Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
འབྲས་བུ་སྐུ་བཞིའི་རྣམ་བཤད་དང་སེམས་བསྐྱེད་བསླབ་བྱ་བདེ་སྨོན་བཅས་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའབྲས་བུ་སྐུ་བཞིའི་རྣམ་བཤད་དང་སེམས་བསྐྱེད་བསླབ་བྱ་བདེ་སྨོན་བཅས་པའི་ཟིན་བྲིས།next

འབྲས་བུ་སྐུ་བཞིའི་རྣམ་བཤད་དང་སེམས་བསྐྱེད་བསླབ་བྱ་བདེ་སྨོན་བཅས་པའི་ཟིན་བྲིས།


ZP04_Page_071
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྐུ་བཞིའི་རྣམ་བཤད་དང་སེམས་བསྐྱེད་བསླབ་བྱ་བདེ་སྨོན་བཅས་པའི་ཟིན་བྲིས་བཞུགས་སོ།། །།


ZP04_Page_072
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལ་བཞི་ལས། དང་པོ་མཚན་གཞི་ནི་སྐུ་གསུམ་ཡེ་ཤེས་ལྔ་དང་བཅས་པ་གང་ཞིག་ལ་ཐེག་ཆེན་མི་སློབ་པའི་ལམ་གྱི་ཐ་སྙད་བྱར་རུང་དུ་མཚོན་ཏེ། ཐེག་ཆེན་གྱི་སྤངས་རྟོགས་མཐར་ཕྱིན་པའི་དགེ་བ་ཡིན་པས་སོ། །གཉིས་པ་འབྲས་བུ་ནི་ཆོས་སྐུ་སངས་རྒྱས་ཀྱི་མི་སློབ་པའི་ཆོས་བཅུ། ཟག་པ་མེད་པའི་ཕུང་པོ་ལྔ། དམིགས་པ་མེད་པའི་ཕར་ཕྱིན་དྲུག་གོ །གསུམ་པ་དབྱེ་བ་ནི་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་ཕྲིན་ལས་གསུམ་མོ། །དང་པོ་ལའང་གསུམ་ལས་ཆོས་སྐུ་ནི། དབྱིངས་དང་ཡེ་ཤེས་སུ་མི་ཕྱེད་པར་རང་བཞིན་གྱིས་ཟུང་དུ་འཇུག་ཅིང་དྲི་མ་མཐའ་དག་དང་བྲལ་བའི་རྣམ་པར་བྱང་བ་ཆེན་པོའི་ཁམས་ནམ་མཁའ་ལྟ་བུ་སྟེ། འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། རྣམ་དག་ནམ་མཁའ་ལྟ་བུ་ཡིན། །ཞེས་སོ། །རྡོ་རྗེ་ཕྲེང་བ་ལས། འདི་ནི་དོན་དམ་བདེན་པ་སྟེ། །སྣང་བ་མེད་ཅིང་མཚན་མ་མེད། །དོན་དམ་བདེན་པ་ཞེས་ཀྱང་བྱ། །སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན། །ཞེས་སོ། །དབྱེ་ན་གཉིས་ཏེ་ངོ་བོ་ཉིད་སྐུ་དང་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུའོ། །དང་པོ་མངོན་རྟོགས་རྒྱན་ལས། །ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་པ་མེད་པའི་ཆོས་གང་དག །ཐོབ་འགྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན་ཞེས་པས། །དབྱིངས་དག་མཉམ་ཆེན་པོ་ནམ་མཁའ་བཞིན་དུ་རྣམ་པར་མི་རྟོག་ཀྱང་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་ཞེས།


