Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
སྡོམ་གསུམ་རྣམ་ངེས་ལས་བྱང་སེམས་ལེའུའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡན་གྱི་འབྲུ་འགྲེལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡོམ་གསུམ་རྣམ་ངེས་ལས་བྱང་སེམས་ལེའུའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡན་གྱི་འབྲུ་འགྲེལ།next

སྡོམ་གསུམ་རྣམ་ངེས་ལས་བྱང་སེམས་ལེའུའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡན་གྱི་འབྲུ་འགྲེལ།


ZP04_Page_043
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་གསུམ་རྣམ་ངེས་ལས་བྱང་སེམས་ལེའུའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡན་གྱི་འབྲུ་འབྲེལ་བཞུགས། །


ZP04_Page_044
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་བསྟན་བཅོས་འདི་ལ། དང་པོ་ཁོག་ཕུབ་གླེང་གཞི་བཤད་པ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་མོ། །གླེང་གཞི་ལ་ཡང༌། སྟོན་པ་སངས་རྒྱས་ཀྱིས་གསུངས་ཚུལ་དང༌། རྗེས་འཇུག་གིས་སྤེལ་ཚུལ་དང༌། སྡོམ་པའི་ངོ་བོ། །དབྱེ་བ་སྟེ་བཞིའོ། །དང་པོ་ནི། བསྐལ་བཟང་འགྲོ་བའི་སོགས་རྐང་པ་གསུམ་གྱི་དོན་ནི། བསྐལ་བཟང་ཞེས་པ་གནས་དང་དུས་གྱི་བསྐལ་པ་སོགས་ཡོད་ཀྱང་འདིར་དུས་ཀྱི་བསྐལ་པ་སྣོད་བཅུད་ཀྱི་ཆགས་གནས་འཇིག་སྟོང་བཞིའི་རེ་རེ་ལ་བར་གྱི་བསྐལ་པ་ཉི་ཤུ་སྟེ་བར་བསྐལ་


ZP04_Page_045
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་ལ་བསྐལ་ཆེན་གཅིག་སྟེ། བསྐལ་ཆེན་ལ་སྒྲོན་བསྐལ་དང་མུན་བསྐལ་གཉིས་སུ་ཡོད་པ་ལས། སྔོན་གཙང་མ་རིས་ཀྱི་ལྷ་རྣམས་ཀྱིས་བལྟས་པས་སྟོང་གསུམ་འདི་ཡང་སྟོང་སྟེ་ཆུ་ཆེན་པོ་གཅིག་གི་འཁོར་ཡུག་ཏུ་གྱུར་ཚེ་མེ་ཏོག་སྟོང་སྐྱེས་པ་མཐོང་བས་ན་དེའི་ཚེ་ལྷ་རྣམས་ཀྱི་བསྐལ་པ་བཟང་པོའོ་ཞེས་བཏགས་སོ། །འགྲོ་བ་ནི་རིགས་དྲུག་གི་སེམས་ཅན་ནོ། །འདྲེན་པ་ནི། དེ་དག་སོ་སོའི་སྡུག་བསྔལ་ལས་འདྲེན་པས་ན་འདྲེན་པ། ཐུབ་པ་ནི་སོ་སོའི་སྐྱེ་བོས་ལུས་ངག་གི་མི་དགེ་བ་རྣམས་ཤུགས་ཀྱི་ཐུབ་པའི་གོ་ཆ་ལ་བསྟེན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཉེས་སྤྱོད་ལས་བསྲུང་མི་དགོས་ཞིང་ཐུབ་པའོ། །ཆེན་པོ་ནི་ཕྱི་རོལ་ལྷའི་དྲང་


ZP04_Page_046
[མ་དཔེ་གཟིགས་ན་འདིར་གནོན།]

སྲོང་ཐུབ་པ་ལྟ་བུ་ལས་ཆེས་ལྷག་པས་ན་ཆེན་པོ་དེ་ཉིད་ཡིན་ཞེས་སྟོན་པ་ཕུན་སུམ་ཚོགས་པའོ། །དེས་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། །བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི། བྱ་རྒོད་ཕུང་པོ་དང་ཡངས་པ་ཅན་སུམ་ཅུ་རྩ་གསུམ་སོགས་ཀྱི་གནས་ཕུན་སུམ་ཚོགས་པ་བསྟན། དེ་ཡང་འཁོར་ལྷ་ཀླུ་དྲི་ཟ་མི་སོགས་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་འཁོར་མ་ངེས་པ་རྣམས་ཀྱི་འཁོར་ཕུན་སུམ་ཚོགས་པ་བསྟན། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཅེས་པ་ནི། ཟབ་པ་རྒྱ་ཆེ་བ་བཀའ་བར་པ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པ་སྟོང་ཉིད་དུ་གཏན་ལ་ཕབ་པ་དང༌། བཀའ་ཐ་མ་ཆོས་ཐམས་ཅད་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་པའོ། །དཔག་ཡས་ནི། སོ་སྐྱེས་རྣམས་ཀྱི་བློས་དཔག་ཡུལ་ལས་འདས་པའོ། །དཔེར་ན་བརྒྱ་བྱིན་ལྷའི་གླང་པོ་རབ་བསྟན་གྱིས་ཁུར་བར་འོས་པའི་སྣགས་ཚ་རི་ལ་ཆོས་ཀྱི་ཕུང་པོ་རེ་རེ་བྲིས་པ་དེ་འདྲའི་ཆོས་ཕུང་བཞི་སྟོང་སོགས་གསུངས་པའོ། །གཉིས་པ་ནི། འཇམ་དབྱངས་བཀའ་བསྡུས་སོགས་རྐང་པ་ལྔའི་དོན་ནི། སངས་རྒྱས་ཐུབ་པ་ཆེན་པོའི་གསུང་རབ་ཀྱི་ཆོས་ཐམས་ཅད་རྒྱལ་སྲས་འཕགས་པ་འཇམ་དཔལ་གྱི་ཐུགས་ཀྱི་གོང་བུར་བཟུར་སྟེ། དེ་ཡང་མཐོང་ལམ་རབ་དགའི་ས་


ZP04_Page_047
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་མགོན་པོ་ཀླུ་བསྒྲུབ་ཀྱིས་གསུངས་པའི་དབུ་མ་རིགས་ཚོགས་དྲུག་སོགས་ཀྱི་སྒོ་ནས་གཏན་ལ་ཕབ་པའོ། །དེ་དག་རྒྱལ་སྲས་ཞི་བ་ལྷ་དང༌། སློབ་དཔོན་ལེགས་ལྡན་འབྱེད་སངས་རྒྱས་བསྐྱངས་སོགས་ཀྱིས་རབ་ཏུ་སྤེལ་བ་ནི་ཟབ་མོ་ལྟ་བའི་ལུགས་སོ། །བྱང་ཆུབ་སེམས་དཔའ་བྱམས་པས་བཀའ་ཡི་བསྡུ་བ་མཛད་དེ་དགའ་ལྡན་དུ་བྱམས་པའི་ཆོས་སྡེ་ལྔ་སོགས་ཀྱི་སྒོ་ནས་གསུངས་པ་དེ་དག་ཐོག་མེད་དང་དབྱིག་གཉེན་སྐུ་མཆེད་སོགས་ཀྱིས་བཀྲལ་ཏེ་འཛམ་བུ་གླིང་དུ་དར་རྒྱས་སུ་མཛད། དེ་ཡང་ལྷ་ཅིག་དཱི་པམ་ཀ་རའི་བཀའ་དྲིན་གྱི་སྤེལ་བ་ནི་རྒྱ་ཆེན་སྤྱོད་པའི་སྲོལ་ཡིན་ནོ། །རྒྱལ་བའི་དབང་པོ་འཆི་མེད་མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་ཆེན་པོའི་རིང་ལུགས་ཀྱང་སློབ་དཔོན་ཀླུ་སྒྲུབ་དང་མཐུན་ནོ། །གསུམ་པ་ནི། ངོ་བོ་བྱམས་དང་སྙིང་རྗེས་སོགས་རྐང་པ་གསུམ་གྱི་དོན་ནི། དེ་ཡང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བླ་ན་མེད་པ་འདི་དག་བསྐྱེད་པའི་སྡོམ་པའི་ངོ་བོ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་པའི་བྱམས་པ། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེ་ནི་བྱང་སྡོམ་གྱི་རྟེན་མེད་དུ་མི་རུང་བ་ཡིན་པས་སྡོམ་པའི་ངོ་བོ་བྱམས་དང་སྙིང་རྗེས་རྒྱུད་རབ་ཏུ་རླན་པར་བྱས་ནས། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཀྱི་ཁྱད་པར་ཀྱིས་དབྱེ་བས་ན། འདིར་སྙིང་རྗེས་ཞི་བའི་


