Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐབས་གྲོལ་ལམ་གྱི་ཁྱད་པར།
   
   
   
   
   
   
   
   
   


 
previousཐབས་གྲོལ་ལམ་གྱི་ཁྱད་པར།next

ཐབས་གྲོལ་ལམ་གྱི་ཁྱད་པར།


ZP04_Page_511
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གྲོལ་ལམ་གྱི་ཁྱད་པར་བཞུགས། ད་ནི་ཁོ་བོས། སྐྱབས་མགོན་རིན་པོ་ཆེའི་གསུང་སྒྲོས་ད་ལྟ་གནང་བ་རྣམས་དང༌། གླང་པོ་རབ་འབོག་གི་ལུང་སོགས་ལ་བསྟེན་ནས། འགྲེལ་པ་སྔ་ཕྱི་རྣམས་དང༌། རྒྱུད་ཀྱི་ལུང་སྐྱབས་མགོན་གསུང་སྒྲོས་རྣམས་ཐམས་ཅད་འགལ་མེད་དུ་ཐབས་གྲོལ་ལམ་འདི་ལྟར་བཤད་པར་བྱ་སྟེ། སྤྱིར་ཐབས་ལམ་དང་གྲོལ་ལམ་གཉིས་ནི་རྣམ་པ་ཀུན་ཏུ་གང་རུང་རེ་རེས་ཐར་བའི་ལམ་དུ་བགྲོད་མི་ནུས། མ་གི་ཉན་ཐོས་ཐེག་པ་ནས་ཡ་གི་རྫོགས་པ་ཆེན་པོའི་བར་ཐམས་ཅད་མཚུངས། འོན་ཀྱང་གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་གྲོལ་ཁྱད་པར་ཅན་གྱི་དབང་དུ་བྱས་ན། སྤྱིར་གྲོལ་ལམ་གྱི་མཚན་གཞི་ནི་སྲིད་པ་ལས་གྲོལ་བྱེད་ཀྱི་ལམ་དངོས་ལྟ་བ་ཡིན་ལ། ཐབས་ལམ་ནི། དེ་རྟོགས་བྱེད་ཀྱི་ཐབས་ཁྱད་པར་ཅན་དང༌། ཞི་མཐའ་གནོན་བྱེད་ཀྱི་སྙིང་རྗེ་བདེ་བ་ཆེན་པོའོ། །འདི་གཉིས་ལའང་གནས་སྐབས་ལམ་གྱི་དབང་དུ་བྱས་པ་དང༌། ལམ་གྱུར་གྱི་འབྲས་བུའི་དབང་དུ་བྱས་པ་སོགས་ཡོང་ཀྱང་གནས་སྐབས་ལམ་ཉམས་ལེན་གྱི་དབང་དུ་བྱས་ནས་ཐབས་ལམ་དང་གྲོལ་ལམ་གཉིས་སུ་དབྱེ་བ་ནི། གང་ཟག་གི་རྒྱུད་ཚོད་ལ་དགོངས་པ་ཡིན་ཏེ། དེ་ཡང་སྤྱིར་གསང་བ་སྔགས་ཀྱི་གདུལ་བྱ་ཡིན་པར་འདྲ་ཡང༌། དབང་པོ་རྣོན་པོ་དང་བརྟུལ་པོ་གཉིས་ལས་དབང་པོ་རྣོན་པོའི་དབང་དུས་སམ་གཏན་ཚིག་ལ་བརྟེན་ནས་ལྟ་བའི་དོན་ཡུལ་མེད་རང་གསལ་མངོན་སུམ་བར་རྟོགས་པར་ནུས་པ་དང༌། དེ་ལྟར་ངོ་སྤྲད་ཀྱང་དོན་སྤྱི་ཙམ་ལས་མངོན་