ZP04_Page_073
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ། ཡེ་ཤེས་སྤངས་རྟོགས་མཐར་ཕྱིན་པ་རིགས་པའི་ངོ་བོ་སྟེ་མཚན་ཉིད་ཉི་ཤུ་རྩ་གཅིག་གི་རྟོགས་པ་ཡེ་ཤེས་ཆོས་སྐུའི་ཆ་ཡིན་ཏེ། རྒྱལ་བའི་ཡེ་ཤེས་དབྱིངས་རིག་མཐར་ཐུག་པ་གང་ཟག་གིས་མངོན་དུ་གྱུར་པའོ། །གཉིས་པོ་ངོ་བོ་ཉིད་དབྱིངས་ནམ་མཁའ་ལྟར་གདངས་བྱེད་པའི་ངང་ན་རྟོགས་པ་ཡེ་ཤེས་ཀྱི་ཆོས་སྐུ་ཉི་མ་གློ་བུར་གྱི་སྒྲིབ་པ་སྤྲིན་དངས་པ་ལྟར་སྣང་བའི་ཚུལ། ཉི་མཁའ་བཞིན་ཏེ་ཡེ་ཤེས་དང༌། །སྤངས་རྟོགས་གཉིས་ཀྱི་མཚན་ཉིད་དེ། །འོད་གསལ་བྱས་མིན་དབྱེར་མེད་པར། འཇུག་ཅན་གང་གའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་སོ། །དེའི་ངང་ལས་ཁམས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་རིག་ཆ་ལྡོག་པའི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ནི། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང༌། རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམ་འཇུག་དགུ་ཡི་བདག་ཉིད་དང༌། །ཟད་པར་བཅུ་ཡི་བདག་ཉིད་དང༌། །ཟིལ་གྱིས་ནོན་པའི་སྐྱེ་མཆེད་ནི། །རབ་ཏུ་དབྱེ་བས་རྣམ་བརྒྱད་དང༌། །ཉོན་མོངས་མེད་དང་སྨོན་མཁྱེན་དང༌། །མངོན་ཤེས་སོ་སོ་ཡང་དག་རིག །རྣམ་པ་ཐམས་ཅད་དག་བཞི་དང༌། །དབང་བཅུ་དང་ནི་སྟོབས་བཅུ་དང༌། །མི་འཇིགས་པ་ནི་བཞི་དག་དང༌། །བསྲུང་བ་མེད་པ་རྣམ་གསུམ་དང༌། །དྲན་པ་ཉེར་བཞག་རྣམ་གསུམ་དང༌། །བསྙེལ་བ་མི་མངའི་ཆོས་ཉིད་དང༌། །བག་ཆགས་ཡང་དག་བཅོམ་པ་དང༌། །སྐྱེ་ལ་


ZP04_Page_074
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་དང༌། །ཐུབ་པ་ཁོ་ནའི་མ་འདྲེས་ཆོས། །བཅོ་བརྒྱད་བཤད་པ་གང་ཡིན་དང༌། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང༌། །ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཞེས་སོ། །དེ་ལྟ་བུའི་ཆོས་སྐུ་ནི་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་པས་བག་ཆགས་དང་བཅས་པའི་ཉེས་པའི་ཆ་རྣམས་ཀུན་རྣམ་པར་སྤངས་ཤིང༌། རྟོག་པ་མེད་པའི་ཆོས་ཉིད་མཉམ་པར་བཞག་པའི་ཤེས་རབ་ཀྱིས་མཐོང་བ་སྟེ། ཐོག་མ་དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། མཉམ་པར་བཞག་པའི་རྣལ་འབྱོར་པ་ཡིས་མཐོང༌། གཞལ་མེད་གངྒའི་བྱེ་མ་ལས་འདས་པ། བསམ་མེད་མཉམ་མེད་ཡོན་ཏན་ཉིད་དང་ལྡན། དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི། བག་ཆགས་བཅས་པའི་ཉེས་ཀུན་སྤངས་པའོ། །ཞེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། འཁོར་བའི་ཆ་འདུས་བྱས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱི་ཆ་ནས་བཞག་པའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་མཐའ་དག་རྫོགས་པ་ནི་ངེས་པ་ལྔ་དང་ལྡན་པར་ཡོད་དེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། འཁོར་ངེས་པ་ས་བཅུའི་སེམས་དཔའ་འབའ་ཞིག་ལ། ཆོས་ངེས་པ་ཐེག་པ་ཆེན་པོ། །སྟོན་པ་ངེས་པ་རྣམ་པར་སྣང་མཛད་ལ་སོགས་རིགས་ལྔའི་སངས་རྒྱས། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་