ZP04_Page_048
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་མི་གནས་པར་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྤྱོད་དོ་སྙམ་པ་ནི་སྙིང་རྗེས་གཞན་དོན་ལ་དམིགས་པའོ། །ཤེས་རབ་ཀྱིས་སྲིད་པ་མཐོ་དམན་གྱི་ཟག་བཅས་འཁོར་བའི་བདེ་བ་ཐམས་ཅད་སྤང་ནས་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བླ་ན་མེད་པ་ཟག་མེད་ཀྱི་བདེ་བ་དམ་པ་ནི་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་ཀྱིས་ཐོབ་པར་བྱ་སྙམ་པ་ནི་ཤེས་རབ་ཀྱི་རྫོགས་བྱང་ལ་དམིགས་པའོ། །དེ་ལྟར་གོང་གི་སྲིད་ཞིའི་བདེ་བའི་བློ་གཉིས་དང་བྲལ་བའི་སྒོ་ནས་སྒོ་གསུམ་གྱི་མི་དགེ་བ་བཅུ་སོགས་སྤོང་བར་བྱ་བ་ནི་བྱང་སྡོམ་གྱི་ངོ་བོའོ། །བཞི་པ་ནི། །དབྱེ་བ་ཀླུ་སྒྲུབ་ཐོག་མེད་སོགས་རྐང་པ་བཅུ་གཅིག་གི་དོན་ནི། །བྱེ་བྲག་ཏུ་དབྱེ་ན། ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པ་གཉིས་རེ་རེ་ལ་ཡང་སེམས་བསྐྱེད་ཚུལ་གཅིག་ནས་དྲུག་གི་བར་གཉིས་ཀར་འདོད་དོ། །དང་པོ་མཐའ་གཉིས་དང་བྲལ་བའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འདུ་བ་ལ་ལྟོས་ནས་སེམས་བསྐྱེད་པ་གཅིག་གོ །གཉིས་པ་ངོ་བོའི་སྒོ་ནས་དབྱེ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རགས་པ་བརྡའི་ཆོ་གར་བརྟེན་པ་ཀུན་རྫོབ་སེམས་བསྐྱེད། མཐོང་ལམ་ཕྲ་བ་ཆོས་ཉིད་དོན་དམ་སེམས་བསྐྱེད་གཉིས་སོ། །གསུམ་པ་གྲོགས་ཀྱི་སྒོ་ནས་དབྱེ་ན་ལྷག་


ZP04_Page_049
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་བསླབ་པ་གསུམ་མོ། །བཞི་པ་གནས་སྐབས་ཀྱི་སྒོ་ནས་དབྱེ་ན། ཚོགས་སྦྱོར་གཉིས་སུ་མོས་པ་ལམ་བྱེད་ཀྱི་སེམས་བསྐྱེད་རབ་ཏུ་རྒྱས་པ་རྣམ་པར་སྨིན་པའི་སེམས་བསྐྱེད། །མི་སློབ་པའི་སར་སངས་རྒྱས་ཀྱི་ཐུགས་བསྐྱེད་སྒྲིབ་པ་ཀུན་དང་བྲལ་བའི་སེམས་བསྐྱེད་དང་བཞིའོ། །ལྔ་ནི་ལམ་ལྔ་ནི་གནས་སྐབས་ལ་ལྟོས་ཏེ་སེམས་བསྐྱེད་པ་དང༌། དྲུག་ནི་གྲོགས་ལ་ལྟོས་ནས་སེམས་བསྐྱེད་དང་དྲུག་གོ། དེ་ལ་ཚོགས་ལམ་ན་ལས་དང་པོ་པའི་སེམས་བསྐྱེད། སྦྱོར་ལམ་ན་ཡོངས་སུ་སྦྱང་བ་བྱས་པའི། མཐོང་ལམ་ན་ཆོས་མཐོང་བའི། །བསྒོམ་ལམ་ན་སྒྲིབ་པ་དང་བྲལ་བའི། སངས་རྒྱས་ཀྱི་ས་ན་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་དང་ལྔའོ། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ལ་ངོ་བོ་ཐ་དད་དུ་འགྲང་དུ་མེད་མོད་ཀྱང་གྲོགས་སོགས་ཀྱི་སྒོ་ནས་རྣམ་པ་ཉེར་གཉིས་སུ་དབྱེ་སྟེ། དེ་ཡང་ས་གསེར་ཟླ་བ་མེ་སོགས། འདིར་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་དོན་སྦས་པ་མངོན་དུ་ཕྱུར་བ་མངོན་རྟོགས་རྒྱན་གྱི་རྗེས་སུ་འབྲང་སྟེ་འཆད་


ZP04_Page_050
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ས་གསེར་ཟླ་བ་མེ་སོགས་ཉེར་གཉིས་ནི། ས་མཚམས་ཀྱིས་དབྱེ་བ་བཅུའི་བར་དུའོ། །ཞེས་པའི་དོན་ནི། དེ་དག་ཐམས་ཅད་རེ་རེ་ལ་ཡང་དཔེ་དང༌། གྲོགས་དང༌། ཆོས་མཐུན་གསུམ་གྱི་སྒོ་ནས་བཀྲལ་བ་ནི། །དེ་ཡང་བྱང་ཆུབ་སེམས་དཔའ་ཚོགས་ལམ་གྱི་དུས་ན་རང་གཞན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ལ་འདུན་པ་ས་ལྟ་བུ། །གཞན་དོན་དུ་བསམ་པ་འགྱུར་བ་མེད་པ་གསེར་ལྟ་བུ། ལྷག་པའི་བསམ་པ་རྣམ་པར་དག་པ་ཟླ་བ་ཚེས་པ་ལྟ་བུའི་ཡོན་ཏན་གོང་དུ་འཕེལ་བ་གསུམ་མོ། །སྦྱོར་ལམ་གྱི་དུས་ན་གཞན་གྱི་དོན་དུ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྦྱོར་བ་བརྩམས་པས་བྱང་ཆུབ་ཕྱོགས་ཀྱི་མི་མཐུན་པའི་ཕྱོགས་འཇོམས་པ་མེ་ལྟ་བུ། མཐོང་ལམ་གྱི་དུས་ན་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ནས་སེར་སྣའི་སྒྲིབ་པ་དང་རྣམ་པར་བྲལ་བ་གཏོང་བ་དང་ཆེན་པོར་གཏོང་བ་དང་ཤིན་ཏུ་གཏོང་བ་ལ་དབང་འབྱོར་ཏེ་སྦྱིན་པ་མི་ཟད་གཏེར་ལྟ་བུའོ། །སྒོམ་ལམ་ལ་དགུ་ལས་སྒོམ་ལམ་ཆུང་ངུའི་ཆུང་ངུས་གཉིས་པ་དྲི་མ་མེད་པའི་སྐབས་སུ་ཡོན་ཏན་གྱི་འབྱུང་གནས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཏེ་དཔེར་ན་རིན་པོ་ཆེ་དགོས་འདོད་ཐམས་ཅད་འབྱུང་བ་ལྟ་བུའོ། །


