Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་ཆེན་མར་བའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག
   
   
   
   
   
   
   


 
previousགྲུབ་ཆེན་མར་བའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིགnext

གྲུབ་ཆེན་མར་བའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག


ZP04_Page_533
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་མར་བའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ། །


ZP04_Page_534
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་གཅིག་ཆར་དུ་སྟོན་པ་ལ་དབྱེ་ན་གསུམ་སྟེ། རང་བཞིན་ཕྱག་རྒྱ་ཆེན་པོ་ནི། གཞི་ཇི་ལྟར་གནས་པའི་གནས་ལུགས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ། གནས་པ། དག་པའི་གཞི་ཆོས་ཀྱི་དབྱིངས་སྤྲོས་བྲལ་གཉུག་མ་ལྷན་ཅིག་སྐྱེས་པ། ཀུན་ཁྱབ་ཀྱི་ཡེ་ཤེས་དུས་གསུམ་དུ་འཕོ་འགྱུར་དང་བྲལ་བ་དེ་ལ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱའོ། །ལམ་ཕྱག་རྒྱ་ཆེན་པོ་ནི། གནས་ལུགས་དེ་ཉིད་བླ་མ་དམ་པས་ངོ་སྤྲད་པས་སློབ་མས་སེམས་ཀྱི་གཉུག་མའི་ཤེས་པ་ངོས་ཟིན་ཏེ། རང་སེམས་ཆོས་སྐུར་ངེས་པ་རྙེད་ནས་སྣང་གྲགས་ཀྱི་ཆོས་


ZP04_Page_535
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་སྣང་སྟོང་གྲགས་སྟོང་དུ་བུན་ལོང་གིས་སོང་སྟེ། སེམས་ཉིད་གཅིག་པུའི་དོན་རྟོགས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་ཤེས་པ་ཤུགས་ལ་འཆར་བས་རྟོགས་པ་དེ་ལ་གོམས་འདྲིས་བྱེད་པའོ། །འབྲས་བུ་ཕྱག་རྒྱ་ཆེན་པོ་ནི། གཞི་ལ་རྟོགས་པ་མངོན་དུ་གྱུར་པ་སྟེ། རྟོགས་པའི་དོན་ལ་གོམས་པ་རྩེ་གཅིག་ཏུ་བྱས་པས། ང་བདག་ཉོན་མོངས་བག་ཆགས་དང་བཅས་པ་རིམ་གྱིས་གཞི་ལ་དག །དྲན་རིག་གཟུང་འཛིན་བག་ཆགས་དང་བཅས་པ་རིམ་གྱིས་ཆོས་ཉིད་ལ་ཐིམ། རྟོགས་པ་ཉམས་ཀྱི་ཤེས་པ་ཕྲ་མོ་ཡང་དབྱིངས་སུ་ཡལ་ཏེ་ཕྱི་ནང་གི་ཆོས་ཐམས་ཅད།


ZP04_Page_536
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་བློ་འདས་སྤྲོས་བྲལ་འབའ་ཞིག་ཏུ་སངས་ལ། དེ་ཉིད་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་རྒྱས་པའོ། ༈ རང་བཞིན་གཞིའི་གནས་ལུགས་དེ་ལ་ཐ་སྙད་ཙམ་དུ་མིང་གི་རྣམས་གྲངས་དུ་མ་བརྗོད་ཀྱང་། མིང་དེ་ཡང་གདགས་གཞིས་སྟོང་། འདོད་ཆགས་མཁན་གྱིས་སྟོང་བཏགས་པའི་དངོས་པོས་སྟོང་པས་མིང་ཙམ་ཡང་ཤེས་བྱར་མ་གྲུབ་པའི་ཕྱིར་གནས་ལུགས་ཡོད་མེད་ཅིར་ཡང་མ་གྲུབ་པའི་དོན་ལ་ཕྱག་རྒྱ་ཆེན་པོ་དང་སྟོང་ཉིད་སོགས་ཀྱི་ཐ་སྙད་བཏགས་པའོ། །གཤིས་ལུགས་དེ་ཉིད་ནི་རྣམ་ཤེས་དང་ཡེ་ཤེས་ཀྱི་ཡུལ་དུ་བྱར་མེད་ལ་དོན་བློ་ལས་འདས་ཤིང་ཡིད་ལ་བྱར་མེད་པས། དེ་ཉིད་ལུང་རིག་བརྡ་དཔེ་གང་གིས་ཀྱང་མཚོན་དུ་མེད་དེ། ལུང་ནི་བརྗོད་པའི་ཚིག་གི་མཐའ་ཅན་ཡིན། །རིག་པ་ནི་རྟོག་དཔྱོད་རྟོག་པའི་མཐའ། །བརྡའ་ནི་གོ་ཡུལ་དམིགས་པའི་མཐའ་ཅན། །དཔེ་ནི་འདྲ་མཐུན་དམིགས་པའི་མཐའ་ཅན་ཡིན་པས། བློ་འདས་ཕྱག་རྒྱ་ཆེན་པོ་ནི་དཔེ་དོན་གྱི་ལུང་གིས་མཚོན་དུ་མེད། །མངོན་སུམ་རྗེས་དཔག་རིགས་པས༴ །ལུས་ངག་ཡིག་གསུམ་བརྡ་ཡིས༴ །ནམ་མཁའ་ལ་སོགས་དཔེ་ཡི་མཚོན་དུ་མེད། ལུང་རིག་བརྡ་དཔེས་མཚོན་པའི་དོན་དེ་ཉིད་ཕྱག་རྒྱ་ཆེན་པོའི་གཟུགས་བརྙན་ཙམ་