ZP04_Page_075
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། ཐ་མལ་འདུས་བྱས་ཀྱི་དངོས་པོ་ལྟར་རགས་པ་ཐེར་ཟུག་གི་རྣམ་པ་ཡང་མ་ཡིན། རང་བཞིན་གྱིས་སྟོང་པ་ལྟར་སྣང་མི་ནུས་པའང་མ་ཡིན། འདོད་དགུ་འབྱུང་བ་ནོར་བུ་དང༌། སྣང་ཡང་ངོ་བོ་མེད་པས་འཇའ་ཚོན་ལྟར། རིག་པའི་ཡེ་ཤེས་འདུས་མ་བྱས་སུ་གནས་པའི་ཚུལ། མགོན་པོ་བྱམས་པས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུ། །འགྲོ་བའི་རྣམ་རོལ་དོན་གྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན། །ཞེས་སོ། །དེའང་སངས་རྒྱས་རྣམས་ཐོག་མ་མངོན་པར་བྱང་ཆུབ་པའི་གནས་ཁམས་གསུམ་ལས་འདས་པའི་གནས་སྟུག་པོ་བཀོད་པ་སྟེ། དེ་ཕྱོགས་གཤེད་ན་ཡོད་པར་བརྗོད་ཅིང་བསམ་པར་མི་ནུས་ཏེ། རླུང་དབུ་མ་ཞུགས་པའི་ཚེ་སྟོང་གཟུགས་ཀྱི་སྣང་བ་མཐོང་བ་དེ་ད་ལྟ་འདི་ན་ཡོད་དོ་ཞེས་ཕྱོགས་དང་རིས་ཀྱི་ཆད་པ་མ་ཡིན་པ་ལྟར། གང་དུ་ཁམས་ཀྱི་སྒྲིབ་པ་མཐའ་དག་སྤངས་ནས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་དེ་ན་ཡོད་སྟེ། རྒྱན་སྟུག་པོ་བཀོད་པའི་མདོ་ལས། །གཟུགས་མེད་འདོད་དང་གཟུགས་ཁམས་དང༌། །འདུ་ཤེས་མེད་པ་དེ་བཞིན་ཏེ། །ཁམས་ལས་འདས་སོ་སངས་རྒྱས་དང༌། །བཞུགས་སོ་སྟུག་པོའི་དཀྱིལ་འཁོར་ན། །ཞེས་པས་ཁམས་གསུམ་ལས་འདས་པར་བསྟན་ཀྱང་དེ་ཡང་ཤེས་ངོས་ན་འཛིན་པ་དང་མིང་དུ་བཏགས་པ་ཡོད་ཀྱི་གནས་ཐ་དད་པ་གསུམ་ལས་འདས་པའི་


ZP04_Page_076
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། ཆོས་ཀྱི་དབྱིངས་སུ་བསྟོད་པ་ལས། །དབང་ཕྱུག་ཆེན་པོའི་གནས་མཆོག་དང༌། །འོག་མིན་དེ་ཉིད་རྣམ་མཛེས་པ། །ཐ་དད་གསུམ་པོ་གཅིག་ཉིད་དུ། །འདྲེས་པར་གྱུར་ལ་བདག་སྨྲའོ། །ཞེས་དང༌། ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་འབྲངས་བས་ན། །དེ་ལ་གདགས་པས་ཐ་དད་འབྱེད། །ཅེས་སོ། །དེ་ལྟ་ནའང་བདག་ཅག་གི་སྟོན་པ་་ཐུབ་པ་ནི་ཐོག་མ་མེད་པའི་དུས་ཉིད་ནས་བཤད་མ་ཐག་པའི་འོག་མིན་དེ་ཉིད་དུ་སངས་རྒྱས་སུ་ཟིན་ཀྱང་སེམས་ཅན་གྱི་དོན་མཛད་པའི་ཕྱིར་འདི་མི་མཇེད་དུ་ཆགས་ནས་སེམས་ཅན་སོ་སོའི་སྣང་བ་དང་མོས་པའི་ངོ་བོ་ཐོག་མར་གཟུགས་ཁམས་ཀྱི་འོག་མིན་དུ་སངས་རྒྱས་ནས་ལྷ་རྣམས་བསྡུ་བར་མཛད་ནས་སླད་མར་འཛམ་བུའི་གླིང་གི་རྡོ་རྗེ་གདན་དུ་སངས་རྒྱས་པའི་ཚུལ་བསྟན་པ་ཉིད་ཏེ། ཟླ་གསང་ཐིག་ལེར། འདོད་པའི་ཁམས་དང་གཟུགས་མེད་དང༌། །སངས་རྒྱས་མངོན་པར་སངས་མི་རྒྱས། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་དེར་སངས་རྒྱས། །ཞེས་སོ། །གཟུགས་ཀྱི་ཁམས་དེ་ཡང་ཤིན་ཏུ་མཐོང་བ་མན་ཆད་ལས་ཐལ་བས་ཕ་རོལ་གྱི་འོག་མིན་ནི། ལང་ཀར་གཤེགས་པའི་དགོངས་པ་སྟེ། གཙང་མའི་གནས་དག་སྤང་ནས་སུ། །འོག་མིན་ཞེས་བྱའི་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་སངས་རྒྱས།