ZP04_Page_051
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུའི་འབྲིང་པོ་ས་གསུམ་པ་འོད་བྱེད་པའི་དུས་ན་མི་མཐུན་པའི་ཕྱོགས་ཀྱི་ས་མི་འཁྲུགས་པའི་བཟོད་པའི་ཕུང་པོ་རྫོགས་ཏེ་རྒྱ་མཚོ་ལྟ་བུའོ། །ཆུང་ངུའི་ཆེན་པོ་ས་བཞི་པ་འོད་འཕྲོ་བའི་དུས་ན་གཞན་དོན་དུ་འཇུག་པའི་བརྩོན་འགྲུས་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཏེ་ཤིན་ཏུ་བྱ་དཀའ་དང་དུ་ལེན་པ་ལ་ཐོགས་པ་མེད་པའི་བརྩོན་འགྲུས་རྡོ་རྗེ་ལྟ་བུའོ། །སྒོམ་ལམ་འབྲིང་པོའི་ཆུང་ངུའི་དུས་ན་ས་ལྔ་པ་སྦྱངས་དཀའ་བའི་སྐབས་སུ་མཚན་མའི་རྣམ་རྟོག་གིས་མི་གཡོ་བས་བསམ་གཏན་གྱི་ཕུང་པོ་ཡོངས་སུ་རྫོགས་ཏེ་རང་དོན་དུ་ཏིང་ངེ་འཛིན་ལས་གཡོ་བ་མེད་བཞིན་དུ་གཞན་དོན་རླབས་པོ་ཆེ་བྱེད་པ་ལ་སྐྱོ་ངལ་མེད་པ་རི་བོ་ལྟ་བུའོ། །འབྲིང་པོའི་འབྲིང་པོའི་སྐབས་ས་དྲུག་པ་མངོན་དུ་གྱུར་པ་ཐོབ་པའི་དུས་ནི་གང་ལ་ཡང་མ་རྨོངས་པ་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་ཏེ་རྣམ་པར་མི་རྟོག་བཞིན་དུ་སེམས་ཅན་གྱི་ཁམས་སུ་ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་སྨན་གྱི་སྡོང་པོ་ནི་རྟོག་པ་མེད་བཞིན་དུ་ལུས་ཅན་གྱི་ནད་འཇོམས་པས་དཔེར་ན་ཤེས་རབ་སྨན་ལྟ་བུའོ། །འབྲིང་པོའི་ཆེན་པོའི་སྐབས་ས་བདུན་པ་རིང་དུ་སོར་བ་ཐོབ་པའི་དུས་ན་སེམས་ཅན་ཐམས་ཅད་གང་ལ་གང་འདུལ་དུ་བྱེད་པ་ལམ་རྨོངས་པས་ཐབས་ཀྱི་ཕ་རོལ་ཏུ་


ZP04_Page_052
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ཡོངས་སུ་རྫོགས་ཏེ་ཐབས་མཁས་པ་ནི་དགེ་བའི་བཤེས་གཉེན་ལྟ་བུའོ། །འདི་མན་ཆད་ནི་སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སུ་མ་གྱུར་པས་ན་གཞན་ངོའི་མ་དག་པ་སྣང་བ་དང་ལྡན་པས་ན་མ་དག་ས་བདུན་ནོ། །འདི་ཡན་ཆད་དག་པ་ས་གསུམ་ལས་སྒོམ་ལམ་ཆེན་པོའི་ཆུང་ངུའི་སྐབས་སུ་ས་བརྒྱད་པ་མི་གཡོ་བའི་དུས་ན་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་གཞན་དོན་འབད་མེད་དུ་དགོས་འདོད་ཐམས་ཅད་འབྱུང་བ་བཞིན་དུ་སྨོན་ལམ་འགྲུབ་པས་ན་ཡིད་བཞིན་ནོར་བུ་ལྟ་བུའོ། །ཆེན་པོའི་འབྲིང་པོའི་སྐབས་ས་དགུ་པ་ལེགས་པའི་བློ་གྲོས་ཀྱི་དུས་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་སྟོབས་སུ་གྱུར་པ་གདུལ་བྱའི་འགྲོ་བ་རྣམས་ཀྱི་རྒྱུད་སྨིན་པར་བྱེད་པ་ནི་ཉི་མས་ལོ་ཏོག་ལྟ་བུའོ། །ཆེན་པའི་ཆེན་པོའི་སྐབས་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ་པའི་དུས་ན་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་གདུལ་བྱའི་འགྲོ་ཀུན་སྨིན་བྱེད་ཀྱི་གླུ་དབྱངས་གྱིས་གང་ལ་གང་འཚམས་སུ་ཆོས་ཡིད་དུ་འོང་བ་སྟོན་པས་ན་ཀླུ་ལྟ་བུ་འོ། །འདི་ས་བཅུའི་རྒྱུན་མཐའི་བྱང་ཆུབ་སེམས་དཔའི་ས་ཡིན་པས་དགའ་ལྡན་གྱི་གནས་སོགས་སུ་ཆོས་སྟོན་པ་དང་གདུལ་བྱའི་ཞིང་དུ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་གདུལ་བྱ་འདྲེན་


ZP04_Page_053
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། མཉམ་གཞག་ངོས་ན་རྫོགས་པའི་སངས་རྒྱས་རྣམས་དང་མི་འདྲ་སྟེ་ཤེས་སྒྲིབ་ཕྲ་མོ་བག་ལ་ཉལ་ཡོད་པ་དེ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་སྐད་ཅིག་གཉིས་པར་མངོན་པར་སངས་རྒྱས་སོ། །བརྒྱ་བྱིན་ལྷའི་གླང་པོ་རབ་བརྟན་གྱི་དཔེ་སོགས། སྒོམ་ལམ་ཆེན་པོ་གསུམ་ལ་ཐུན་མོང་དུ་རྫུ་འཕྲུལ་དང༌། ལྷའི་མིག་དང༌། རྣ་བ་དང༌། གཞན་སེམས་ཤེས་པ་དང༌། སྔོན་གནས་རྗེས་སུ་དྲན་པ་དང་ལྔ་ལ་དབང་འབྱོར་ཏེ་གདུལ་བྱའི་འགྲོ་བ་རྣམས་གང་ལ་གང་དགོས་སུ་འདྲེན་པ་རང་དབང་བསྒྱུར་བ་རྒྱལ་པོ་ཆེན་པོ་ལྟ་བུ་དང༌། ཚོགས་གཉིས་ཀྱི་ཡོན་ཏན་རབ་ཏུ་རྒྱས་པ་དགོས་འདོད་ཀུན་འབྱུང་ཞིང་འདོད་དགུར་སྒྲུབ་པ་རྒྱལ་པོའི་མཛོད་ལྟ་བུ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སློབ་པའི་ལམ་བྱང་ཕྱོགས་སོ་བདུན་ནི་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ལམ་ཡང་དག་པ་ཡིན་པས་ན་ལམ་པོ་ཆེ་ལྟ་བུ། སེམས་ཅན་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བགྲོད་ནུས་པ་སྲིད་ཞིའི་མཐའ་གཉིས་དང་བྲལ་བ་ཞི་ལྷག་བཞོན་པ་བཟང་པོ་ལྟ་བུའོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ཚིག་དོན་མི་བརྗེད་པའི་གཟུང་ཐོབ་པ་དང༌། གཞན་ལ་འཆད་པའི་བློ་ཐོགས་མེད་དུ་སྤོབས་


ZP04_Page_054
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱས་པ་ལ་མི་ཟད་པར་དབང་འབྱོར་བ་དཔེར་ན་མཚོ་ཆེན་པོ་ལ་ཆུ་ཕྲན་འདུ་བ་མི་ཚུད་པ་དང་གཞན་གང་དུའང་ཕྲི་བ་མེད་པས་ན་བཀོད་མའི་ཆུ་ལྟ་བུའོ། །ཡང་ས་བཅུའི་རྒྱུན་མཐའ་ཆོས་སྤྲིན་གྱི་ངོ་སྐལ་དུ་ཡང་གདུལ་བྱའི་འགྲོ་བ་འདྲེན་པའི་རྟོག་པ་མེད་བཞིན་དུ་བྲག་ཆ་ལྟ་བུའི་དམ་པའི་ཆོས་ཀྱི་དགའ་སྟོན་གྱི་གདུལ་བྱ་སྨིན་པར་མཛད་པ་ནི་སྒྲ་སྙན་ལྟ་བུའོ། །རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་བར་བྱེད་པ་བགྲོད་པ་གཅིག་པུའི་ལམ་རང་གི་ངང་གིས་འབྱུང་སྟེ་རྩོལ་སྒྲུབ་མི་དགོས་པ་རྒྱ་མཚོ་ཆེན་པོར་ཆུ་ཕྲན་འབབས་པ་ལྟ་བུའོ། །རང་དོན་ཆོས་སྐུའི་དགོངས་པ་མངོན་དུ་མཛད་དེ་གདུལ་བྱའི་འགྲོ་བ་ལ་དམ་པའི་ཆོས་ཀྱི་ཆར་འབེབས་པས་ན་སྤྲིན་ལྟ་བུའོ། །དེ་ལྟར་གྲོགས་སོགས་ལ་བརྟེན་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཚུལ་རྣམ་པ་ཉེར་གཉིས་པོ་རེ་རེ་ལའང་སྨོན་འཇུག་གཉིས་རེ་འདུ་བ་ཀུན་མཁྱེན་ཀློང་ཆེན་པས་བཞེད་དོ། །དེ་ཐམས་ཅད་བསྡུ་ན་ཡང་སྨོན་འཇུག་གཉིས་དེར་འདུ་སྟེ། བསམ་པ་སྨོན་པ་རྣམ་པར་དག་པ་དང༌། འཇུག་པ་སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་རྩོམ་པའོ། །གཉིས་པ་མདོ་སྡེ་རྒྱན་གྱི་རྗེས་སུ་འབྲང་སྟེ་རྒྱལ་སྲས་ཐོག་མེད་ཀྱིས་བཞེད་པ་ལྟར་ན། མི་ཟད་པ་བརྒྱད་ཅུའོ། །དང་པོ། །དེ་ཡང་


