབ་མོ་ཇི་ལྟ་བ་བསྒོམ་པས་འབྲས་བུ་རང་རྒྱལ་དགྲ་བཅོམ་པ་ཐོབ་སྟེ་གཞན་ལ་སྒྲ་མེད་པར་ལུས་ཀྱི་རྣམ་རིག་གིས་ཆོས་སྟོན་པར་སྨོན་ལམ་བཏབ་སྟེ་གཤེགས་པ་རྣམ་ཡིན་ནོ། །འོ་ན་རང་རྒྱལ་ཞེས་པ་སངས་རྒྱས་མ་བྱོན་པའི་མུན་བསྐལ་མ་གཏོགས་སྒྲོན་མའི་བསྐལ་པ་ལ་མི་འབྱུང་བ་ན་ད་ལྟ་སངས་རྒྱས་ཀྱི་བསྟན་པ་འདིར་རང་རྒྱལ་གྱི་ཐེག་པ་བསྟན་པས་ཅི་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་ཀྱི་རྣམ་པ་ཡོངས་སུ་རྟོགས་པ་ལ་སོགས་པའི་ཕྱིར་སྨྲས་པ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་དབྱེ་ན་སེམས་ཙམ་དང་དབུ་མ་པ་གཉིས་ལས། དང་པོ་སེམས་ཙམ་པས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། མདོ་སྡེ་པས་ཤེས་པ་སྐད་ཅིག་མ་དོན་དམ་དུ་འདོད་པ་དུས་ཀྱི་ཆས་གཞལ་ནས་རང་བཞིན་མེད་པར་གཏན་ལ་འབེབས་ཤིང༌། དེར་མ་ཟད་ཀྱི་ཕྱི་དོན་ཕྱི་རོལ་ཏུ་ཡོད་པར་ཁས་མི་ལེན་ཅིང་ནང་སེམས་ཙམ་དུ་འདོད་པ་སྟེ། དེ་ཡང་གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཀུན་གཞིའི་རྣམ་ཤེས་ལ་འདོད་དོ། །གཞན་འཇུག་སྒོ་ལ་སོགས་པ་ཕལ་ཆེ་རང་བུམ་པ་དང་མཐུན་པས་འདིར་མ་སྨྲས་སོ། །


ZP04_Page_021
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དབུ་མ་པ་ལྟར་ན། །གཞི་ལྟ་བས་གཏན་ལ་འབེལ་ཚུལ་ནི། རྩ་ཤེས་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་པས། ཀུན་རྫོབ་སྣང་བའི་ཆོས་སོ་ཅོག་ཐམས་ཅད་སྣང་བ་ཙམ་ཉིད་ནས་རང་བཞིན་མ་གྲུབ་པའི་ཕྱིར་རྟེན་འབྲེལ་དུ་རྟོགས་ཤིང༌། རྟེན་འབྲེལ་སྣང་བའི་ཆོས་ཐམས་ཅད་ནང་སེམས་སུ་ཡང་མ་གྲུབ་ཅིང༌། སེམས་ལས་གཞན་ཕྱི་རོལ་ཏུ་ཡང་རང་བཞིན་གྱིས་གྲུབ་པའི་དངོས་པོ་རྡུལ་ཕྲ་རབ་ཙམ་ཡང་མེད་པའི་སྟོང་ཉིད་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་སྟེ། བདེན་པ་དབྱེར་མེད་པའི་སྟོང་ཉིད་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་འབེབས་པ་ཡིན་ནོ། །ལམ་སྒོམ་པས་ཉམས་སུ་ལེན་ཚུལ་ལ། །ཀུན་སློང་ནི་མ་རྒན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་ཀྱི་བསམ་པས། །འཇུག་སྒོ་ཟབ་མོ་ལྟ་བའི་ལུགས་སྲོལ་དང༌། རྒྱ་ཆེན་སྤྱོད་པའི་ལུས་གསོལ་གཉིས་གང་རུང་གི་ཆོ་ག་ལ་བརྟེན་ནས་སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོམ་པས་རྒྱུད་བསྡམས་ནས། བླང་བྱའི་བསླབ་བྱ་ཚད་མེད་པ་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་སློབ་པ་ཡིན་ནོ། །ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ནི། སློབ་པའི་ལམ་བཞི་རྒྱུ་ལམ་བདེན་བྱང་ཆོས་སོ་བདུན་རིམ་པར་བསྒོམས་པས་འཕགས་ལམ་རྣམས་བསྒྲོད་དོ། །དེའི་འབྲས་


ZP04_Page_022
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མཐར་ཐུག་ས་མི་སློབ་པའི་སངས་རྒྱས་ཀྱི་ས་ཇི་ལྟར་ཐོབ་ཚུལ་ནི། མི་སློབ་པའི་ཡེ་ཤེས་ཆོས་སྐུའི་ཡོན་ཏན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་དང༌། ལོངས་སྐུའི་ཡོན་ཏན་མཚན་དང་དཔེ་བྱད། སྤྲུལ་སྐུའི་ཕྲིན་ལས་ཉེར་བདུན་བཅས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་ཇི་སྐད་བཤད་པ་བཞིན་ཐོབ་པ་ཡིན་ནོ། །དཔེ་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་སོང་ནས། ༈ གཉིས་པ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་སྔགས་ཀྱི་རྒྱུད་གསུམ་ལས། དང་པོ་བྱ་རྒྱུད་ཀྱི་ཐེག་པས་གཞི་ལྟ་བས་གཏན་ལ་འབེབས་ཚུལ་ནི། །གོང་དུ་བཤད་པའི་ཟབ་མོ་དབུ་མའི་ལྟ་བ་དེ་གཞིར་བཞག་ལ་ཁྱད་པར་ནི་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་གི་མཐའ་བཞི་དང་བྲལ་བའི་ཆོས་ཉིད་དུ་རྟོགས་པའི་ཀུན་རྫོབ་ཡོངས་སུ་དག་པའི་ལྷའི་མཚན་ཉིད་དུ་ལྟ་བ་མ་གཏོགས་མ་དག་པའི་དངོས་པོ་ཉིད་ཀྱི་རང་བཞིན་ཡེ་ནས་དག་པའི་ལྷ་ཡིན་པར་མི་བལྟའོ། །གཉིས་པ་ལམ་བསྒོམས་པས་ཉམས་སུ་ལེན་ཚུལ་ལ། ཀུན་སློང་ནི། སྔགས་ཕྱི་པ་གསུམ་ཀས་རང་གཞན་གཉིས་ཀའི་ཕན་བདེ་རིམ་པར་མི་ཚེ་བདུན་དང་ལྔ་དང་གསུམ་ནས་ཐོབ་པར་འདོད་པའོ། །འཇུག་སྒོ་ནི། དབང་སུམ་གྱི་ཆུའི་དབང་དང་རིགས་གང་ཡིན་གྱི་དམ་ཚིག་ཕྱག་རྒྱའི་ཅོད་པཎ་གྱི་དབང་མཐའ་རྟེན་དང་བཅས་པ་བསྐུར་པའོ། །དེ་ལྟར་ཞུགས་ནས་ལམ་སྒོམ་ཚུལ་ལ། སྤྱིར་བྱ་རྒྱུད་ཙམ་པོ་བ་རྣམས་