ZP04_Page_077
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོ། །དེ་ལྟ་བུའི་རྟེན་གཞལ་ཡས་ཁང་གི་བརྟེན་པ་རིགས་ལྔའི་སངས་རྒྱས་རྣམས་ནི་མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་དང་ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཉེ་བར་སྤྱོད་པས་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། མངོན་རྟོགས་རྒྱན་ལས། །མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། །དུས་ངེས་པའི་རྒྱུ་མཚན་ནི་ལོངས་སྐུ་དེ་ཉིད་ཆོས་སྐུ་དང་དབྱེར་མེད་ངོ་བོ་ཉིད་གཅིག་ལ་བསམ་གྱིས་མི་ཁྱབ་ཅིང་འཕོ་འགྱུར་མེད་པ་དང༌། ལྷུན་གྱི་གྲུབ་ཅིང་འདུས་མ་བྱས་པ་ཉིད་དང༌། གདུལ་བྱའི་བསོད་ནམས་ཚད་མེད་པ་ལས་འཁོར་བ་ཇི་སྲིད་དུ་རང་སྣང་བས་རྟག་པ་སྟེ། རྒྱུད་བླ་མར། ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་ཁྱོད་རྟག །ཅེས་དང༌། འཇུག་པ་ལས། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་པས། །ཡིད་བཞིན་ནོར་བུ་ཇི་ལྟར་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། ཞེས་སོ། །སྤྲུལ་པའི་སྐུ་ནི། །མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་སོ། །གཉིས་པ་བརྟེན་པ་ཡེ་ཤེས་ནི། །ཆོས་དབྱིངས་ཡེ་


ZP04_Page_078
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོགས་ཡེ་ཤེས། བྱ་གྲུབ་ཡེ་ཤེས་དང་ལྔའོ། །གསུམ་པ་མཛེས་པ་ཕྲིན་ལས་ནི། སྔ་མ་ལས། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ།། ༈ །མདོར་ན། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ལ་དད་པ་དང་འདུན་པ་དང་དོན་གཉེར་གྱི་བློ་དང་གསུམ་པོ་དེ་དུས་དང་རྣམ་པ་ཐམས་ཅད་དུ་མི་བརྗེད་པ་ནི་སྨོན་པ་སེམས་བསྐྱེད་ཀྱི་ངོ་བོའོ། །རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དུས་ཐམས་ཅད་དུ་འགྲོ་ཡང་རུང་འཆགས་ཀྱང་རུང་ཟ་ཡང་རུང་ཉལ་ཡང་རུང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་འདོད་ལ་དད་པ་དང་འདུན་པ་དང་དོན་དུ་གཉེར་བ་སོགས་གསུངས་པ་ལྟར་རོ། །སེམས་ཅན་ཐམས་ཅད་རྣམ་མཁྱེན་བྱང་ཆུབ་ཀྱི་ས་ལ་འགོད་པའི་ཆེད་དུ་འཇུག་པ་བྱང་ཆུབ་ཀྱི་བསླབ་བྱ་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་དུ་བྱ་བའི་བློ་དེ་ནི་འཇུག་པ་སེམས་བསྐྱེད་ཀྱི་ངོ་བོ། །དེ་བཞིན་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་དུས་དང་རྣམ་པ་ཐམས་ཅད་དུ་གཏོང་སེམས་དང་མ་བྲལ་བ་ནི་སྦྱིན་པའི་ངོ་བོ། །དེ་ལྟར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བྱང་ཆུབ་སེམས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཉེས་སྤྱོད་ཐམས་ཅད་སྤོང་བར་སེམས་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་སྟེ་ཀུན་ལ་འགྲོའོ། །