ZP04_Page_537
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དངོས་མ་ཡིན་པས་དེ་ལ་དོན་དུ་བཟུང་ན་མི་གྲོལ། དེས་ན་ལམ་གྱི་ཆོས་ཐམས་ཅད་དང་ཕྱག་རྒྱ་ཆེན་པོ་ལ་འབྲེལ་བ་མེད་པས་ཕྱག་རྒྱ་ཆེན་པོ་ནི་རྒྱུ་འབྲས་ཀྱི་ལྟོས་ཆོས་དང་བྲལ་བའོ། །དེའི་ཕྱིར་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་བྱར་རེག་མེད་པས་འཁོར་འདས་ལ་སོགས་པར་བརྟགས་པའི་ཆོས་གང་ཡང་ཕྱག་རྒྱ་ཆེན་པོ་མ་ཡིན་ལ། །དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་པས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཉིད་ལས་མ་འདས། ཀུན་ཡིན་གང་ཡང་མ་ཡིན་པའི་དོན་བཟའ་གཏད་མེད་པ་ནི་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་དོ། །དེ་ནི་མིང་ཙམ་ལས་དོན་མེད་ལ། དོན་མེད་ལ་མིང་དུ་བཏགས་སུ་མེད་པས་ལྟོས་ཆོས་དང་བྲལ་བའི་སྟོང་པ་ནམ་མཁའི་མེ་ཏོག་གམ་རི་བོང་གི་རྭ་ལྟ་བུ་ཤེས་བྱའི་གཤིས་ལ་དེ་ཉིད་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་དགོངས་པ་ལ་བདག་དང་སེམས་ཅན། སྣང་བ་རྟོག་པ། བདེན་པ། རྫུན་པ། རྟག་ཆད། ཀུན་རྫོབ། དོན་དམ། འདུས་བྱས་འདུས་མ་བྱས། ཟག་བཅས་ཟག་མེད། དགེ་མི་དགེ། བདེ་སྡུག །ཀུན་ནས་ཉོན་མོངས་པ། རྣམ་པར་བྱང་བ། དུས་གསུམ། ཁམས་གསུམ། སྒོ་གསུམ། སྐུ་གསུམ། འཁོར་བ་མྱང་འདས་གང་ཡང་མེད་དོ། །འོན་ཀྱང་གློ་བུར་གྱི་རྐྱེན་དུ་མ་ཚོགས་པའི་རྐྱེན་གྱིས་རང་བཞིན་ཕྱག་རྒྱ་ཆེན་