ZP04_Page_055
[མ་དཔེ་གཟིགས་ན་འདིར་གནོན།]

ས་གསེར་ཟླ་བ་མེ་སོགས་ཀྱི་དོན་ནི། བྱང་ཆུབ་སེམས་དཔའ་རྣམས་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་སེམས་བསྐྱེད་ཀྱི་འདུན་པ་མི་ཟད་པ་ས་ལྟ་བུ། བསམ་པ་མི་ཟད་པ་གསེར་ལྟ་བུ། ལྷག་བསམ་མི་ཟད་ཟླ་བ་ལྟ་བུ་སྟེ་ཚོགས་ལམ་མོ། །སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་མི་ཟད་པ་མེ་ལྟ་བུ་སྦྱོར་ལམ་མོ། །མི་ཟད་པའི་སྦྱིན་པ་གཏེར་ལྟ་བུའོ། །མི་ཟད་པའི་ཚུལ་ཁྲིམས་རིན་ཆེན་འབྱུང་གནས་ལྟ་བུའོ། །མི་ཟད་པའི་བཟོད་པ་མཚོ། བྱང་ཆུབ་ཀྱི་སེམས་མི་ཟད་པའི་བརྩོན་འགྲུས་རྡོ་རྗེ༴་བསམ་གཏན་རི༴་ཤེས་རབ་སྨན༴་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་བཤེས་གཉེན༴་བསྡུ་དངོས་བཞི་མི་ཟད་པ་ཡིད་བཞིན་ནོར་བུ༴་མངོན་ཤེས་དྲུག་མི་ཟད་པ་ཉི་མ༴་ཆོས་དང་དོན་དང་ངེས་ཚིག་སྤོངས་པ་སྟེ་སོ་སོ་ཡང་དག་མི་ཟད་པ་གླུ༴་གང་ཟག་ལ་མི་རྟེན་ཆོས་ལ་རྟོན་པ། ཀུན་རྫོབ་ལ་མི་རྟོན་དོན་དམ་ལ༴་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ༴་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ཏེ་རྟོན་པ་བཞི་མི་ཟད་པ་རྒྱལ་པོ་ལྟ་བུ། ཚོགས་གཉིས་མི་ཟད་པ་མཛོད༴་བྱང་ཕྱོགས་མི་ཟད་པ་ལམ་པོ་ཆེ༴་ཞི་ལྷག་མི་ཟད་པ་བཞོན་པ༴་གཟུང་སྤོབ་མི་ཟད་པ་ཆུ་བོ༴་ཆོས་ཀྱི་སྡོམ་ལྟ་བ་བཀའ་


ZP04_Page_056
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་སྒྲ་སྙན་ལྟ་བུ། བགྲོད་ལམ་མི་ཟད་པ་ཆུ་བོ་ལྟ་བུ། བྱང་སེམས་ཐབས་ལ་མཁས་པ་རྣམས་ཀྱིས་ཆོས་སྐུའི་ངང་དུ་གཡོ་མེད་དུ་དགའ་ལྡན་སོགས་སུ་ཆོས་གསུངས་པ་མི་ཟད་པ་སྤྲིན་ལྟ་བུ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ། མི་ཟད་པ་བརྒྱད་ཅུའོ། །གཉིས་པ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་གསུམ་ལས། དང་པོ་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པའི་ཡུལ། ལེན་པ་པོའི་སློབ་མའི་མཚན་ཉིད། ཇི་ལྟར་བླང་བའི་ཚུལ་དང་གསུམ་ལས། དང་པོ་ནི། དང་པོ་སྡོམ་པ་མ་ཐོབ་པ་སོགས་རྐང་པ་གསུམ་གྱིས་བསྟན། ཡུལ་དགེ་བའི་བཤེས་གཉེན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་སྨིན་པར་བྱེད་པ་སྨྲ་མཁས་པ་དང་ལྡན་པ་ཚུལ་ཁྲིམས་ཀྱིས་རྒྱུད་དུལ་བ། །ཞི་གནས་ཀྱིས་ཐུགས་ཞི་བ། ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པས་ཉེ་བར་ཞི་བ་སྟེ་བླ་མའི་མཚན་ཉིད་དང༌། གང་ཟག་ཐེག་པ་ཆེན་པོའི་རིགས་དང་སྣོད་དུ་གྱུར་པའི་གུས་ལྡན་གྱི་སློབ་མ་བཟང་པོ་སྟེ་གཉིས་སོ། །དེ་ཡང་ཐོག་མར་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་ཚུལ་ལ་ཡང་གདམས་ངག་ཁྱད་པར་ཅན་སོགས་བཞི་སྟེ་དང་པོ་ཁམས་


ZP04_Page_057
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འཁོར་བའི་གནས་ཀྱི་སྡུག་བསྔལ་ཐམས་ཅད་མཐོང་སྟེ་མྱང་འདས་བྱང་ཆུབ་ཀྱི་སྙིང་པོ་ཐོབ་པར་འདོད་པའི་ཕྱིར། ཁམས་གསུམ་གྱི་སྲིད་པའི་གནས་ཐམས་ཅད་སྡུག་བསྔལ་གྱི་ཕུང་པོ་ཆེན་པོར་མཐོང་སྟེ་སྐྱོ་བ་རབ་ཏུ་སྐྱེས་ནས་ངེས་འབྱུང་སྐྱེ་བ་དང༌། རང་གི་སར་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་དགོས་པས་དོགས་ཏེ་ཐར་པ་བསྒྲུབ་པ་མ་ཡིན་པར། སྡུག་བསྔལ་ལ་སྤྱོད་པའི་འགྲོ་བ་དེ་དག་རང་གི་ཕ་མར་གྱུར་པའི་དྲིན་མི་གཟོ་བར་རང་ཉིད་གཅིག་པུ་ཞི་བདེར་འདོད་པ་ནི་ཤིན་ཏུ་བླུན་ཅིང་དེ་ལས་མ་རབ་མེད་པས་ན་ནམ་མཁའི་གར་ཁྱབ་ཀྱི་འགྲོ་བ་རྣམས་བློས་མི་འདོར་བ་དང༌། སྲིད་ཞི་གཉིས་ཀྱི་མཐའ་སྤང་བ་བྱང་ཆུབ་ཀྱི་ལམ་རིན་པོ་ཆེ་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སློབ་པའི་ལམ་མཆོག་ཏུ་གྱུར་པ་འདི་ཉིད་ཀྱི་ཡོན་ཏན་ནི་ས་བཅུའི་བྱང་སེམས་ཀྱིས་བསྐལ་པར་བགྲང་ཀྱང་གཞལ་བར་མི་ནུས་པའི་ཡོན་ཏན་ཤེས་པའོ། །རྟེན་ཁྱད་པར་ཅན་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དང༌། ལུང་དང་རྟོགས་པའི་ཆོས་གཉིས་དང༌། ས་བཅུའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ཏེ་མཆོག་གསུམ་ལ་བརྟེན་ནས་སྐྱེས་བུ་ཆེན་པོའི་བློས་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང༌། ཡུལ་ཁྱད་པར་ཅན་