ZP04_Page_079
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དབྱེ་བ་མང་དུ་བཤད་ཀྱང་བསྡུ་ན་ཚུལ་ཁྲིམས་གསུམ་ལ་འདུས། འདི་བསྲུང་བྱེད་ཀྱི་ཐབས་དྲན་ཤེས་བག་ཡོད་གསུམ་ལ་འདུས། བག་ཡོད་ནི་སྤང་བླང་གི་གནས་ལ་གཟོབ་པ་ལྷུར་ལེན་པ་ནི་བག་ཡོད་དེ། དགེ་བའི་འབྲས་བུ་གནས་སྐབས་ལྷ་མའི་གོ་འཕང་དང༌། མཐར་ཐུག་སངས་རྒྱས་གྱི་གོ་འཕང་ཐོབ་པའི་རྒྱུ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ་པར་བྱ་བ་ལས་བརྙས་པར་མི་བྱ། །སྡིག་པ་མི་དགེ་བའི་ལས་གནས་སྐབས་ཚེ་འདི་དང་མཐར་ཐུག་ཚེ་ཕྱི་མ་ལ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་བསྐྱེད་པར་འགྱུར་བའི་སྡིག་པ་ཕྲ་ཞིང་ཕྲ་བ་ནས་སྤང་བ་གལ་ཆེ། དེ་ནི་བག་ཡོད་དོ། །དྲན་པ་སྟོད་ཕུར་ལྟ་བུ་ཡིན་ཏེ། དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་སོགས་སྤང་བླང་གི་གནས་དང༌། ཆོས་ཀྱི་ཚིག་དོན་སོགས་མི་བརྗེད་པར་ཡིད་ལ་ཐད་ཀ་ཐད་ཀ་ནས་དྲན་པའོ། །ཤེས་བཞིན་བྱ་ར་བ་ལྟ་བུ་ཡིན་པས། དུས་རྒྱུན་དུ་རང་གི་ལུས་ངག་ཡིད་གསུམ་གྱི་གནས་སྐབས་ལ་བརྟགས་ཤིང་དཔྱད་ནས། །ལུས་འགྲོ་འདུག་ངག་སྨྲ་བརྗོད་སེམས་ཀྱི་རྣམ་རྟོག་ཀུན་ལ་བརྟགས་ནས་ཅི་བྱེད་ཅིང་འདུག །ཅི་བཤད་པར་འདུག །ཅི་བསམ་ནས་འདུག་བསམ་སྟེ་ལུས་ངག་ཡིད་གསུམ་གྱི་དགེ་བ་ཞིག་ཡིན་ན། དགའ་བ་བསྒོམ་ན་གོང་འཕེལ་དུ་འགྲོ། མི་དགེ་བ་ཞིག་ཡིན་ན་སེམས་ཐོག་ནས་སྤོངས་པའི་གཉེན་པོ་བརྟེན་དགོས་སོ། །ཟིན་བྲིས་གནང་བ་ཞིག་ལགས་སྙམ། །