ZP04_Page_023
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ནི་བདག་ཉིད་ལྷར་བསྐྱེད་པ་མེད་ལ། ཁྱད་པར་བ་རྣམས་སུ་བདག་ཉིད་ལྷར་བསྐྱེད་པ་བཤད་པས། དེ་ཇི་ལྟར་བསྒོམ་པའི་ཚུལ་ལ་དེ་ཁོ་ན་ཉིད་བཞི་ལས། །དང་པོ་བདག་གི་དེ་ཁོ་ན་ཉིད་ནི། གོང་དུ་གཞི་ལྟ་བས་གཏན་ལ་འབེབས་ཚུལ་གྱི་སྐབས་སུ་བཤད་ཟིན་པའོ། །གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། སངས་རྒྱས་གསང་བས། སྟོང་པ་ཡི་གེ་སྒྲ་གཟུགས་དང༌། ཕྱག་རྒྱ་མཚན་མ་ལྷ་དྲུག་གོ །ཞེས་གསུངས་པའི་དང་པོ་སྟོང་པའི་ལྷ་ནི། རྒྱུད་འདིའི་ལྟ་བ་སྟེ་བདག་གི་དེ་ཁོ་ན་ཉིད་མཐའ་བཞི་དང་བྲལ་བའོ། །གཉིས་པ་ཡི་གེའི་ལྷ་ནི་སྟོང་ཉིད་དེ་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་བསྒྱུར་ནས་བསྒོམ་པའོ། །གསུམ་པ་སྒྲའི་ལྷ་ནི་ཟླ་དཀྱིལ་དེའི་སྟེང་དུ་བཟླ་བྱའི་སྔགས་གཟུགས་རང་སྒྲ་སྒྲོགས་པ་དགོད་པའོ། །བཞི་པ་གཟུགས་ཀྱི་ལྷ་ནི་ཟླ་དཀྱིལ་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་ཟླ་བ་སྔགས་དང་བཅས་པ་ཡོངས་སུ་གྱུར་པ་ལས་རིག་གསུམ་གྱི་ལྷ་དེ་དང་དེའི་གཟུགས་སུ་བསྒོམ་པའོ། །ལྔ་པ་ཕྱག་རྒྱའི་ལྷ་ནི་དེ་ལ་རིགས་གང་ཡིན་གྱི་ལྷ་དེའི་དམ་རྒྱས་འདེབས་པའོ། །དྲུག་པ་མཚན་མའི་ལྷ་ནི་སྤྱོད་ལམ་ཀུན་ཏུ་ལྷ་དེའི་མཚན་མ་མི་འབྲལ་བའོ། །དེ་ནས་རང་གི་མདུན་དུ་ཡང་དག་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཡང་དག་པའི་ཞིང་ཁམས་ཕོ་བྲང་པ་བདག་


ZP04_Page_024
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལྷར་བསྐྱེད་པ་ལ་མི་བསྟིམ་ཞིང་དབྱིངས་ནས་སྤྱན་དྲངས་པ་དེ་ཕོ་བྲང་དུ་བཞུགས་པ་ཙམ་མ་གཏོགས་མདུན་དུ་བསྐྱེད་པའི་ཆོག་མེད་དོ། །བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། ཞེས་པས། གཞི་ནི། བདག་མདུན་ལྷར་གསལ་བ། སེམས་ནི་དེ་དག་གི་ཐུགས་ཀར་ཟླ་དཀྱིལ་བསམ་པ། །སྒྲ་ནི་དེའི་སྟེང་དུ་སྔགས་ཕྲེང་རང་སྒྲ་སྒྲོགས་པར་བསམ་ནས་བཟླས་པ་ཚུལ་བཞིན་དུ་བྱའོ། །བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་མེད་གནས་དངོས་གྲུབ་སྟེར། སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། སྒྲ་མཐས་ཐར་བསྟེར་པར་བྱེད། ཅེས་པས། མེར་གནས་ནི། རང་ཉིད་ལྷར་གསལ་པའི་སྙིང་ཁར་མེ་འབར་བའི་ནང་དུ་ཟླ་བ་ལ་སྔགས་ཕྲེང་བཀོད་ནས་བསྒོམས་པ་ནི། ལས་བཞི་འགྲུབ་པའི་གཞིའོ། །སྒྲར་གནས་ནི། དེ་ལས་སྔགས་ཀྱི་ཡི་གེ་རྣམས་རང་སྒྲ་སྒྲོགས་པར་བསམ་པས། རྣལ་འབྱོར་ཉེས་པ་ཞི་གནས་སྐྱེ་བར་བྱེད་དོ། །དེ་ལྟར་ནང་གི་སྒོམ་པ་དང་ཕྱིའི་སྤྱོད་པ་ཁྲུས་དང་གཙང་སྦྲ་ལ་གཙོ་བོར་སྤྱོད་པས། འབྲས་བུ་ནི། གནས་སྐབས་སུ་འདོད་པའི་རིག་འཛིན་འགྲུབ་ཅིང༌། མཐར་ཐུག་རྟེན་དེ་ལ་སྔགས་ཀྱི་ཕྱིན་དྲུག་སྤྱང་པས། སྐུའི་རིགས་རྣམ་པར་སྣང་མཛད། གསུང་གི་རིགས་འོད་དཔག་མེད། ཐུགས་ཀྱི་རིགས་རྡོ་རྗེ་མི་བསྐྱོད་པ་སྟེ་རིགས་གསུམ་རྡོ་རྗེ་འཛིན་པའི་རིག་འཛིན་གྲུབ་ནས་མི་ཚེ་བདུན་


ZP04_Page_025
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཐོབ་པར་འདོད་དེ། ཧེ་རུ་ཀ་གལ་པོ་ལས། མི་ཚེ་བདུན་ན་སངས་རྒྱས་པ། རིག་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་སོ། །གཉིས་པ་སྤྱོད་རྒྱུད་ཀྱི་ཐེག་པས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་རྣལ་འབྱོར་རྒྱུད་དང་ཕྱིའི་སྤྱོད་པ་ཁྲུས་སོགས་གཙང་སྤྲ་ལ་གནས་པ་བྱ་རྒྱུད་དང་མཐུན་པའི་ཕྱིར་གཉིས་ཀའི་རྒྱུད་ཅེས་བྱ་སྟེ། ལྟ་རིམ་ལས། གཉིས་ཀའི་རྒྱུད་ཀྱི་འདོད་པ་ནི། ལྟ་སྤྱོད་གོང་འོག་རྗེས་སུ་འགྲོ་ཞེས་སོ། །ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ལ། འཇུག་སྒོ་ནི། སྔར་གྱི་ཆུ་དང་ཅོད་པཎ་གྱི་སྟེང་དུ་རྡོ་རྗེ་དྲིལ་བུ་མིང་དབང་རྗེས་གནང་དང་བཅས་ཏེ་བསྐུར་པའོ། །དེ་ལྟར་ཞུགས་ནས་ལམ་བསྒོམ་པས་ཉམས་སུ་ལེན་ཚུལ། ནང་འཇུག་ལ་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་མཚན་བཅས་རྣལ་འབྱོར་སྒོམ་པའི་རིམ་པ་ལས། ཕྱི་ནང་གི་ཡན་ལག་བཞི་པ་གཉིས་སུ་ཡོད་ཀྱང་འདིར་རེ་ཞིག་ཕྱིའི་ཡན་ལག་བཞི་ལྟར་བཤད་ན། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། དེ་བཞིན་གཞི་ལ་གཞི་གྱུར་ཉིད། ཤིན་ཏུ་བསྡོམས་པའི་ཡིད་ལས་ནི། བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར་བདག་གནས་བསྲུང་བ་སོགས་སྔོན་དུ་འགྲོ་བས་གཞིའི་ཡན་ལག་དང་པོ་བདག་ཉིད་བསྐྱེད་པའི་སྔོན་དུ་འགྲོ་བའི་ཡི་གེ་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་ཀྱི་སྣང་ཆ་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་བསྒོམ་པ་དང༌། ཡི་གེ་