ZP04_Page_512
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་པར་རྟོགས་མི་ནུས་པའི་རིགས་ཅན་གཉིས་ལས། དང་པོ་མངོན་སུམ་དུ་རྟོགས་པར་ནུས་པའི་རིགས་ཅན་ལའང་རྟོགས་པ་རྐྱེན་ཐུབ་དུ་སྐྱེ་ཞིང༌། རྟོགས་གྲོལ་ཆིག་ཆོད་དུ་བྱེད་པ་དང༌། ཐབས་དང་གདམ་ངག་ལ་བརྟེན་ནས་མངོན་སུམ་རང་ངོ་འཕྲོད་ཀྱང༌། །གཉེན་པོ་སྟོབས་ཞན་པས་ཡེངས་འཁྲུལ་རྐྱེན་དབང་དུ་འཆོར་བ་གཉིས་ལས། སྔ་མ་ནི་གྲོལ་ལམ་ཅིག་ཆར་པའི་གདུལ་བྱ་དང༌། ཕྱི་མ་ནི་གྲོལ་ལམ་རིམ་གྱིས་པ་ཡིན། གྲོལ་ལམ་པ་འདིའི་རྟོགས་དོན་ལྟ་བའི་ངང་ལ་མཉམ་པར་བཞག་ནས་སྟོང་པ་ཆེན་པོའི་ཏིང་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རྣམ་པར་མི་རྟོག་པ་དཔེའི་ཡེ་ཤེས་སྒྲ་ཇི་བཞིན་པ་རྒྱུད་ལ་སྐྱེས་ཤིང་རླུང་སེམས་དབུ་མར་འདུས་པའི་སྣང་བའི་འོད་གསལ་མངོན་དུ་གྱུར་པའི་ཚེ། ཐབས་བསྐྱེད་རིམ་གྱི་རྣལ་འབྱོར་ལྔས་བོག་བཏོན་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ལམ་གྱི་འབྲས་བུ་རྣམ་སྨིན་རིག་འཛིན་ལ་སྦྱོར། འདིའི་ལམ་ལོ་ཆེན་རིན་པོ་ཆེས་རྫོགས་རིམ་དང་འགྲེལ་བྱེད་གཞན་བསྐྱེད་རིམ་དུ་གསུང་པའི་དོན་ཀྱང་འདིའི་འགལ་མེད་དུ་འཆད་ཐུབ། འདི་ལ་དབང་བཞི་ཅིག་ཆར་དུ་རྫོགས། ཐབས་ལམ་པ་ནི་དབང་དང་གཏན་ཚིག་ལ་བརྟེན་པ་ངོ་སྤྲད་ཀྱང་ལྟ་བ་དོན་སྤྱི་ལས་རྟོགས་པར་མ་ནུས་པ་དེ་ནི་ཅི་ཙམ་འབད་ནས་བསྒོམ་ཀྱང་ཚེ་འདིར་དཔེའི་ཡེ་ཤེས་དངོས་སུ་བསྐྱེད་མི་ནུས་པས་དབང་བཞིས་ཐབས་རིམ་ཅན་དུ་བསྒོམ་ནས་ལྟ་དོན་མངོན་སུམ་དུ་རྟོགས་པར་བྱེད་པའོ། །འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་རྟོགས་ཚུལ་གྱི་སྒོ་ནས་མདོ་ལས་འཕགས་པའི་ཁྱད་པར་