ZP04_Page_080
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་འདི་ལ། དང་པོ་ཕུལ་བྱུང་མཛད་པ་སོགས་ཀྱི་དོན། མགོན་པོ་འོད་དཔག་མེད་ཀྱི་སྔོན་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ་ཐུགས་བསྐྱེད་ནས་སྨོན་ལམ་བཏབ་པ་དང༌། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་གཉིས་ཀྱི་བར་དུ་ཚོགས་བསགས་པ་སོགས་མཆོད་བརྗོད་ཤློ་ཀའི་ཚིགས་དང་འབྲེལ་བར་ཕྱག་འཚལ་བ་དང་སྐྱབས་གནས་གཅིག་ཆོག་ཏུ་འཛིན་པའི་སྒོ་ནས་བརྗོད་པ་དང༌། སྔོན་རྗེ་བདག་ཉིད་ཆེན་པོ་ནས་ཐུགས་བསྐྱེད་ཇི་ལྟར་མཛད་པ་ལྟར་བདག་ཅག་གིས་ཀྱང་བརྩེ་བའི་སྙིང་རྗེ་ཆེན་པོ་དང༌། བྱང་ཆུབ་ཀྱི་སེམས་ཀྱི་ཀུན་སློང་རྣམས་མཁན་པོས་གསུངས་བཤད་རྒྱས་པ་གནང་ནས་ཚིགས་བཅད་གཉིས་པོ་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་ཚུལ་དུ་བརྗོད། དེ་ནས་གཞུང་ན་ཡོད་པ་ལྟར་བདེ་བ་ཅན་གྱི་ཞིང་དུ་སྨོན་ལམ་གདབ་དགོས་ཚུལ་དང་སྐྱེ་བའི་རྒྱུ་བཞི་པོ་སོགས། མཁན་པོས་གསུངས་ནས། རྒྱུ་བཞི་པོ་མཐར་ཆགས་སུ་ཐུན་གཅིག་གི་ཉམས་ལེན་དུ་དྲིལ་ནས་བྱ་བ་ལ། དང་པོ་ཞིང་དང་སྟོན་པའི་ཡོན་ཏན་དྲན་ནས་དེ་ལ་ཡིད་གཏོད་པ་ལ། ཞིང་ཁམས་ཀྱི་བསྟོད་པ་རྒྱས་བསྡུས་ཅི་རིག་མཁན་པོས་གསུངས་ནས་བྱིང་འདྲེན་པས་བསྐུལ་ཏེ། མི་མཇེད་ཞིང་གི་སོགས་གནས་སྐབས་ཀུན་ཏུ་ཁྱོད་ཀྱི་འགྲོ་ཀུན་སྐྱོངས་ཀྱི་བར། བཅད་ལྷུག་སྤེལ་མ་གདངས་སྙན་པོའི་སྒོ་ནས་ཚོགས་མང་གི་གསུངས་འཕྲལ། རྒྱུ་གཉིས་པ་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་བསྐྱེད་པ་ཚོགས་བསགས་ཡན་


ZP04_Page_081
[མ་དཔེ་གཟིགས་ན་འདིར་གནོན།]

ལག་བདུན་ཏུ་བསྡུས་ནས་བྱ་བའི་སྔོན་ཚོགས་ཀྱི་ཞིང་དང་སྨོན་ལམ་འགྲུབ་པའི་དབང་པོ་སྤྱན་འདྲེན་པ། བླང་དོར་གནས་རྣམས་སོགས་ནས། འདིར་གཤེགས་ཤིག་གི་བར་གསུངས། དེ་ནས་ཡན་ལག་བདུན་པ་རྒྱས་པར་ནི་སྤྱོད་འཇུག་དང་བཟང་སྤྱོད་ཡན་ལག་བདུན་པ་སྤེལ་མའམ་བསྡུ་ན་བཟང་སྤྱོད་ལྟར། ཡན་ལག་རེ་རེ་བཞིན་མཁན་པོས་གསུངས་བཤད་དང་བཅས་རིམ་བཞིན་བྱས་འཕྲལ། རྒྱུ་གསུམ་པ་བྱང་ཏུ་སེམས་བསྐྱེད་པ་བྱང་ཆུབ་སྙིང་པོ་སོགས་ཀྱི་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་སྤྱོད་འཇུག་ལྟར་དམ་བཅའ་དང་རྗེས་དགའ་བ་བསྒོམ་པའི་སྒོ་ནས་སེམས་བསྐྱེད། རྒྱུ་བཞི་པ་དགེ་བའི་རྩ་བ་རྣམས། བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་བ། སྨོན་ལམ་གྱི་ཚིག་དོན་ཡིད་ལ་དྲན་པའི་སྒོ་ནས་འདུན་པ་དྲག་པོ་བསྐྱེད་དགོས་ཚུལ་མཁན་པོས་གསུངས་ནས་ཚོགས་མང་གིས། བདག་དང་གཞན་གྱི་སོགས་ནས་བདེ་སྨོན་རྐྱང་པ་མ་དག་ཞིང་གི་འགྲོ་བ་འདྲེན་པར་ཤོག་པར་དང༌། དེ་མན་གྱི་སྨོན་ལམ་རྣམས་རྒྱས་པར་ཞིང་མཆོག་སྒོ་འབྱེད་དམ་ཕུལ་བྱུང་མ་གང་རུང་གི་ཚིགས་བཅད་ལྷུག་རྫོགས་པའམ་བསྡུ་ན་ཇི་སྲིད་ཐུབ་མཆོག་མ་ཙམ་བྱས་རྗེས་སུ་བཟང་སྤྱོད་སོགས་སྨོན་ལམ་རྣམས་དལ་ཁོམས་དང༌། བསྟུན་ནས་བྱ་ལ་འདི་ལྟ་བུ་སྔ་ཆོག་ཕྱི་ཆོག་གཉིས་བྱས་ན་སྙམ་ཁོ་བོས་བློ་བཟོ་ལྟ་བུ་ཡིན་ཀྱང་ཞིབ་པར་སྙིང་ནས་ཐུགས་དཔྱད་གནང་བ་ཞུ་ཞུ། སེར་ཤུལ་དགོན་ལྟ་རམ་བར་ཨ་ནུ་བཀའ་དྲིན་ཅན་གྱིས་བསྐུར་བ་ལགས་སོ།། །།