ZP04_Page_026
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཟླ་བའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་སྒྲོགས་པར་བསྒོམ། དེ་ཐམས་ཅད་ཡོངས་སུ་གྱུར་བ་ལས་གཞིའི་ཡན་ལག་དང་པོ་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པའི་ལྷར་བསྐྱེད། སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། དེ་ནས་གཞི་གཉིས་པ་རང་གི་མདུན་དུ་རང་འདྲ་བའི་དེ་བཞིན་གཤེགས་པ་བསྒོམ་ལ་ཐུགས་ཀར་ཟླ་དཀྱིལ་ལ་བཟླ་བྱའི་སྔགས་ཕྲེང་བཀོད་ནས་བཟླས་པ་ཚུལ་བཞིན་དུ་བྱེད་པ་ཏེ་དེ་ལྟར་ཡན་ལག་བཞི་ལ་གཞོལ་བ་ཡིན་ནོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཕུང་སོགས་ཆོས་ཐམས་ཅད་རྣམ་པར་དཔྱད་དེ་འཇུག་གནས་ལྡང་གསུམ་གྱི་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །གཉིས་པ་སྦྱོར་བའི་སྤྱོད་པ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱིའི་ཡན་ལག་བཞི་ལ་གཞོལ་བའི་བཟླས་བརྗོད་བྱ་ཚུལ་ནི། གོང་ལྟར་བདག་མདུན་ལྷར་བསྐྱེད་པ་གཞིའི་ཡན་ལག་དང་པོ་དང༌། གཉིས་པ་མདུན་བསྐྱེད་ཡེ་ཤེས་པའི་ཐུགས་ཀར་ཟླ་དཀྱིལ་བསྒོམ་པ་བྱང་ཆུབ་སེམས་ཀྱི་ཡན་ལག །དེ་ལ་སྔགས་ཕྲེང་བཀོད་པ་སྒྲའི་ཡན་ལག་སྟེ་བཞི་དང་ལྡན་ཏེ་མཚན་དུས་གྲངས་ཀྱི་བསྙེན་པ་བྱའོ། །གཉིས་པ་ནང་གི་ཡན་ལག་བཞི་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀར་ཟླ་བ་ཁོང་སྟོང་གི་ནང་དུ་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི་གཞིའི་ཡན་ལག་དང་པོའོ། །གཉིས་པ་དེའི་ཐུགས་ཀར་ཟླ་དཀྱིལ་སྔགས་ཕྲེང་བཀོད་དེ་བཟླས་པ་


ZP04_Page_027
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །གསུམ་པ་གྲུབ་པའི་སྤྱོད་པ་དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གནས་སྐབས་ཐུན་མོང་གི་དངོས་གྲུབ་དང༌། མཐར་ཐུག་མི་ཚེ་ལྔ་ན་རིགས་གསུམ་དང་དེའི་སྟེང་དུ་རིན་པོ་ཆེའི་རིགས་བསྣན་པའི་རིགས་བཞི་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་པ་ཡིན་ནོ། །གལ་པོ་ལས། རིགས་བཞི་རྡོ་རྗེ་འཆང་བར་གནས་ཞེས་དང༌། ཀུན་བྱེད་ལས་གཉིས་སུ་མེད་ལ་མི་ཚེ་ལྔར་སྒྲིབ་གྲོལ། །ཞེས་སོ། ༈ གསུམ་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་མེད་པའི་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟ་བ་ཡིན་ནོ། །ལམ་བསྒོམ་པ་ཉམས་སུ་ལེན་ཚུལ་ལ། འཇུག་སྒོ་ནི་ཆུ་དབང་སོགས་སློབ་མའི་དབང་ལྔ་དང༌། ཕྱིར་མི་ལྡོག་པའི་དམ་ཚིག་གསུམ་བཟུང་བ་སོགས་སློབ་དཔོན་གྱི་དབང་དྲུག་སྟེ་བཅུ་གཅིག་གོ །དེ་ལྟར་ཞུགས་ནས་ལམ་གྱི་སྒོམ་རིམ་ལ། ཐབས་ཤེས་ཀྱི་རྣལ་འབྱོར་གཉིས་ལས། དང་པོ་ཐབས་ཀྱི་རྣལ་འབྱོར་ལ། མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི་སྟེ་གཉིས་ལས། དང་པོ་མངོན་བྱང་ལྔ་ནི། ཧེ་རུ་ཀ་གལ་པོ་ལས། མི་རྟོག་ཟླ་བ་རྡོ་རྗེ་གཟུགས། སྤྲོ་བསྡུ་སྒོམ་པས་སྐུ་རུ་གསལ། ཞེས་པ་ལྟར་དང་པོ་ཆོས་ཐམས་ཅད་རྣམ་པར་མི་རྟོག་པའི་སྟོང་ཉིད་བསྒོམ་པ་དང༌། སྟོང་ཉིད་ཀྱི་སྣང་ཆ་ཟླ་བ་ཚེས་གཅིག་ལྟ་བུ་དང་


ZP04_Page_028
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་བ་ལྟ་བུ་བསྒོམ་པ་དང༌། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་ཕྱག་མཚན་བསྒོམ། དེ་ལས་འོད་ཟེར་སྤྲོ་བསྡུ་བྱས་ཡོངས་སུ་གྱུར་པ་ལས་བདག་ཉིད་མི་བསྐྱོད་པ་ལ་སོགས་བསྒོམ་བྱའི་ལྷ་གང་ཡིན་གྱི་སྐུད་གྱུར་པ་སྟེ། གལ་པོའི་མཆན་འགྲེལ་ལས། སྒོམ་པ་ནི་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི་བསྒོམ་པའོ། །དང་པོ་རྣམ་པར་མི་རྟོག་པ་བསྒོམ་པ་ནི། །གཟུགས་སྐུ་མངོན་པར་བྱང་ཆུབ་པའོ། །ཟླ་བ་ཚེས་གཅིག་པ་ལྟ་བུའི་རང་སེམས་རིག་པ་མངོན་པར་བྱང་ཆུབ་པ་དང༌། ཟླ་བ་ཉ་བ་ལྟ་བུ་སེམས་བསྐྱེད་མངོན་པར་བྱང་ཆུབ་པ་གཉིས་ནི་ཟླ་བ་ལ་མངོན་པར་བྱང་ཆུབ་པའོ། །ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པ་ནི་ཆོས་སྐུ་ལ་མངོན་པར་བྱང་ཆུབ་པའོ། །འོད་ཟེར་སྤྲོ་བསྡུས་སྒྲིབ་སྦྱོང་དངོས་གྲུབ་བསྐུལ་བ་ནི་བསྟན་པར་བྱ་བའི་མངོན་བྱང་ངོ༌། །དེ་ལྟར་སྐུར་གྱུར་བ་ནི་ཕྱག་རྒྱ་ལ་མངོན་པར་བྱང་ཆུབ་པའོ། །ཞེས་དང༌། གཉིས་པ་ཆོ་འཕྲུལ་བཞི་ནི། གལ་པོ་ལས། ཏིང་འཛིན་བྱིན་བརླབས་དབང་བསྐུར་མཆོག །ཅེས་པ་ལྟར་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི། དབུས་སུ་རྣམ་པར་སྣང་མཛད། ཤར་དུ་མི་བསྐྱོད་པ། ལྷོར་རིན་འབྱུང༌། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་རང་རང་གི་རིགས་ཀྱི་སེམས་དཔའ་བཞི་བཞིས་བསྐོར་བར་བསྒོམ་པའོ། །བྱིན་གྱིས་བརླབས་པའི་ཆོ་འཕྲུལ་ནི། བསྒོམ་པའི་ལྷ་དེ་དག་རང་རང་གི་རིགས་ཀྱིས་བྱིན་གྱིས་བརླབས་པའོ། །དབང་