ZP04_Page_058
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་བཤེས་གཉེན་ལ་མཎྜལ་འབུལ་བ། ཐབས་ཁྱད་པར་ཅན་ཡན་ལག་བདུན་གྱི་ཚོགས་བསགས་པ་སྟེ་སྦྱོར་བ་སྔོན་འགྲོའི་གདམས་ངག་བཞིའོ། །གཉིས་པ་དངོས་གཞི་ལ་ཡང་སྡོམ་པ་ལེན་ཚུལ། ཡན་ལག་བདུན་མཐར་སོགས་ཀྱི་དོན་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཅི་མ་རུང་སྙམ་པའི་བློ་རབ་ཏུ་སྦྱང་སྟེ། ཚད་མེད་བཞི་སོགས་ཐབས་དུ་མའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ངང་གིས་མ་སྐྱེས་བར་དུ་འབད་པར་བྱའོ། །ལེན་ཚུལ་ནི་ཀླུ་སྒྲུབ་ལུགས་ཀྱི་སྨོན་འཇུག་སྟབས་གཅིག་ཏུ་བཞེད་པ་ལ། །ཐོག་མར་རགས་པ་བརྡའི་ཆོ་གར་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་དམ་སྡོམ་ཆོག་དངོས་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ཤླཽ་ཀ་གཅིག་གིས་སྨོན་འཇུག་གི་སྡོམ་པ་བླང་བ་ལྟར། བདག་ཀྱང་འགྲོ་ལ་ཕན་དོན་དུ་སོགས་ཀྱིས་སྨོན་འཇུག་གི་སྡོམ་པ་ལེན། །དེ་ཡང་སྡོམ་པ་ཐོབ་མཚམས་ནི་ལན་གསུམ་གྱི་ཐ་མའོ། །ཇི་ལྟར་སྔོན་གྱི་བདེ་བར་གཤེགས་པ་དེ་རྣམས་ཀྱི་སྨོན་པ་བྱང་ཆུབ་ཀྱི་ཐུགས་རིན་པོ་ཆེ་རྣམས་ནི་ཡང་དག་པར་བསྐྱེད་པ་དང༌། འཇུག་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བསླབ་པ་ལ། རིམ་པ་བཞིན་དུ་བསླབ་པར་མཛད་པ་དེ་ལྟར། བདག་གིས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་


ZP04_Page_059
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་གཉེར་བ་ཡིན་པའི་ཕྱིར་དུ། སྨོན་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བསྐྱེད་ཅིང༌། འཇུག་པ་བྱང་ཆུབ་སེམས་དཔའི་བསླབ་པ་དེ་རྣམས་ལ་རིམ་པ་བཞིན་དུ་ངེས་པར་ཡང་དག་པར་བསླབ་པར་བགྱིའོ། ༈ །གསུམ་པ་མཇུག་རང་གཞན་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད་སོགས་པ་ཀྱིས་རང་དགའ་བ་བསྒོམ་པ་ནི། དེང་དུས་ནས་བདག་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་སྣོད་དུ་མ་གྱུར་ཏེ་ལུས་དེ་ཉིད་ལ་འབྲས་བུ་མེད་ཀྱང༌། །ད་ལྟའི་དུས་ན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་རྙེད་པས་འབྲས་བུ་ཡོད་དོ། །བདག་དེ་རིང་སངས་རྒྱས་རྣམས་ཀྱི་སྲས་སུ་གྱུར། བྱང་ཆུབ་སེམས་དཔའི་སྤུན་ཟླར་གྱུར། ཉན་ཐོས་རྣམས་ཀྱི་བླ་མར་གྱུར་པ་དེ་ཡང་འགྲོ་བ་ལྷ་དང་ཀླུ་དང་གནོད་སྦྱིན་སྟོབས་པོ་ཆེ་རྣམས་ཀྱི་ཕྱག་བྱ་བའི་འོས་སུ་གྱུར་ཏེ་རྒྱལ་བའི་སྲས་ཀྱི་མིང་གི་ཅོད་པཎ་གདགས་འོས་སུ་གྱུར་ཏོ། །གཉིས་པ་གཞན་དགའ་བ་སྒོམ་པ་ནི། བདག་གི་དེ་རིང་སོགས་ད་ནི་བདག་གི་འགྲོ་བ་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་དོ་ཞེས་དམ་བཅས་ཏེ་ཕྱོགས་བཅུའི་


ZP04_Page_060
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྲས་ཐམས་ཅད་དབང་པོར་བཞག་ནས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་འཕྱིན་པའི་མགྲོན་དུ་འབོད་པ་ཡིན་པས་དགའ་བ་སྒོམས་ཤིག་ཅེས་པའོ། ༈ །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་ཉིད་ཀྱི་ཕན་ཡོན་ནི་གཞན་ལས་ཁྱད་པར་འཕགས་ཏེ། དེ་ཡང་གང་ཟག་ཞིག་ངེས་པར་ངན་སོང་དུ་སྐྱེ་བ་གདོན་མི་ཟ་བ་ཞིག་གི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་འདི་བསྐྱེད་པའི་འབྲས་བུ་ངན་འགྲོར་སྐྱེ་བའི་རྒྱུ་ཟིལ་གྱིས་གནོན་པ་ནི་ཉི་མའི་འོད་ཀྱིས་སྐར་མ་མི་སྣང་བ་ལྟ་བུ། མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པ་ལ་ཡང་དུས་མཐའི་མེས་བསྲེགས་པ་བཞིན་འཇོམས་པའོ། །དེ་ཡང་བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། དེ་བཞིན་དུ་བྱང་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོ་སྟེ་སྡིག་པ་སྟོབས་ཆེ་བས་སྤོང་བར་བྱའོ། །དེ་ལྟར་བྱང་སེམས་ཀྱིས་མ་ཟིན་པའི་དགེ་བའི་རྩ་བ་ནི་ཆུ་ཤིང་གི་སྡོང་པོ་ལྟ་བུའོ། །སེམས་བསྐྱེད་ཀྱིས་ཟིན་པའི་དགེ་བའི་རྩ་བ་ནི་ཟད་པ་མེད་པར་འབྲས་བུ་འབྱིན་ནོ། །ཁྱད་པར་ནི། སྨོན་པ་སེམས་བསྐྱེད་ཀྱིས་ཕར་ཕྱིན་དྲུག་སོགས་སློབ་པ་ལ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མི་ཟད་པ་བཟའ་ཤིང་གི་སྡོང་པོ་ལྟ་བུའོ། །འཇུག་སེམས་ཀྱིས་ཟིན་པའི་གང་ཟག་གི་བསོད་ནམས་


ZP04_Page_061
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆགས་པས་ལམ་ཕར་ཕྱིན་སོགས་མ་བསླབ་ཀྱང་འགྲོ་འཆགས་ཉལ་འདུག་གཉིད་ཀྱི་ལོག་པ་སོགས་ཀྱི་དུས་ན་ཡང་བསོད་ནམས་ཀྱི་ཚོགས་གོང་ནས་གོང་དུ་འཕེལ་བར་བྱེད་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་ལ་སྲས་ཟེར་བ་ནི་རྫོགས་པའི་སངས་རྒྱས་ཀྱི་གདུང་འཚོབ་བ་དང༌། དམ་པའི་ཆོས་ཀྱི་མཛོད་འཛིན་པ། གདུལ་བྱའི་ལྷག་མའི་འགྲོ་བ་རྣམས་སྐྱོང་ནུས་པས་སོ། །གཉིས་པ་ཐོག་མེད་ཀྱི་བཞེད་པ་ནི། སྨོན་སེམས་ལེན་པ་སོགས་ཀྱི་དོན་ནི། སྨོན་སེམས་ཀྱི་སྡོམ་པ་ལེན་པ་ལ། ཐོག་མར་སོ་ཐར་མི་དགོས་ཀྱང་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་ཏེ་བྱང་ཆུབ་ཀྱི་ལམ་ལ་བློ་རབ་ཏུ་སྦྱངས་ཏེ་གོམས་པར་བྱས་ནས། འཇུག་པ་སེམས་བསྐྱེད་ཀྱི་སྔོན་དུ་སོ་ཐར་རིགས་བདུན་གང་རུང་སྔོན་དུ་སོང་སྟེ། འཇུག་སེམས་ལེན་པ་དེ་ཡང༌། བྱང་ཆུབ་ཀྱི་སྣོད་དུ་གྱུར་ཏམ་མ་གྱུར་ཞེས་བར་ཆད་རྣམས་དྲི་བར་བྱས་ལ་བསླབ་པ་རྣམས་ཁས་ལེན་སོགས་ཀྱི་སྒོ་ནས་སྨོན་འཇུག་སོ་སོར་ལེན་ནོ། །བླ་མ་དགེ་བའི་བཤེས་གཉེན་གྱི་དྲུང་མིན་ཀྱང་རྒྱལ་བའི་རྟེན་གྱི་དྲུང་དུ་སྡོམ་པ་ལེན་པ་ཀླུ་ཐོག་གཉིས་ཀའི་སྲོལ་མཐུན་ནོ། །ཐོབ་མཚམས་གོང་ལྟར་རོ། །གཉིས་པ་དོན་དམ་