ZP04_Page_082
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། རྣམ་དག་ཚུལ་ཁྲིམས་ཕུང་པོས་མཛེས་པའི་སྐུ། །ཏིང་འཛིན་ཤེས་རབ་ཡོན་ཏན་དཔལ་གྱི་བརྗིད། །མཐའ་ཡས་འགྲོ་བའི་ཕན་བདེའི་གཞིར་གྱུར་པ། །ཐུབ་དབང་སྲས་བཅས་གུས་པའི་གཙུག་གིས་མཆོད། །ཤིན་ཏུ་དཔག་དཀའ་རྒྱལ་བ་ཀུན་གྱི་ཡུམ། །དགོངས་དོན་འཁྲུལ་མེད་གསལ་བར་འབྱེད་པའི་རྒྱན། །བཞི་པའི་སྐབས་ཀྱི་སྤྱི་དོན་ལེགས་བཤད་གཏམ། །འཆད་ཉན་ཉམས་སུ་ལེན་པའི་ཆ་རྐྱེན་དུ། །བཟོ་རིག་འཕྲུལ་གྱི་རྣམ་དཔྱོད་ལས་ཐོན་པ། །གཅིག་ལ་དུ་མར་འཆར་བའི་ཕྱི་མོའི་པར། །བློ་གྲོས་བཟང་པོས་ཐུབ་བསྟན་པདྨོའི་ཚལ། །རྒྱས་མཛད་དམ་པའི་ཐུགས་བསྐྱེད་མཐུ་ཡིས་བསྐྲུན། །གང་གི་བཀའ་བཞིན་བརྩོན་པ་ལྷུར་ལེན་པ། །ཉེ་བར་གནས་པར་བློ་བཟང་ཆོས་ཉིད་དང༌། །བརྐོས་མཁན་མཁས་པ་བུ་ལྷ་ཕ་བུར་བཅས། །བསམ་དང་སྦྱོར་བའི་ལེགས་བྱས་ཕྱོགས་གཅིག་སྤུངས། །དེ་དགེ་དྲི་མེད་ཟླ་བ་འབུམ་གྱི་ཞུན། །གཅིག་ཏུ་འཁྱིལ་ལྟར་རྣམ་པར་དཀར་བའི་མཐུས། །ལུང་དང་རྟོགས་པའི་རྒྱལ་བསྟན་དཔག་བསམ་ལྗོན། །བཤད་དང་སྒྲུབ་པའི་ཁོ་ལག་ཡོངས་རྫོགས་ཤོག །རྣམ་དཀར་ལས་འདིར་འབྲེལ་བ་ཐོགས་པའི་གཙོས། །འགྲོ་བ་མ་ལུས་འོད་སྣང་མཐའ་ཡས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་ཤིང་ཉམས་དགའ་བར། །པདྨའི་སྦུབ་ལས་ལུས་མཆོག་འཛིན་གྱུར་ཅིག །མིག་ནས་མི་སྦྱོར་རྒྱལ་ཡུམ་དགོངས་པའི་མཁའ། །ཡུལ་དང་