ZP04_Page_029
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བའི་ཆོ་འཕྲུལ་རང་རིགས་ཀྱི་དབང་གང་ཡིན་གྱི་སྐུ་དང་ཡེ་ཤེས་གཟུངས་དང་ཏིང་ངེ་འཛིན་དང་ལྡན་པར་དབང་བསྐུར་བའོ། །མཆོད་པའི་ཆོ་འཕྲུལ་ནི། དེ་དག་ལ་ཕྱག་དང་མཆོད་པ་བསྟོད་པ་བྱ་བ་རྣམས་སོ། །དེ་ལྟར་བདག་ལྷར་བསྐྱེད་པ་ལ་ཡེ་ཤེས་པ་དགུག་ཅིང་མཆོད་བསྟོད་བཟླས་པ་སོགས་ཀྱི་མཐར་ཡེ་ཤེས་པ་གཤེགས་སུ་གསོལ་བའི་ཐབས་ཀྱི་རྣལ་འབྱོར་ཞེས་བྱའོ། །ལར་རྣལ་འབྱོར་རྒྱུད་ཀྱི་སྐབས་འདིར་བྱ་སྤྱོད་ལྟར་ལྷ་ཡེ་ཤེས་པ་བདག་ལ་མི་བསྟིམ་པར་མདུན་དུ་བཞུགས་སུ་གསོལ་བ་ལྟ་བུ་མ་ཡིན་ཏེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང༌། བླ་མེད་དངོས་གྲུབ་དམ་པ་བླངས། ཞེས་སོ། །གཉིས་པ་ཤེས་རབ་ཀྱི་རྣལ་འབྱོར་ནི། དོན་དམ་མཚན་མ་མེད་པའི་ཡེ་ཤེས་དང༌། །ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷ་སྣང་གཉིས་ཀ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་འཇོག་པ་ཡིན་ནོ། །དེ་ཉིད་ཀྱི་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། འཇིག་རྟེན་པའི་དངོས་གྲུབ་མཁའ་ལ་སྤྱོད་པའི་རིག་འཛིན་དང༌། འཇིག་རྟེན་ལས་འདས་པའི་དངོས་གྲུབ་མི་ཚེ་གསུམ་ན་སྔར་གྱི་རིགས་བཞིའི་སྟེང་དུ་དོན་གྲུབ་ཕྲིན་ལས་ཀྱི་རིགས་བསྣན་པས་རིགས་ལྔ་སྟུག་པོ་བཀོད་པར་འཚང་རྒྱ་བར་འདོད་དེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད།


ZP04_Page_030
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་ཡང་སྔགས་ཕྱི་བ་གསུམ་གྱི་སྐབས་འདིར་བསྒོམ་བྱ་དང༌། ཐོབ་བྱའི་ལྷ་རིག་གསུམ་ལ་སོགས་པར་གསུངས་པ་ནི། རིགས་ཐམས་ཅད་དེ་དག་ཏུ་བསྡུས་པའི་དབང་དུ་བྱས་པ་མ་གཏོགས་པའི་ལྷ་གཞན། ཡོད་པར་མི་བལྟའོ། །མ་ཟད་དེ་དག་གི་བསྒོམ་བྱ་ལ་སྔགས་ནང་བལྟར་བསྐྱེད་རྫོགས་ཀྱི་ཐ་སྙད་མེད་དོ། །དེའི་དོད་དུ་མཚན་བཅས་དང་མཚན་མེད་ཟེར་བའམ། ཡང་ན་བྱ་སྤྱོད་གཉིས་སུ་མཚན་བཅས་མཚན་མེད་དང༌། རྣལ་འབྱོར་རྒྱུད་དུ་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་ཞེས་ལོ་ཆེན་རིན་པོ་ཆེའི་བཞེད་དོ། །དེས་དགའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་པ་བཤད་ཟིན་ནོ། ༈ གསུམ་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལས། སྔགས་ནང་བ་གསུམ་བཤད་པ་ལ་གསུམ། དང་པོ་སྐུའི་རྒྱུད་མ་ཧཱ་ཡོ་གའི་ཐེག་པས་གཞི་ལྟ་བ་གཏན་ལ་འབེབས་ཚུལ་ནི། ཇི་སྐད་དུ་སློབ་དཔོན་སངས་རྒྱས་གསང་བས། གཞི་དང་གཏན་ཚིག་གྲུབ་པའི་དོན། ཞེས་གསུངས་པ་ལྟར། གཞལ་བྱའི་གཞི་དང༌། འཇལ་བྱེད་ཀྱི་གཏན་ཚིག་དང༌། གྲུབ་པའི་མཐའ་སྟེ་གསུམ་ཡོད་པ་ལས། དང་པོ་ནི། འཁོར་འདས་གཉིས་སུ་ཞེན་པའི་བློ་སྒྲོ་བཏགས་ཀྱི་ཞེན་སྣང་དང་བཅས་པ་འདི་ཉིད་གཞལ་བྱ་ཡིན་ཏེ། ལམ་རྣམ་བཀོད་ལས། བརྟགས་པའི་སྤྱོད་ཡུལ་གཉིས་ལ་གཞལ། ཞེས་དང༌། ལམ་རིམ་ལས། འཁོར་འདས་དངོས་པོའི་ཞེན་སྣང་བརྟགས། ཞེས་སོ། །གཉིས་པ་འཇལ་བྱེད་ཀྱི་གཏན་ཚིགས་ལ་རྣམ་