ZP04_Page_062
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་ནི། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ནོ། །ཚོགས་སྦྱོར་གཉིས་ཀྱི་དུས་ན་དོན་དམ་སེམས་བསྐྱེད་དངོས་གནས་པ་མེད་དེ། དེ་ཡང་མདོ་ལམ་དུ། སྤང་སྐོང་ཕྱག་རྒྱ་ལས། བླ་ན་མེད་པའི་དོན་དམ་པའི་སེམས་བསྐྱེད་དོ་ཞེས་ཟེར་ན། དེ་ནི་དམ་བཅའ་ལྟ་བུའོ། །སྔགས་ལམ་དུ་ཡང་ཆོ་གར་བརྟེན་པ་དོན་དམ་སེམས་བསྐྱེད་ལེན་པ་ཡོད་དོ་ཞེ་ན། །དེ་ནི་དོན་དམ་པའི་སེམས་བསྐྱེད་མ་ཡིན་ཏེ་མཐར་ཐུག་དོན་དམ་པའི་སེམས་བསྐྱེད་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །མདོར་ན་ཀུན་རྫོབ་སེམས་བསྐྱེད་ནི་ཆོ་ག་ལ་བརྟེན་པའོ། །དོན་དམ་སེམས་བསྐྱེད་ནི་སྒོམ་སྟོབས་ལས་སྐྱེ་བའོ། །བར་དུ་སྡོམ་པ་མི་ཉམས་པ་བསྲུང་བའི་ཚུལ་ལ། དེ་ཡང་ཐོབ་པ་ཙམ་གྱིས་མི་ཆོག་ཉམས་སུ་ལེན་པའི་བསླབ་བྱ་སྙིང་པོའོ། །དེ་ཡང་བྱང་ཆུབ་སེམས་ཀྱི་མི་མཐུན་པའི་ཕྱོགས་རྩ་ལྟུང་བཅོ་བརྒྱད་དང་ཉེས་བྱས་བརྒྱད་ཅུ་སྟེ་སྡེ་གཉིས་སོ། །དེ་ལ་ཟབ་མོ་ལྟ་རྒྱུད་དང་རྒྱ་ཆེན་སྤྱོད་རྒྱུད་ཀྱི་སྲོལ་གཉིས་ལས། འདིར་ཟབ་མོ་ལྟ་རྒྱུད་དུ་ནམ་མཁའི་སྙིང་པོའི་མདོའི་རྗེས་སུ་འབྲང་སྟེ་ཀླུ་སྒྲུབ་རྒྱལ་སྲས་ཞི་བ་ལྷ་རྗེས་འབྲང་དང་བཅས་པའི་ཕྱག་བཞེས་ལྟར་ན། རྩ་ལྟུང་བཅོ་བརྒྱད་ནི། བར་དུ་མི་ཉམས་བསྲུང་བའི་སོགས་ཤྭ་ལོ་ཀ་ལྔ་


ZP04_Page_063
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིག་རྐང་གཅིག་གིས་སྟོན་ཏེ། ཐོག་མར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་སྟེ། ཉེས་སྡོམ་ཆོས་སྡུད་སེམས་ཅན་དོན་བྱེད་དོ། །ངོ་བོ་ཚུལ་ཁྲིམས་གཅིག ༈ ལྡོག་ཆའི་གསུམ་གྱི་ཐ་སྙད་དབྱེ། སེམས་ཅན་གྱི་དོན་དུ་རང་རྒྱུད་ལ་བཅས་ལྟུང་དང་ཉེས་ལྟུང་གཉིས་སྡོམ་སྟེ་དགེ་བ་ཐམས་ཅད་རང་རྒྱུད་ལ་སྡུད་པ་སྟེ་གསུམ་ཀར་ཚང་བའོ། །དབྱེ་ན་ཉེས་སྤྱོད་སྡོམ་པ་ལ། རྒྱལ་བློན་ཕལ་གསུམ་ལས་རྫས་བཅུ་བཞིའོ། །དཀོན་མཆོག་དཀོར་འཕྲོག་པ་ཆོས་སྤོང་བ། ཚུལ་ཁྲིམས་དང་ལྡན་པ་དང་འཆལ་བའི་དགེ་སློང་ལ་ཁྲིམས་ཆད་དང་བསླབ་འབེབས་མཚམས་མེད་དང་ལོག་ལྟ་སྟེ་རྒྱལ་པོའི་ལྔ། དཀོར་འཕྲོག་སོགས་བཞི་དང་ཁྱིམ་གཅིག་པ་གྲོང་དང༌། མི་རིགས་བཞི་ཡོད་པ་ལྗོང་དང༌། བཟོ་སྣ་བཅོ་བརྒྱད་དང་ལྡན་པ་གྲོང་ཁྱེར་དང༌། ཚོང་སྣ་འགའ་འདུ་བ་གྲོང་རྡལ་དང༌། ཙམ་པ་ཀ་ལྟ་བུའི་ཡུལ་ཆེན་པོ་ཡུལ་འཁོར་ཏེ་དེ་དག་ལ་དམག་དཔོན་བྱེད་ནས་འཇོམས་པ་གསོད་པ་ཁང་ཁྱིམ་གཏོར་བ་རྣམས་བློན་པོའི་ལྔ། །བློ་མ་སྦྱང་པ་ལ་སྟོང་ཉིད་བསྟན་པས་ཐེ་ཚོམ་བྱས་ཏེ་ཉན་རང་གི་སར་སྨོན་པ། གང་ཟག་རྫོགས་བྱང་བསྐྱེད་པའི་བློ་ཐེག་དམན་དུ་འཇུག་པར་བྱེད་པ། སོ་ཐར་གྱི་ཐེག་པ་སྤངས་ཏེ་ཐེག་ཆེན་སློབ་པ།