ZP04_Page_538
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ཁོ་ན་ཉིད་བདག་གཞན་འཁོར་འདས་སྣ་ཚོགས་སུ་མ་འགགས་པར་ཤར། ཤར་ཙམ་ཉིད་ནས་གང་ཡང་ཤར་བ་མེད་དེ་གཞི་ཡིས་སྟོང་། རྒྱུ་ཡིས༴ བྱེད་པོས༴ དངོས་པོས༴ སྐྱེ་བས༴ གནས་པས༴ འགགས་པས༴ དེ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དོན་ལ་འཕོ་འགྱུར་མེད་པ་ནི། རང་བཞིན་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་ལྟོས་ཆོས་དང་བྲལ་བ་ཐམས་ཅད་མཁྱེན་པས་ཀྱང་ཡུལ་དུ་བྱར་མེད་པའོ། །གཤིས་ལུགས་ཀུན་ཁྱབ་ཀྱི་ཡེ་ཤེས་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་ཁྱབ་པར་གནས་པ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། ལམ་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་སྟོན་པ་ལ་ལྟ་སྒོམ་སྤྱོད་པ་གསུམ་ལས། དང་པོ་ལྟ་བས་ཐག་བཅད་པ་ནི། གོང་གི་རང་བཞིན་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་བསྟན་པ་དེ་ཇི་བཞིན་དུ་རྟོགས་ཤིང་ཐག་ཆོད་པ་ཡིན་ལ། དེ་ཡང་མདོར་བསྡུས་ཏེ་བསྟན་ན། ཆོས་ཐམས་ཅད་ཡེ་ནས་མེད་པའོ། ཡེ་ནས་མེད་པ་ལ་ཡོད་པ་ལྟར་སྣང་བའམ། ཡོད་པ་ལྟར་སྣང་ཡང་ཡེ་ནས་མེད་པའོ། ཅིའི་ཕྱིར་ཞེ་ན་ཆོས་ཐམས་ཅད་རང་གི་སེམས་ཀྱིས་སྣང་བ་ཙམ་མོ། སེམས་ཉིད་ཡེ་ནས་མེད་པའོ། །ཡོད་པ་ལྟར་སྣང་བ་ནི་ཕྱིན་ཅི་ལོག་གོ། །དེའི་ཕྱིར་ཆོས་ཐམས་ཅད་ཡེ་ནས་མེད་པའོ། །ཡེ་ནས་མེད་པ་ལ་ཡོད་མེད་ཀྱི་རྩིས་གདབ་བྱར་མེད་པས་


ZP04_Page_539
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ལས་འདས་པའོ། །བློ་འདས་ཀྱི་དོན་མཚོན་དུ་མེད་པས་མཚོན་པ་ལས་འདས། རྟོགས་ཏུ་མེད་པས་རྟོག་པ༴ ཤེས་སུ་མེད་པས་ཤེས་པ༴ ཡིད་ལ་བྱར་མེད་པས་སྒོམ་ལས་འདས་པར་ཐག་ཆོད་པ་ནི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེ་ཡང་མདོར་བསྡུས་ན་ཇི་ལྟར་དྲན་ཞིང་སྣང་བའི་ཆོས་ཐམས་ཅད་གང་དྲན་ཞིང་སྣང་བའི་དུས་ཉིད་ན། དེ་དག་རང་བཞིན་ནམ་ངོ་བོ་ཉིད་ཀྱིས་དྲན་མེད་སྟོང་པ་འབའ་ཞིག་ཏུ་ཐག་ཆོད། སྟོང་པའི་རང་བཞིན་གང་དུ་ཡང་མ་སྐྱེས་ཤིང་། སྐྱེ་བ་མེད་པས་སྐྱེ་མེད་དུ་ཐག་ཆོད། སྐྱེ་མེད་ཀྱི་ངོ་བོ་བློ་ལས་འདས་ཤིང་ཡིད་ལ་བྱར་མེད་པར་ཐག་ཆོད་དེ། བློ་དབྱིངས་སུ་ཡལ་ངང་དུ་ལུས་པ་ནི། ཕྱིན་ཅི་མ་ལོག་པའི་ལྟ་བ་ཉམས་སུ་མྱོང་བའོ། །གཉིས་པ་སྒོམ་པས་ཉམས་སུ་བླང་བ་ནི་གསུམ་སྟེ། སྤྱིར་ཆོས་འདི་དབང་པོ་ཡང་རབ་ལ་དགོངས་པ་ཡིན་ཡང་། དབང་པོ་རབ་ལའང་རབ་འབྲིང་ཐ་མ་གསུམ་སྟེ། དབང་པོ་རབ་ཀྱིས་ཆོས་ཉིད་ཅིག་ཆར་དུ་གྲོལ་ཞིང་རྟོགས་ཙམ་ན། ལྟ་བ་མུ་མཐའ་ཕྱོགས་རིས་ལས་གྲོལ་ཏེ་ལུང་རིགས་ཀྱི་ཐ་སྙད་སྦུན་ལྐོགས་སུ་སོང་། ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་རང་གྲོལ་ཆེན་པོའི་ཀློང་དུ་གྲོལ་བས། ཆོས་ཀྱི་དབྱིངས་སུ་མ་ཕྱིན་པར་བརྡོལ། མཉམ་པ་ཉིད་དུ་མ་བཞག་པར་ལུས། ལམ་ལ་འབད་