ZP04_Page_031
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མང་དུ་ཡོད་ཀྱང་འདིར་རྟོགས་པ་བཞིའི་གཏན་ཚིག་ལ་བརྟེན་ནས་གནས་ལུགས་ཇི་ལྟར་གཏན་ལ་འབེལ་ཚུལ་ནི། རིམ་པ་ལྟར་འཁོར་འདས་གཤིས་སུ་གཅིག་པའི་གཏན་ཚིག་ལ་བརྟེན་ནས་ཆོས་ཐམས་ཅད་རང་བཞིན་སྐྱེ་མེད་དུ་གཏན་ལ་ཕབ། ཡིག་འབྲུའི་ཚུལ་གྱིས་གཏན་ཚིག་ལ་བརྟེན་ནས་རོལ་པ་འགགས་མེད་དུ་གཏན་ལ་ཕབ། བྱིན་གྱིས་རླབས་པའི་གཏན་ཚིག་ལ་བརྟེན་ནས་ངོ་བོ་དབྱེར་མེད་དུ་གཏན་ལ་ཕབ། མངོན་སུམ་པའི་གཏན་ཚིག་ལ་བརྟེན་ནས་མཚན་ཉིད་བློ་བྲལ་དུ་གཏན་ལ་ཕབས་ཤིང༌། དེ་ཡང་གཏན་ཚིག་སྔ་མ་སྔ་མས་གཏན་ལ་ཕབ་ཟིན་པ་དེ་ཕྱི་མ་ཕྱི་མས་གཞལ་བྱར་བྱེད་དགོས་པ་ཡིན་གསུངས། གསུམ་པ་གྲུབ་མཐའ་ནི། དེ་ལྟར་གཞལ་བྱ་ཞེན་བློ་དང་བཅས་པ་འཇལ་བྱེད་གཏན་ཚིག་བཞིས་གཞལ་པས་ཆོས་ཐམས་ཅད་གནས་ལུགས་རང་གི་སེམས་ཉིད་བདེ་གཤེགས་སྙིང་པོ་ཉིད་ལྷག་པའི་ཀུན་རྫོབ་བདེན་པ་དང་ལྷག་པའི་དོན་དམ་བདེན་པ་སྟེ་ལྷག་པའི་བདེན་པ་དབྱེར་མེད་བློས་སྤྱོད་ཡུལ་དང་བྲལ་བའི་བདག་ཉིད་དུ་གཏན་ལ་ཕེབས་པ་ལ་གྲུབ་མཐའ་ཞེས་བྱའོ། །དེ་ལ་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མི་འབྱེད་པ་གསར་མའི་ལུགས་ཡིན་ལ། སྔ་འགྱུར་རྙིང་མའི་རང་ལུགས་ལ་ནི་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་འབྱེད་པ་ཡིན་ཏེ། འདི་ལྟར་ལྟ་བའི་རྣམ་གྲངས་ལ། ཆོས་ཅན་ལྟ་བའི་ལྟ་བ། ཆོས་ཉིད་ལྟ་བའི་ལྟ་བ། རང་རིག་ལྟ་བའི་ལྟ་བ་སྟེ་གསུམ་


ZP04_Page_032
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡོད་པ་ལས། ཆོས་ཉིད་ལྟ་བའི་ངོས་ནས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་དེ། སྔགས་ཀྱི་ལྟ་བའི་ཡང་ངོ་བོ་སྟོང་པའི་ཆ་ནས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དམིགས་བསམ་བརྗོད་པ་ལས་འདས་པའི་ཕྱིར། །རྩ་རྒྱུད་ལས་གཅིག་དང་དུ་མ་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ། །རང་བྱུང་ཡེ་ཤེས་གནས་མེད་སྣང༌། །ཞེས་སོ། །རྒྱུ་མཚན་དེ་ལྟ་བུ་ལ་དགོངས་ནས། ས་སྐྱ་པཎྜི་ཏས་ཀྱང༌། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། ལྷག་པའི་ལྟ་བ་ཡོད་གྱུར་ན། ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་སོ། །ཆོས་ཅན་ཀུན་རྫོབ་ལྟ་བའི་ངོས་ནས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་པར་ཡིན་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་བླ་མེད་ཟབ་མོ་དབུ་མའི་ཐེག་པ་ལས་ཀུན་རྫོབ་རྟེན་འབྱུང་དུ་སྣང་བའི་ཆོས་འདི་དག་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟར་རང་བཞིན་བདེན་པར་མ་གྲུབ་པ་ཙམ་དུ་བལྟ་བ་ལས། །དག་པ་ལྷའི་དཀྱིལ་འཁོར་ཆེན་པོར་ལྟ་བར་མ་བཤད་ཀྱང་ཐབས་ཀྱི་ཐེག་པ་ཆེན་པོའི་སྔགས་བླ་མེད་ཀྱི་སྐབས་འདི་རུ་ནི། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་རང་བཞིན་ལྷ་དང་ལྷ་མོའི་ཚུལ་དུ་རང་ཆས་བཞུགས་པར་བལྟ་སྟེ། གསང་སྙིང་ལས། །རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲོལ། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མཱ་ཀི། །མེ་རླུང་


ZP04_Page_033
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དཀར་དམ་ཚིག་སྒྲོལ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང༌། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། ཞེས་དང༌། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། དེ་བསལ་ན་ནི་སངས་རྒྱས་དངོས། ཞེས་དང༌། རྨད་བྱུང་རྒྱལ་པོའི་རྒྱུད་ལས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་སོ། །དེ་ལྟར་རྟེན་ཆོས་ཀུན་རྫོབ་ཀྱི་ངོས་ནས་སྔགས་ཀྱི་ལྟ་བ་མདོ་ལས་འཕགས་པའི་རྒྱུ་མཚན་གྱིས། དེ་ཉིད་ཀྱིས་སྣང་གཞི་སྟོང་ཉིད་ཀྱང་སྤྲོས་བྲལ་ཡིན་པ་འདྲ་ཡང༌། །འདིར་དོན་དམ་དཀོར་བདུན་ངོ་བོ་ཉིད་ལྷུན་གྱིས་གྲུབ་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་འདོད་པ་ཡིན་ཏེ། ལམ་རིམ་ལས། །བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་ཀར་འཛིན། །ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་ལ། ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །གཉིས་པ་ལམ་བསྒོམ་པ་ཉམས་སུ་ལེན་ཚུལ་ལ། ཀུན་སློང་ནི་སྔགས་ནང་པ་གསུམ་མཚུངས་པར་ཚེ་


ZP04_Page_034
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འདི་ཉིད་ལ། རང་གཞན་གྱི་ཕན་བདེ་རླབས་པོ་ཆེ་སྒྲུབ་པའི་ཕྱིར་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པའོ། །འཇུག་སྒོ་ནི། རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དབང༌། དེ་མ་ཐག་པ་བཞི་པ་སྟེ། ཞེས་གསུངས་པ་ལྟར། བུམ་སོགས་དབང་བཞི་དང༌། ཡང་ན་བུམ་དབང་ལ་འཕན་ནུས་གཉིས་སུ་ཕྱེ་བས་ལྔར་འགྱུར་བའོ། །དེ་ཡང་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། །གསང་བ་ཟབ་མོའི་དབང་གསུམ་སྟེ། དེ་དག་ལེགས་པར་ཐོབ་པས་རང་རྒྱུད་སྨིན་པར་བྱེད་པ་ཡིན་ནོ། །དེ་ལྟར་ཞུགས་ནས་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ལ། རྒྱལ་པོ་ཨིནྡྲ་བྷུ་ཏིས་རིམ་གཉིས་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་པའོ། །ཞེས་གསུངས་པ་ལྟར། ཀུན་བཏགས་བསྐྱེད་པའི་རིམ་པའི་རྣལ་འབྱོར་དང༌། ཡོངས་གྲུབ་རྫོགས་པའི་རིམ་པའི་རྣལ་འབྱོར་ཏེ་ལམ་རིམ་པ་གཉིས་སུ་ཡོད་པ་ལས། དང་པོ་བསྐྱེད་པ་ནི་སྐྱེ་བའི་བག་ཆགས་དག་བྱེད་ཐ་མལ་སྣང་ཞེན་མཚན་རྟོག་ལྷའི་རང་བཞིན་དུ་འགོགས་པའི་ཐབས་ཏེ། །ཡོན་ཏན་མཛོད་ལས། བསྐྱེད་རིམ་གྱིས་ནི་སྣང་བའི་བདེན་ཞེན་འགོག །ཅེས་གསུངས་སོ། །སྐྱེ་བ་དེ་ཡང་ཡ་ཀི་སྲིད་རྩེ་ནས་མ་ཀི་མནར་མེད་ཀྱི་བར་ན་གནས་པའི་འགྲོ་བ་འདི་དག་སྐྱེ་གནས་རྣམ་པ་བཞི་གང་རུང་གིས་བསྡུས་པའི་ཕྱིར། །དེ་སྦྱོང་བྱེད་ཀྱི་བསྐྱེད་རིམ་ཡང་བཞིར་གསུངས་ཏེ། །ཇི་སྐད་དུ་