ZP04_Page_064
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་རང་གི་ཐེག་པས་དུག་གསུམ་མི་ཟློག་པར་འཛིན་ཅིང་བཤད་པ། ཕྲག་དོག་གིས་རང་བསྟོད་གཞན་སྨོད་བྱེད་པ། ཟང་ཟིང་རྙེད་པ་དང་མལ་སྟན་གྱི་བཀུར་སྟིའི་ཆེད་དུ་རང་ཉིད་ཡོན་ཏན་དང་ལྡན་ནོ་ཞེས་མིའི་ཆོས་བླ་མའི་རྫུན་གྱི་བདག་འཚོང་བ་དང༌། ཡུལ་གྱི་རྒྱལ་པོ་ལྟ་བུ་ལ་ཆོས་འདིར་ཞུགས་པའི་དགེ་སློང་གཉིས་ལ་ཕྲ་མ་བཏབ་སྟེ་འགྲས་པ་བྱས། དགེ་སློང་དེ་ལ་ཁྱོད་ཀྱི་རྒྱལ་པོ་དེ་ལ་སུག་འབུལ་མ་བྱིན་ན་ཁྱོད་གསོད་དོ་ཞེས་སྨྲས་ཤིང་དེའི་དཀོན་མཆོག་གི་དཀོར་ལྟ་བུ་ཞིག་བརྐུས་ཏེ་དེ་ལ་བྱིན་པ་དང༌། སྤོང་བ་བསམ་གཏན་ལ་ཞུགས་པའི་ཡོ་བྱད་རྣམས། ཀློག་པ་ཐོས་བསམ་པ་རྣམས་ལ་བྱིན་པ་དང༌། བསམ་གཏན་པའི་ཏིང་ངེ་འཛིན་ལ་བར་ཆད་བྱེད་པའི་ཁྲིམས་ངན་པ་བཅས་པ་སོགས་ཏེ་རྩ་ལྟུང་བརྒྱད་པོ་ལས་དང་པོའམ་ཕལ་པ་ལ་ངེས་སོ། །དེ་དག་རྒྱལ་པོ་ལྟ་བུ་ལ་རང་དང་ཉེ་བའི་དབང་དུ་བྱས་པ་ཙམ་མ་གཏོགས་རྒྱལ་བློན་དམང་ཕལ་སོགས་ཀུན་ལ་རྩ་ལྟུང་དེ་དག་འབྱུང་ངེས་པའི་ཀུན་གྱིས་དེ་ལྟར་བསླབ་བྱ་ལ་བསྔོ་བ་གྲང་བྱ་དགོས་སོ། །ཡང་སྨོན་འཇུག་གི་སེམས་བློས་བཏང་སྟེ་ཉན་རང་གི་བསམ་པ་སྐྱེས་ན་རྩ་ལྟུང་གཉིས་ཏེ། དེ་ཡང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་ལ་སློབ་པར་དམ་བཅའ་བའི་སྐབས་རྒྱལ་བ་སྲས་བཅས་དཔང་པོར་བཞག །ནམ་མཁས་


ZP04_Page_065
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཁྱབ་ཀྱི་འགྲོ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་སྦྱིན་པར་ཁས་བླང་བས་དམ་བཅའ་ཉམས་པའི་རྩ་ལྟུང་ཉི་ཤུའོ། །གསང་ཆེན་ཐབས་མཁས་ཀྱི་མདོ་ལྟར་དང༌། དོན་དུ་ནི་ཕྱིན་དྲུག་སོགས་གང་ལ་ཡང་མི་སློབ་ན་ཡང་བསླབ་པ་སྤོང་བའི་རྩ་ལྟུང་འབྱུང་བ་དཀོན་མཆོག་བརྩེགས་པ་ལས་བཤད་པའོ། །ཀུན་བསྡོམ་པས་རྩ་ལྟུང་ཉི་ཤུའོ། །ཉེས་བྱས་ཀྱི་སྡེ་ལ། ཡན་ལག་གི་ཉེས་བྱས་བརྒྱད་ཅུ་སྟེ་བསླབ་བཏུས་ལས། བདེ་སྡུག་ཡལ་བར་འདོར་བ་ཉེར་བཞི། བསྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག །དེ་གཉིས་ལས་དབྱེ་བའི་བརྒྱད་ཅུའོ། །གཉིས་པ་རྒྱ་ཆེན་སྤྱོད་རྒྱུད་རྒྱལ་སྲས་ཐོག་མེད་ཀྱི་ལུགས་ལ་སྨོན་པའི་བསླབ་བྱ་དང༌། འཇུག་པའི་བསླབ་བྱ་གཉིས་སོ། །དང་པོ་སྨོན་པའི་བསླབ་བྱ་ལ་ལྔ་སྟེ། སྨོན་སེམས་མི་འཆོར་བའི་ཆེད་དུ་སེམས་ཅན་བློས་མི་གཏོང་བ། བྱང་སེམས་མི་ཉམས་པའི་ཆེད་དུ་ཕན་ཡོན་དྲན་པ། བྱང་ཆུབ་སེམས་ཀྱི་སྟོབས་བསྐྱེད་པ་ཚོགས་གཉིས་གསོགས་པ། བྱང་ཆུབ་ཀྱི་སེམས་བསྐྱེད་ཕྱིར་རྒྱུད་སྦྱངས་བ་དང༌། བྱང་སེམས་མི་བརྗེད་པ་དཀར་ནག་གི་ཆོས་བརྒྱད་ལ་བླང་དོར་བྱེད་པ་སྟེ་ལྔའོ། །དེ་ལ་དང་པོ་སེམས་ཅན་བློས་མི་གཏོང་པ་ནི། གང་ཟག་གཅིག་ལྟ་བུ་ལ་ཁྱོད་ལ་ངས་ཕན་མི་བཏགས།


ZP04_Page_066
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་ལས་མི་སྐྱབས་ཞེས་བློས་བཏང་ན་ནམ་མཁས་ཁྱབ་པའི་འགྲོ་བ་ཐམས་ཅད་བློས་འདོར་བ་དང་ཁྱད་པར་མེད་ལ་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་རྩ་བ་ནས་ཆད་དོ། །ཤིང་ཁྲེས་ཀྱི་ཆུན་པོའི་ཆིངས་མདུད་གྲོལ་བ་བཞིན་ནོ། །དེའི་ཕྱིར་ན་སེམས་ཅན་བློས་མི་གཏོང་བར་གནོད་ལན་དུ་ཕན་བསྒྲུབ་པ་ལ་འབད་དོ། །གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པ་ལ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ཉག་གཅིག་མ་གཏོགས་པའི་ལམ་མེད་དོ། །དེའི་ཕྱིར་ན་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡོན་ཏན་ནི། བྱང་ཆུབ་སེམས་དཔའ་བྱམས་པས་གཞོན་ནུ་ནོར་བཟང་ལ་དཔེ་ཉིས་བརྒྱ་དང་ལྔ་བཅུས་བསྟན་པ་ལྟར་རོ། །གསུམ་པ་ཚོགས་བསགས་པ་ལ་གཉིས་ཏེ། དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་སོ། །དམིགས་བཅས་བསོད་ནམས་ཀྱི་ཚོགས་དཔེར་ན་སྦྱིན་པ་ལྟ་བུ་ལ། གང་སྦྱིན་པ་པོས་ཆེ་ཕྲ་ཇི་སྙེད་སྦྱིན་ཀྱང་བྱང་ཆུབ་སེམས་ཀྱིས་ཟིན་བཞིན་པ་ན་བསོད་ནམས་ཀྱི་ཚོགས་སོ། །དེ་ཐམས་ཅད་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཟིན་པས་ཡེ་ཤེས་ཀྱི་ཚོགས་རྫོགས་་


ZP04_Page_067
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སེམས་བསྐྱེད་ཀྱིས་ཟིན་པའི་ཚོགས་གཉིས་ཀྱི་ཕན་ཡོན་ནི། གསང་ཆེན་ཐབས་ལ་མཁས་པའི་མདོ་སོགས་ལས་ཤེས་སོ། །བཞི་པ་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་པ་ལ་གསུམ་སྟེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་རྒྱུ་ལ་བསླབ་པ་དང༌། བྱང་ཆུབ་ཀྱི་སེམས་དངོས་ལ་བསླབ་པ་དང༌། མཇུག་བྱང་ཆུབ་ཀྱི་སེམས་འཕེལ་བ་བདག་གཞན་བརྗེ་བ་བསླབ་པ་སྟེ་གསུམ། དང་པོ་རྒྱུ་ལ་བསླབ་པ་ནི། བྱམས་པ་དང་སྙིང་རྗེ་ལ་ཡང༌། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་སྟེ་གསུམ་ཚངས་དགོས། ཐོག་མར་ལས་དང་པོ་པ་སྔོན་ནས་བློ་མ་སྦྱངས་པས་ན་འགྲོ་བ་རིས་མེད་ལ་བྱམས་སྙིང་རྗེ་སྐྱེ་དཀའ་བས། དང་པོ་རང་དགའ་བའི་ཕའམ་མ་མཛའ་བཤེས་ལྟ་བུ། དེ་ནས་བར་པའི་སེམས་ཅན། ཐ་མ་རང་ལ་གནོད་པར་བྱེད་པའི་དགྲ་ལ་སོགས་ལ་རིམ་བཞིན་བློ་སྦྱངས་ཏེ་གོམས་སུ་འཇུག་ནས་དེ་དག་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་བློ་ངམ་ངམ་ཤུགས་ཀྱིས་སྐྱེས་མིག་མཆི་མམ་འཁྲུག་བར་དུ་སྒོམ་པ་དེ་ཉིད་ཀྱི་ངང་དུ་ཏིང་ངེ་འཛིན་ལ་རྒྱུན་བསྐྱང༌། དེ་རྣམ་པར་མི་རྟོག་པ་ནི་བྱམས་པའི་ཏིང་ངེ་