ZP04_Page_540
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་མ་བྱས་པར་ཟིན། བདག་གཞན་གྱི་དོན་ཐམས་ཅད་མ་སྒྲུབ་པར་གྲུབ་པས། དེ་ལ་ཆེད་དུ་བསྒོམ་པའི་འབད་རྩོལ་མི་དགོས་ཏེ། ཆོས་ཉིད་ཀྱི་ངང་ལ་གཟུང་འཛིན་གྱི་འཁྲུལ་པ་རང་རྒྱུད་བ་བཙལ་ཡང་མི་རྙེད་དོ། །ཅི་སྣང་ཅི་ཤར་ཅི་བྱས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་ལས་མ་འདས་པའི་ཕྱིར་རོ། །དབང་པོ་འབྲིང་གི་དོན་ཕྱིན་ཅི་མ་ལོག་པར་རྟོགས་ཀྱང་རྟོགས་པའི་ངང་དུ་བློ་མ་གྲོལ་བས་ཉམས་སྤྲིན་བར་གྱི་ཉི་མ་ལྟར་གསལ་འགྲིབ་དང་མཐོ་དམན་སྣ་ཚོགས་འབྱུང་བས་དེ་ལ་དབེན་པར་གོམས་འདྲིས་བྱེད་པ་གནད་དུ་ཆེ་བ་སྟེ། དེ་ཡང་རྟོགས་པའི་དོན་ལ་སྒོམ་རྒྱུ་རྡུལ་ཙམ་ཡང་མེད་ལ་དེ་ལོ་ན་ཉིད་ལས་ཡེངས་སུ་སྐད་ཅིག་ཀྱང་མེད་པར་སྐྱོང་ངོ་། །དེ་ལ་དབང་པོ་འབྲིང་གིས་སེམས་ཀྱི་བཞག་ཐབས་བརྒྱད་ཀྱིས་སྐྱོང་སྟེ། རིག་པ་ཡེ་སྟོང་བདག་མེད་ཁྱབ་བརྡལ་དུ་བཞག་པ་དང་། འདིར་འདོད་ཀྱི་དམིགས་པ་མེད་པ་ཐ་མལ་རང་ལུགས་སུ༴ །རེ་དོགས་བཅོས་བསྒྱུར་མེད་པར་གཉུག་མར༴ །དུས་སྔ་ཕྱིའི་རྟོག་པས་མ་བསླད་པར་རིག་པ་སོ་མར༴ དེ་ལ་བྱིང་རྨུག་མེད་པར་གསལ་རིག་ངར་དང་བཅས་པར༴ །རྣམ་རྟོག་འགྲོ་འོང་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་དུ་ཤེས་པར་བྱ་སྟེ༴ །ཡུལ་ལ་རྗེས་འབྲང་མེད་པར་ཚོགས་དྲུག་ལྷུག་པ་རྒྱ་ཡན༴ །རྟག་དུ་ལྟ་སྒོམ་གྱི་དྲན་པ་བརྗོད་མེད་དུ་ཤེས་