ZP04_Page_035
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སྒྱུ་འཕྲུལ་དྲྭ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། །བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་བཅས་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་གསུངས་པ་ལྟར། །བཞི་ལས། དང་པོ། །ལས་དང་པོ་བའི་གང་ཟག་དབང་པོ་ཐ་མའི་བསྒོམ་བྱ་སྒོང་སྐྱེས་ཀྱི་བག་ཆགས་དག་བྱེད་སྤྲོས་ཅན་རྣམ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི། རྒྱུའི་ཧེ་རུ་ཀ་ལས། འབྲས་བུའི་རྡོ་རྗེ་འཛིན་པའི་རྣམ་པར་བཞེངས་པ་བདག་སྲས་གཞན་སྲས་ཀྱི་སྒོ་ནས་བསྐྱེད་པ་སྟེ། སྒྲུབ་སྡེ་བཀའ་བརྒྱད་བདེར་འདུས་ལྟ་བུ་དང༌། རྒྱུད་སྡེར་ལྟར་ན་རྒྱུ་འཕྲུལ་ཁྲོ་བོ་ལྟ་བུ་ཡི། དེ་ཡང་སྔ་མས་ཁ་དག་སྲས་ཡན་ལག་ལྔ་དང༌། གཞན་སྲས་ཡན་ལག་བརྒྱད་ཀྱི་སྒོ་ནས་བསྐྱེད་པ་དང༌། ཕྱི་མ་ལྟར་ན་སྔ་ཕྱི་གཉིས་ཀ་བསྐྱེད་བྱེད་རྡོ་རྗེའི་ཆོ་ག་གསུམ་ཡིན་ནོ། །ཅུང་ཟད་བརྟན་པ་ཐོབ་པའི་གང་ཟག་དང༌། དབང་པོ་འབྲིང་གིས་མངལ་སྐྱེས་ཀྱི་བག་ཆགས་དག་བྱེད་སྤྲོས་པའམ་རྒྱས་པའི་བསྐྱེད་རིམ་ལས། ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པ་དང༌། མ་རྒྱུད་ལྟར་མངོན་བྱང་བཞིའམ་ལྔའི་བསྒོ་ནས་བསྐྱེད་པ་སྟེ། དེ་དག་གི་གཙོ་བོ་མ་ཧཱ་ཡོ་གའི་སྒོམ་ཚུལ་གྱི་བསྐྱེད་རིམ་སྟེ། །ཀུན་མཁྱེན་ཆེན་པོའི་དགོངས་པ་དེ་ལ་ལྷ་སྐུ་ཞལ་ཕྱག་དང་བཅས་སྤྲུལ་པའི་བསྐྱེད་རིམ་ཞེས་བསྐྱེད་རིམ་མཚན་ཉིད་པ་ཡིན་ནོ། །བརྟན་པ་ཐོབ་པའི་གང་ཟག་དང་དབང་པོ་རབ་ཀྱི་བསྒོམ་བྱ་དྲོད་གཤེར་སྐྱེས་ཀྱི་བག་ཆགས་དག་བྱེད་ཨ་ནུའི་སྒོམ་ཚུལ། སྤྲོས་མེད་འབྲིང་གི་བསྐྱེད་རིམ་སྙིང་པོའམ་བསྐྱེད་སྔགས་བརྗོད་པ་ཙམ་


ZP04_Page_036
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ་བསྐྱེད་པ་དེ་ལ། ཡུལ་སྣང་བདེན་མེད་དུ་ཤེས་པ་སྒྱུ་མའི་བསྐྱེད་རིམ་ཞེས་བྱའོ། །ཏིང་ངེ་འཛིན་ཤིན་ཏུ་གོམས་པའི་གང་ཟག་དང་དབང་པོ་ཡང་རབས་ཀྱིས་བསྒོམ་བྱ། བརྫུས་སྐྱེས་ཀྱི་བག་ཆགས་དག་པར་བྱེད་པ་ལ། ཨ་ཏིའི་བསྒོམ་ཚུལ་བསྐྱེད་རིམ་ཤིན་ཏུ་སྤྲོས་མེད་དམ་བསྡུས་པའི་བསྐྱེད་རིམ་སྐད་ཅིག་དྲན་རྫོགས་སུ་བསྒོམ་པ་དེ་ལ་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ཞེས་བྱའོ། །དེ་ཡང་སེམས་ཉིད་ངལ་བསོ་ལས། དེ་ལྟར་བསྒོམ་ཚུལ་རྣམ་ལ་བཞི་པོ་སོང་ནས་དཀྲོང་བསྐྱེད་བྱ། ཞེས་སོ། །དེ་དག་ཇི་ལྟར་ཉམས་སུ་ལེན་ཚུལ་ལ། སྔ་འགྱུར་རྙིང་མ་རིང་ལུགས་ལྟར་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལམ་རིམ་གྱིས་སྔོན་འགྲོའི་རྐང་ཚུགས་པར་བྱས་ཏེ། རྒྱུའི་དབང་ཟབ་མོས་རང་རྒྱུད་ལེགས་པར་སྨིན་ཅིང༌། དེ་དང་འབྲེལ་བར་ཀུན་གཞིའི་རྒྱུ་རྒྱུད་ཇི་ལྟ་བར་རྟོགས་པའི་ལྟ་བ་འཁོར་འདས་དབྱེར་མེད་དུ་རྟོགས་ཤིང་གཞི་དམ་ཚིག་རྣམ་པར་དག་པ་ལ་གནས་པའི་གང་ཟག་གིས་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་བསྐྱེད་རིམ་གྱི་ཁོག་ཕུབ། ཇི་ལྟར་བསྐྱེད་པའི་ངོ་བོར་དག་རྫོགས་སྨིན་གསུམ་ཚངས་པར་བྱ། དེ་ལྟར་བསྐྱེད་ཟིན་པ་དེ་འང་སྲོག་སྡོམ་གཟེར་བཞིའི་མན་ངག་གིས་རྒྱས་ཐེབ་པ་ཞིག་ནི་བསྐྱེད་རིམ་གྱི་གནད་གལ་པོ་ཆེ་ཡིན་ནོ། །དེ་ལ་ཡང་ལམ་ངེས་རྫོགས་སུ་བྱ་བ་དང༌། མོས་སྒོམ་དུ་བྱ་བ་སྟེ་གཉིས་སུ་ཡོད་པ་ལས། ངེས་རྫོགས་ཚེ་འདིར་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ནས་དངོས་གྲུབ་རྣམ་གཉིས་དོན་དུ་གཉེར་བ་ཞིག་ཡིན་ན་ནི།