ZP04_Page_068
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དང༌། བྱམས་པའི་ཏིང་ངེ་འཛིན་གྱི་ཡོན་ཏན་ནི། རྒྱལ་པོ་བྱམས་པའི་སྟོབས་ལྟ་བུའི་གཏམ་སོགས། །རྗེས་ཐོབ་ཀྱི་དུས་ན་བདེ་སྡུག་གཏོང་ལེན་གྱི་སེམས་བསྐྱེད་སོགས་ལ་བསླབ་པར་བྱས་ལ་དགེ་བ་རྫོགས་བྱང་དུ་བསྔོ། །གཉིས་པ་བྱང་ཆུབ་ཀྱི་སེམས་དངོས་ལ་བསླབ་པ་ནི། ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་རྩ་ལྟུང་ལ་བསྔོ་བགྲང་བྱས་ཏེ་རྩ་ལྟུང་བྱུང་བ་རྣམས་བཤགས་ཏེ། སྔོན་འགྲོ་སྐྱབས་སུ་འགྲོ་བ་དང་མཎྜལ་ཡན་ལག་བདུན་པ་སོགས་གྲུབ་རྗེས་བྱང་སྡོམ་ལེན། རང་གཞན་དགའ་བ་བསྒོམ་ལ་བསྔོ་སྨོན་བྱ། གཉིད་འགྱོད་རྟོག་དཔྱོད་བཞི་ཡང་བྱང་ཆུབ་སེམས་དཔའི་ལམ་ལ་བློ་བཅོས། །གསུམ་པ་མཇུག་ཏུ་སེམས་བསྐྱེད་འཕེལ་བའི་ཕྱིར་བདེ་སྡུག་གཏོང་ལེན་སོགས་ལ་འབད་དོ། །ལྔ་པ་བྱང་སེམས་མི་བརྗེད་པའི་རྒྱུལ་ཡང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བ་ནས་སྐྱེ་བ་གཞན་དུ་བརྗེད་པ་ནག་པོའི་ཆོས་བཞི་ཡིན་པས་དེ་ལས་ལྡོག་སྟེ་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་དཀར་པོའི་ཆོས་བཞི་བརྟེན་པར་བྱའོ། །མཆོད་པར་འོས་པའི་བླ་མ་དང་བྱང་སེམས་རྫུན་གྱིས་བསླུ་བ། བྱང་ཆུབ་ཀྱི་ལམ་ལ་བགྲོད་པའི་གང་ཟག་འགྱོད་པ་མེད་པའི་གནས་ལ་མི་སྙན་


ZP04_Page_069
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྱོད་པ་བསྐྱེད་པ། འགྲོ་བའི་དོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སླུར་འདེབས་བྱེད་པ། སེམས་ཅན་ཕ་རོལ་པོ་གཞན་རྣམས་མགོ་གཡོག་ལྟ་བུའི་གཡོ་དང་སྒྱུ་མའི་གནོད་པར་བྱེད་པ་སྤོངས་ཏེ། དེ་ལས་ལྡོག་པའི་དཀར་པོའི་ཆོས་བཞིར་འབད་པས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་སྟེ་སྨོན་པའི་བསླབ་བྱའོ། །གཉིས་པ་འཇུག་པའི་བསླབ་བྱ་ལ་གཉིས་ཏེ། རྩ་ལྟུང་བཞི་ཉེས་བྱས་ཞེ་དྲུག་གོ །དང་པོ་ནི། རང་ཉིད་རྙེད་བཀུར་གྱི་བསམ་པས་ལྷག་པར་བློ་ཞེན་ཏེ་བདག་རང་བསྟོད་གཞན་སྨོད་པའི་རྩ་བའི་ལྟུང་བའོ། །སེར་སྣས་བསླང་སྟེ་སྦྱིན་ཡུལ་རྣམས་ལ་ཟང་ཟིང་ནོར་སོགས་མི་སྟེར་བ་དང་ཆོས་ཀྱི་སྦྱིན་ཡུལ་ལ་ཆོས་མི་སྟོན་པའོ། །ཞེ་སྡང་གིས་བསླང་བའི་ཁྲོ་བས་གཞན་ལ་འཚེ་སྟེ་རྡེག་སྤྱོད་སོགས་དང༌། ཁྲོ་བའི་ཡུལ་ཕ་རོལ་པོས་ཤད་ཀྱིས་སྦྱངས་ཏེ་ཁྱོད་ལ་འདི་ལྟ་བུའི་ཉེས་པ་བདག་གིས་བྱས་ཀྱང་ཁྱོད་ལ་མ་གནོད་ལྟ་བུའི་ཚིག་སྨས་ཀྱང་དེ་ལ་ཁྲོ་བ་མི་ཟློག་པར་སླར་ཡང་ཁྲོ་བ་དང་གཉིས་སོ། །ཐེག་ཆེན་གྱི་ཆོས་ལ་གཞན་གྱིས་གཏི་མུག་གི་དབང་གི་བྱ་བའི་གཡམ་ལ་བཞག་ནས་ཆོས་སྤོང་བ་དང༌། རང་ཉིད་ཀྱི་རྒྱུད་ཀྱི་མི་དགེ་བའི་ཆ་ཐམས་ཅད་སྦས་ཏེ་དེ་ཉིད་འདྲ་སྣང་གི་ཆོས་


ZP04_Page_070
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བློས་མོས་པས་བཅོས་ཏེ་ཆོས་ལོག་སྟོན་པ་དང་བཞི། དེ་ཐམས་ཅད་ཀུན་སློང་ལ་ལྟོས་ནས་བཞི་སྟེ། བྱ་བའི་ངོས་ནས་བརྒྱད་དུ་བརྩི་བའོ། །དེ་ལ་འདིར་གོང་གི་རྩ་ལྟུང་བཅོ་བརྒྱད་བཞག་པ་ཀླུ་སྒྲུབ་ལུགས་ལ། བྱང་ཆུབ་བཟང་པོའི་རྩ་ལྟུང་བཅོ་བརྒྱད་མེད་དེ་བཏགས་པ་ཙམ་མོ། །སློབ་དཔོན་ཨ་བྱ་ཀ་རས་རྩ་ལྟུང་བཅོ་བརྒྱད་དང༌། བཞི་པོ་ཀུན་རྩ་ལྟུང་དངོས་གནས་པར་བཞེད། རྒྱལ་སྲས་ཞི་བ་ལྷས་རྩ་ལྟུང་གཉིས་པོ་ཀུན་བསྲུང་དགོས་པར་བཞེད་ལ། སྔར་ཀླུ་སྒྲུབ་ལུགས་ཀྱི་རྩ་ལྟུང་ཉི་ཤུའི་ཁར་སེར་སྣས་ཟང་ཟིང་མི་སྟེར་བ་དང༌། ཁྲོ་བས་ཤད་སྦྱང་མི་ལེན་པ་དམ་ཆོས་འདྲ་སྣང་གིས་སྟོན་པ་ཆོས་ལྟར་བཅོས་པ་སྟེ་གསུམ་བསྣན་པའི་ཉེར་གསུམ་དུ་འདོད་དོ། །སྔ་འགྱུར་རིང་ལུགས་ཀྱང་ཕྱི་མ་ལྟར་བཞེད་པ་ཡིན། །དེ་དག་གི་འཇུག་པའི་བསླབ་བྱ་རྩ་ལྟུང་བཞིའོ། །ཡན་ལག་གི་ཉེས་བྱས་ཕྲ་བ་ཞེ་དྲུག་ནི་སྡོམ་པ་ཉི་ཤུ་པ་སོགས་ལས་ཤེས། བཀྲ་ཤིས།


previousསྡོམ་གསུམ་རྣམ་ངེས་ལས་བྱང་སེམས་ལེའུའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡན་གྱི་འབྲུ་འགྲེལ།next