ZP04_Page_083
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་གཉིས་སྣང་རྡུལ་བྲལ་བ། །སྦྱོར་བཞིའི་མངོན་རྟོགས་དྲི་མེད་མཐར་བྱས་ཏེ། །ཆོས་སྐུའི་རྒྱལ་སར་ཀུན་ཀྱང་གནས་གྱུར་ཅིག །རྒྱལ་བའི་རྗེས་འཇུག་དགེ་འདུན་འདུས་པའི་སྡེ། །གང་ན་མཆིས་ཀུན་བསླབ་པ་རིན་པོ་ཆེ། །རྣམ་པ་གསུམ་གྱི་མཛད་བཟང་གོང་འཕེལ་མཐུས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་རྗེ་བཙུན་ཆོས་གྱི་རྒྱ་མཚོ་དཔལ་བཟང་པོས་མཛོད་པའི་སྐབས་བཞི་བའི་སྤྱི་དོན་འདི་གྲྭ་ཚངས་རིན་པོ་ཆེར་དཔེ་རྒྱུན་དཀོན་པ་ལ་ཕན་པར་དགོངས་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་དབང་བློ་བཟང་ཐུབ་བསྟན་གྱིས་ཐུགས་བསྐྱེད་དག་པས་སྤར་དུ་སྒྲུབ་སྐབས་སྤར་བྱང་ཉུང་ངུ་ཞིག་གྱིས་ཞེས་བཀའ་གནད་ལྟར་ཆོས་སྨྲ་བའི་གཟུགས་ཙམ་འཛིན་པ་དཔལ་དགེ་ཨ་བུར་འབོད་པས་ཐེག་ཆེན་དར་རྒྱས་གླིང་གི་ཆོས་གྲྭར་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།དགེའོ། །དགེའོ། །དགེའོ།། །། ༈ ཚ་བླའི་མགྲིན་པའི་དཀོར་མཛོད་གསར་དུ་རྡོལ། །འབྲོག་བླའི་མགྲིན་པའི་རྩ་འདབས་རྒ་བས་རྒོག །རྡོལ་ལས་མི་ལེན་རྒོག་ལས་ཚོལ་བ་འགལ། །རྒན་པོ་རྒས་ཆེས་འཆད་རྩོད་རྩོམ་གསུམ་བརྗེད། །ཧ་ཅང་བཙིར་ན་སྟུག་པ་འཆོར་ཉེ་ཡང༌། །དབུ་བླའི་བཀའ་ལ་སྐྲག་ཆེས་ཅུང་ཟད་བྲི། །སངས་རྒྱས་དང་


ZP04_Page_084
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཟབ་དང་རྒྱ་ཆེ་ཐེག་པ་མཆོག་གཞུང་ལས། །ཟབ་མོ་ལྟ་བའི་དོན་མཆོག་སྟོན་པའི་བཀའ། །ཤེས་རབ་ཕར་ཕྱིན་རྡོ་རྗེ་གཅོད་པ་དང༌། རྒྱ་ཆེན་སྤྱོད་པའི་གནད་ཀུན་ཡོངས་བསྡུས་པ། །སེམས་དཔའི་བསྟན་བཅོས་རྒྱལ་སྲས་སྤྱོད་འཇུག་གཞུང༌། །བཀའ་བསྟན་ཀུན་གྱི་གཙོར་གྱུར་རྣམ་གཉིས་ཀྱི། །དཔེ་བརྒྱའི་ཕྱི་མོར་གྱུར་པའི་སྤར་འདི་དག །དམ་པ་མཆོག་གྱུར་་མཚན་ཅན་གྱིས། །ཐུགས་བསྐྱེད་རྣམ་དག་མཁའ་ལྟར་དྭངས་བས་བསྒྲུབས། །དགེ་དེས་རྒྱལ་བསྟན་དར་ཞིང་རྒྱས་པ་དང༌། །ཁྱད་པར་ཡུན་རིང་དྲིན་གྱིས་ལེགས་སྐྱོང་བའི། །ཕ་མ་དུད་འགྲོའི་སྐྱེ་གནས་ལས་ཐར་ཏེ། །ལྷ་མིའི་རྟེན་ལས་རྣམ་གྲོལ་མཆོག་ཐོབ་ཤོག །དགེའོ།། །།


previousའབྲས་བུ་སྐུ་བཞིའི་རྣམ་བཤད་དང་སེམས་བསྐྱེད་བསླབ་བྱ་བདེ་སྨོན་བཅས་པའི་ཟིན་བྲིས།next