ZP04_Page_037
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ངེས་རྫོགས་སུ་བསྒོམ་པ་ལ་ནན་ཏན་དུ་བརྩོན་དགོས་པའི་ཕྱིར་དེ་དག་གི་རྣམ་བཞག་རྒྱས་པར་རྟོགས་འདོད་ན་དཔལ་ལྡན་སྒྱུ་འཕྲུལ་དྲྭ་བ་དང་བསྐྱེད་རིམ་འོག་མིན་བསྒྲོད་པའི་ཐེམ་སྐས་སོགས་ལ་ཡི་དམ་དུ་བྱའོ། །གཉིས་པ་རྫོགས་རིམ་ནི། འཆི་བའི་རིམ་པའི་བག་ཆགས་དག་བྱེད་དང༌། གྱ་ནོམ་ལྷར་ཞེན་གྱི་མཚན་རྟོག་གཉིས་སུ་མེད་པའི་ཡེ་ཤེས་སུ་སྡོམ་པ་སྟེ། ཇི་སྐད་དུ། རྫོགས་རིམ་གྱིས་ནི་སྒྱུ་མའི་ཞེན་འཛིན་སྤོངས། ཞེས་སོ། །དེ་ལ་དབྱེ་ན་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་གཉིས་ལས། དང་པོ་ལའང་དབེན་གསུམ་སོགས་ཕ་རྒྱུད་ཀྱི་རིམ་ལྔ་དང༌། གཏུམ་མོ་སོགས་མ་རྒྱུད་ཀྱི་ཆོས་དྲུག་སོར་སྡུད་སོགས་གཉིས་མེད་རྒྱུད་ཀྱི་སྦྱོར་དྲུག་སོགས་རྣམ་བཞག་མང་དུ་ཡོད་ཀྱང་དོན་ལ་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལ་བརྟེན་ནས་སྟོང་བཞིས་དྲངས་པའི་འོད་གསལ་དང༌། དགའ་བཞིས་དྲངས་པའི་ལྷན་སྐྱེས་ཡེ་ཤེས་གང་རུང་མངོན་སུམ་དུ་རྟོགས་པ་ནི་རྫོགས་རིམ་གྱིས་མཐིལ་ཡིན་ནོ། །གསུམ་པ་དེའི་འབྲས་བུ་ནི། ཐུན་མོང་གྲུབ་པ་བརྒྱད་སོགས་དང༌། མཆོག་གི་དངོས་གྲུབ་གནས་སྐབས་ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་དང༌། མཐར་ཐུག་ལམ་མཐར་ཕྱིན་པའི་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་སྐུ་ལྔ་ལ་སོགས་པའི་འབྲས་ཆོས་ཉེར་ལྔའི་བདག་ཉིད་ལ་དབང་བསྒྱུར་ཏེ་འཁོར་བ་ཇི་སྲིད་ཀྱི་བར་དུ་འགྲོ་བའི་དོན་རྟགས་ཁྱབ་ལྷུན་གྲུབ་ཆེན་པོར་མཛད་པ་ཡིན་ནོ། །


ZP04_Page_038
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་གསུང་རྒྱུད་ལུང་ཨ་ནུ་ཡོ་གས་གཞི་ལྟ་བས་གཏན་ལ་འབེབས་ཚུལ་ནི། དགོངས་འདུས་ལས། ཐམས་ཅད་བདག་ཉིད་རོ་གཅིག་པས། ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། སྐྱེ་འགགས་མེད་པའི་སྙིང་པོ་ཡིས། བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་པའི་སྤྱི་དོན་གསལ་སྒྲོན་ལས། །དེ་ཡང་དཀྱིལ་འཁོར་རྣམ་པ་གསུམ་གང་ཞེ་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་རོལ་རྩལ་དུ་འདུས་ཤིང༌། སེམས་སྐྱེ་མེད་སྤྲོས་པ་དང་བྲལ་བ་ནི་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང༌། དེ་ཉིད་ཐམས་ཅད་དུ་མ་འགགས་པའི་རང་སྣང་རིས་མེད་ཀུན་ཁྱབ་དུ་ཤར་བ་ནི་ཀུན་ཏུ་བཟང་པོ་རང་བྱུང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཡིན་ལ། དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པ་ཟུང་འཇུག་ཏུ་གནས་པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་གསུམ་དུ་གནས་པ་ཉིད་རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པའི་ལྟ་བས་གཏན་ལ་ཕེབ་པ་དེ་ཡང་ཆོས་ཅན་ཤེས་བྱའི་དོན་ལ་ཤེས་བྱའི་རིག་པའི་གཏན་ཚིག་རྣམས་ཀྱིས་སོ་སོར་བརྟགས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་དཀྱིལ་འཁོར་གསུམ་ཇི་ལྟ་བར་གཏན་ལ་ཕེབ་སྟེ་རྟོགས་པར་བྱ་བ་ཡིན་ནོ། ༈ གཉིས་པ་ལམ་བསྒོམ་པས་ཉམས་སུ་ལེན་ཚུལ་ལ། འཇུག་སྒོ་ནི།


ZP04_Page_039
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་ལས། །ཕྱིའི་དབང་དང་ནང་གི་དབང༌། སྒྲུབ་པའི་དབང་དང་གསང་བའི་དབང༌། བཅུ་དང་བཅུ་གཅིག་བཅུ་གསུམ་དང༌། རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། ཞེས་པས་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལ་དབང་བཅུ་དང༌། ནང་དབང་འབྱུང་བའི་ཆུ་བོ་ལ་བཅུ་གཅིག །སྒྲུབ་དབང་གྲགས་པའི་ཆུ་བོ་ལ་བཅུ་གསུམ། གསང་དབང་རྫོགས་པའི་ཆུ་བོ་ལ་གཉིས་ཏེ་དབང་མཆོག་སུམ་ཅུ་རྩ་དྲུག་བསྐུར་ཏེ་རྒྱུད་སྨིན་པར་བྱེད་པའོ། །གཉིས་པ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ལ། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ནི། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལ་མཉམ་པར་འཇོག་པ་ཡིན་ནོ། །ཡི་གེའི་རྗེས་སུ་འཇུག་པ་མཚན་བཅས་ལྷའི་ཏིང་འཛིན་སྒོམ་པ་ནི། གོང་ལྟར་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་རྟེན་དང་བརྟེན་པའི་འཁོར་ལོར་སྒོམ་པ་སྟེ་ཚོགས་ཆེན་འདུས་པ་ལྟ་བུའོ། །དེ་དག་ཀྱང་འགྲེལ་བ་ལུང་བསྟན་མ་ལས། དེ་རིན་འཇུག་པ་རྣམ་གསུམ་སྟེ། རྟོག་དཔྱོད་དོན་དང་ཡིག་རྗེས་འཇུག །ཅེས་སོ། །རྫོགས་རིམ་སྟེང་འོག་གི་སྒོ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་སྟེ་ལམ་རིམ་པ་གཉིས་བསྒོམ་པས་ས་དང་པོ་འགྱུར་བ་མ་ངེས་པའི་ས་དང༌། གཉིས་པ་བསྟན་པ་གཞི་ལ་མ་ངེས་པའི་ས་དང༌། གསུམ་པ་གལ་ཆེན་སྦྱོང་བ་མ་ངེས་པའི་ས་དང༌། བཞི་པ་བསླབ་པ་རྒྱུན་གྱི་ས་དང༌། ལྔ་པ་བསོད་ནམས་ཀྱི་རྟེན་ལ་མ་ངེས་པའི་ས་དང༌། དྲུག་པ་བརྟེན་པའི་ཁྱད་པར་དུ་