ZP04_Page_513
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱིར་དབང་གི་ཐབས་ཀྱི་ངོ་སྤྲོད་པ་དང༌། གཏན་ཚིག་རྣམས་ལས་ཀྱང༌། །མངོན་སུམ་པའི་གཏན་ཚིག་ཁོ་ན་ཡིན་ཏེ་ཡུལ་སྣང་སྟོང་དུ་གཏན་ལ་འབེབས་པ་ནི་མཚན་ཉིད་ཐེག་པ་ལའང་ཡོད་མོད་ཀྱང་ཡུལ་ཅན་རང་ཐོག་དུ་གྲོལ་བ་ནི་འདིའི་ཁྱད་ཆོས་སོ། དགེའོ།། །དཔལ་སྤྲུལ་རིན་པོ་ཆེའི་ཞལ་གསུངས་སོ། །རྫོགས་རིམ་ཆོས་དྲུག་བསྡུས་དོན་བཞུགས་སོ། །ཆོས་དྲུག་གི་སྐབས་སུ། རྩ་བ་གཏུམ་མོ་ལ། ལས་ཀྱི་ཉམས་ཀྱི་མཆོག་གི་གཏུམ་མོ་དང་གསུམ། དང་པོ་བཅའ་བ་ལུས་ཀྱི་གནད། འཇམ་རྩུབ་རླུང་གི་གནད། དམིགས་པ་སེམས་ཀྱི་གནད་གསུམ་མོ། བར་མ་ལ། །ཐམས་འདུས་དང་པོ་དྲོད་ཀྱིའམ། སྡུག་བསྔལ་གྱི་དུས། གཉིས་པ་བདེ་བའི་དུས། གསུམ་པ་མི་རྟོགས་པའི་དུས་གསུམ། དུ་བ་སྨིག་སྒྱུ་མེ་ཁྱེར་སྒྲོན་མེའམ་སྐྱ་རིངས། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་སྟེ་རྟགས་ལྔ་དང༌། འབར་བ། ཟླ་བ། ཉི་མ། སྒྲ་གཅན། གློག་ཅེས་བྱ་བ་འོད། སེར། དཀར། སྔོ། དམར་སྐྱ་སྟེ་རྟགས་ལྔ་དང༌། ཉམས་ཀྱི་རྟགས་བཅུ་རྫོགས་པར་འཆར་རོ།། །མཆོག་གི་གཏུམ་མོ་ནི། །དབུ་མའི་མདུད་པ་གྲོལ་ནས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་ཐོབ་པ་ཡིན་ནོ། །གཞི་མ་སྒྱུ་ལུས་ལ་མ་དག་པའི་སྒྱུ་ལུས་དག་པའི་སྒྱུ་ལུས། སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་དང་གསུམ། རང་བཞིན་དབྱིབས་ཀྱི་རྣལ་འབྱོར། སྤྲུལ་པ་དབྱིབས་ཀྱི་རྣལ་འབྱོར་གཉིས་


ZP04_Page_514
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །བྲོད་ཚད་རྨི་ལམ་ལ། བཟུང་བ། སྦྱང་བ། སྒྱུ་མ་དང་བསླབས། དེ་ཁོ་ན་ཉིན་ལ་བློ་བཞག་འདང་བཞིའོ། །ལམ་གྱི་སྙིང་པོ་འོད་གསལ་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་གསུམ། དང་པོ་ལ་གཉིད་དང་སྙོམས་འཇུག་འཆི་བའི་དུས་གསུམ། བར་མ་ལ༌།།།མོའི་འོད་གསལ། འཐུག་པོའི་འོད་གསལ། ཐ་མལ། མཆོག་ཏུ་མི་འགྱུར་བའི་འོད་གསལ་གཅིག་གོ །ལམ་གྱི་སུན་མ་བར་དོ་ལ། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར། གཉིས་པ་ཟུང་འཇུག་ལོངས་སྐུའི་ལམ་ཁྱེར། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་རོ། །ལམ་གྱི་བློ་ཆོད་འཕོ་བ་ལ་གསུམ། སྦྱངས་ཏེ་འཕོ་བ། བཙན་ཐབས་སུ་འཕོ་བ། །ལུས་གནད་ཀྱི་འཕོ་བ་དང་གསུམ་མོ། །དགེའོ། དགེའོ། །དགེའོ། དཔལ་སྤྲུལ་རིན་པོ་ཆེས་གསུངས་སོ། །


previousཐབས་གྲོལ་ལམ་གྱི་ཁྱད་པར།next