ZP04_Page_040
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་ལ་མ་ངེས་པའི་ས་དང༌། བདུན་པ་དམིགས་པའི་འབྲས་བུ་སྐྱེ་བ་ལ་མ་ངེས་པའི་ས་དང༌། བརྒྱད་པ་གནས་པ་མི་འགྱུར་བ་ལ་མ་ངེས་པའི༴་དགུ་པ་བརྡལ་བ་ཆོས་ཉིད་ལ་མ་ངེས༴་བཅུ་པ་རྫོགས་པ་ཅིར་ཆིབས་ཀྱིས་ཏེ་བཅུ་ལས། དང་པོ་གཉིས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་གྱིས་བསྡུས། གསུམ་པ་བཞི་པ་ལྔ་པ་གསུམ་སྦྱོར་ལམ་རིག་ཆེན་འབྱིན་པའི་རྣལ་འབྱོར༴་དྲུག་པ་མཐོང་ལམ་དབུགས་ཆེན་འབྱིན་པའི༴་བདུན་པ་སྒོམ་ལམ་ལུང་ཆེན་ཐོབ་པའི༴་བརྒྱད་པ་དགུ་པ་བཅུ་པ་གསུམ་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པའི་སློབ་ལམ་རྣམས་མཐར་ཕྱིན་ཏོ། །གསུམ་པ་འབྲས་བུ་ཐོབ་ཚུལ་ནི། མི་སློབ་པའི་ལམ་འབྲས་བུ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པ་ཡིན་ནོ། །དེ་ཡང་ས་བཅུ་པོ་དེ་དག་འདུན་པ་སྐྱེ་བ་ལ་སོགས་པའི་སྐབས་བཅུར་སྤངས་བྱ་རྐྱེན་གྱུར་ལས་ཀྱི་བག་ཆགས་ཕྲ་རགས་ལ་སོགས་པ་བཅུ་པོ་འདི། གཉེན་པོ་གཡོ་བ་བྱང་ཆུབ་ཀྱི་སེམས་སོགས་བཅུ་པོས་སྤོངས་པའི་དཔེ་སྐར་མར་རབ་རིབ་ལ་སོགས་པ་བཅུ་དང་སྦྱོར་ཚུལ་ཡོད་པས་དེ་དག་གི་རྣམ་བཞག་ལྗོན་ཤིང་གི་རྣམ་བཞག་གི་ལེའུ་དང༌། རྩ་རྒྱུད་ཀུན་འདུས་ཀྱི་ལེའུ་གཉིས་པ་ལ་སོགས་པས་ཤེས་པར་བྱའོ།། ༈ གསུམ་པ་བསྐྱེད་རྫོགས་གཉིས་སུ་མེད་པའི་ཡེ་ཤེས་གཙོ་བོར་སྟོན་པ་ཐུགས་རྒྱུད་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གས་གཞི་ལྟ་བས་གཏན་ལ་འབེབས་ཚུལ་ནི། གང་དུ་བཤད་པའི་ཀུན་གཞི་རྒྱུ་རྒྱུད་ངོ་འཕྲོད་པའི་ལྟ་བ་དེ་


ZP04_Page_041
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར་བཞག་ལ། ཁྱད་པར་གྱི་ཆོས་ནི། ཨ་ནུ་མན་ཆད་ཀྱི་ཐེག་པ་བརྒྱད་པོས་སེམས་ལམ་དུ་བྱེད་པ་ཡིན་ལ། རྫོགས་ཆེན་གྱི་སྐབས་འདིར་ནི་སེམས་རིག་པ་གཉིས་ཀྱི་ཤན་འབྱེད་དེ་སེམས་ལས་འདས་པའི་རིག་པ་སྐད་ཅིག་མ་འདི་ཀའི་ངོ་བོ་སྟོང་པ་ཆོས་སྐུ། གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་རིག་པ་སྤྲུལ་སྐུ་གསུམ་གྱི་རང་ཞལ་ཡོན་ཏན་མཛོད་ཀྱི་ལེའུ་བཅུ་གཉིས་པར་གསུངས་བ་བཞིན། མཆན། ལ་གཉིས་སུ་མེད་པར་བལྟ་བ་ཡིན་ནོ། །དེ་ཡང་རིག་འཛིན་འཇིགས་མེད་གླིང་བས། གང་དག་སེམས་ལས་འདས་པའི་རིག་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་སོ། །གཉིས་པ་ལམ་བསྒོམ་པ་ཉམས་སུ་ལེན་ཚུལ་ལ། འཇུག་སྒོ་ནི། དབང་བཞི་བརྩལ་དུ་བཏོན་ཏེ་རིག་པའི་རྩལ་དབང་བཞི་སྟེ། རྫོགས་པ་རང་བྱུང་ལས། །སྤྲོས་བཅས་སྤྲོས་པ་མེད་པ་དང༌། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །དབང་བཞི་རྣམ་པ་བཞི་ཡིས་ཀྱང༌། །སྐལ་པར་ལྡན་པ་སྨིན་པར་བྱས། །ཞེས་སོ། །ཞུགས་ནས་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ་ལ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེག་ཆོད་ཀྱི་ལམ་དང༌། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་ལྷུན་གྲུབ་ཐོད་སྒལ་གྱི་ལམ་ཏེ་གཉིས་ལ་གོམས་པར་བྱ་བ་ཡིན་ནོ། །གསུམ་པ་དེའི་འབྲས་བུ་ཇི་ལྟར་ཐོབ་ཚུལ་ནི། གང་ཟག་དབང་པོ་ཡང་རབ་དང་བརྩོན་འགྲུས་མཆོག་ཏུ་གྱུར་བ་ཡིན་ནོ་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཐམས་ཅད་ཟད་དེ་ལུས་མ་བོར་བར་སངས་རྒྱས་ཏེ་འཕོ་མེད་རྡོ་རྗེའི་སྐུ་


ZP04_Page_042
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་སྟེ་ཨོ་རྒྱན་སངས་རྒྱས་གཉིས་པ་ལྟ་བུ་ཡིན་ནོ། །དེ་ཙམ་མ་བྱུང་ཡང་མེ་དཔུང་དང་མཁའ་འགྲོའི་འཆི་ལུགས་སོགས་ཀྱིས་ལུས་འོད་ལུས་སུ་དེངས་པ་སོགས་གང་ལྟར་ཡང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་དབང་བསྒྱུར་པ་ཡིན་ནོ། །དེ་ལྟར་ཐེག་དགུའི་རྣམ་བཞག་གིས་བཅད་འཇོག་ཚུལ་འདི་ནི་འགྲེལ་བ་རང་གི་བབ་དང་བསྟུན་པ་ཙམ་ལས་དངོས་གནས་ནི་མ་ཡིན་ནོ། །དེས་ན་བཀའ་བརྒྱད་པ་དེར་འདུས་ཀྱིས་བཅད་ཙམ་གྱི་ཆིངས་ལས་ཇི་ལྟར་གསང་བ་ལྟར་ཐེག་དགུའི་འཇུག་སྒོ་ལྟ་བ་ལ་སོགས་པའི་ས་བཅད་ཀྱི་ཆིངས་སུ་གསུང་པ་གསང་བདག་ཞལ་ལུང་གི་སྔོན་འགྲོ་སྤྱིའི་རྣམ་བཞག་འཆད་པའི་སྐབས་སུ་ཇི་ལྟར་བྱུང་བ་བཞིན་དུ་ཤེས་པར་བྱ་བ་ཤིན་ཏུ་ལེགས་སོ།། །དགེའོ། །དགེའོ།།


previousཐེག་པ་རིམ་པ་དགུའི་རྣམ་བཞག་གི་ས་བཅད།next