ZP04_Page_541
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྒྱུན་ཆགས་སུ་བརྟེན་ཏེ་བཞག་པའོ། དེ་ལྟར་སྐྱོང་དུས་རྟག་ཏུ་བླ་མ་ལ་མོས་གུས་བྱ་བ་གལ་ཆེ་སྟེ། མོས་གུས་ཡོད་པར་བྱིན་རླབས་ཡོད། བྱིན་རླབས་ཡོད་པར་ཉམས་རྟོགས་ཡོད་དོ། དབང་པོ་ཐ་མས་ལྟ་བའི་དོན་ཕྱིན་ཅི་མ་ལོག་པ་སྒྲ་སྤྱིའི་རྣམ་པ་ཙམ་ལས་དོན་རང་གི་མཚན་ཉིད་ཉམས་སུ་མ་མྱོང་བས། མོས་པ་དང་གོ་ཡུལ་ཙམ་སྟེ། དོན་ལ་ངེས་ཤེས་ལྷག་པ་མེད་པས། དེ་ལ་བསྐྱེད་རྫོགས་ཀྱི་ཐབས་ལམ་གནད་དུ་ཆེ་སྟེ། ཐབས་ལམ་གྱི་རྟ་ལ་ཞོན་ཏེ་རིག་པ་བཅུན་པས་ནང་དུ་ཉམས་བདེ་གསལ་མི་རྟོག་པ་ཤུགས་ལ་སྐྱེ། དེ་ཉིད་ལ་སྦྱངས་པས་རྟོགས་པ་ཁད་ཀྱིས་སྐྱེའོ། །ཚེ་འདིར་རྟོགས་པ་ལྷངས་པ་མ་སྐྱེས་ཀྱང་ཟབ་མོའི་དོན་ལ་མོས་གུས་བྱས་པ་ཙམ་གྱིས་ཀྱང་འདུས་བྱས་ཀྱི་དགེ་བ་ལས་ཁྱད་པར་དུ་འཕགས་པས། སྐྱེ་བ་འགའ་ཞིག་བརྒྱུད་ནས་གྲོལ་བའི་རྒྱུར་འགྱུར་ལ། སེམས་ཉིད་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་པས་ཀྱང་ངན་སོང་གི་སྒོ་ཁེགས་པར་འགྱུར་རོ། དེ་ལྟར་དབང་པོ་ཐ་མས་ཉམས་ལེན་བྱེད་པའི་དུས་ན། ཤིན་ཏུ་དབེན་ཞིང་ཉམས་དགའ་ལ་བཀྲ་ཤིས་པའི་གནས་སུ་བླ་མ་དམ་པའམ་གྲོགས་དམ་ཚིག་ལྡན་པ་བརྟེན་པ་གལ་ཆེའོ། །བླ་མ་དམ་པ་ལ་ཡང་བརྟེན་པ་ཙམ་གྱིས་མི་ཕན་ཏེ། བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བྱས་ལ་མོས་གུས་བྱ་དགོས། །


ZP04_Page_542
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བླ་མ་ལ་སངས་རྒྱས་ཀྱི་རྣམ་འཕྲུལ་དང་། སར་གནས་ཀྱི་བྱང་སེམས་དང་། སྐྱེ་བོ་དམ་པ་རྣམས་གང་དུ་མཐོང་བ་དེའི་བྱིན་རླབས་འཇུག་ཅིང་དེའི་ཡོན་ཏན་སྐྱེའོ། སོ་སོའི་སྐྱེ་བོ་ཐ་མལ་པ་དང་འདྲ་བར་མཐོང་ན་བྱིན་རླབས་ཅི་ཡང་མི་འཇུག །ཡོན་ཏན་ཅི་ཡང་མི་སྐྱེ། བླ་མ་ཟོག་པོ་སྐྱོན་ཅན་དུ་མཐོང་ན་དེ་ལ་བརྟེན་ཅིང་ཆོས་ཞུས་པ་དེས་སླར་ངན་སོང་གི་རྒྱུ་བྱེད་དོ། །བླ་མ་མཚན་ཉིད་དང་ལྡན་པ་མཇལ་ན་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་མོས་གུས་བྱ་བ་གནད་ཆེ་ཞིང་། ངོ་བོ་ལ་ཡང་བླ་མ་དམ་པ་འདི་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་མང་པོ་ཡོད། གསུམ་པ་སྤྱོད་པ་ལ་རྩལ་སྦྱོང་པ་ནི། །དབང་པོ་རབ་ཀྱི་སྤྱོད་པ་ལ་ངེས་པ་མེད་དེ། ཅིར་སྣང་ཆོས་ཉིད། གང་ཤར་ཡེ་ཤེས། ཅི་བྱས་རྩལ་སྦྱོང་། ཅི་བྱུང་དངོས་གྲུབ་པོ། དབང་པོ་འབྲིང་ཐ་གཉིས་ཀྱིས་སྤྱོད་པའི་གོ་རིམ་བཞི་ལ་བསླབ་པར་བྱ་སྟེ། དང་པོ་སེམས་ལ་བརྟན་པ་མ་ཐོབ་ཀྱི་བར་དུ་གསང་སྤྱོད་སྦས་པའི་བརྟུལ་ཞུགས་ལ་བསླབ་པ་ནི། ཤིན་ཏུ་དབེན་པའི་གནས་སུ་ལུས་ངག་ཡིད་གསུམ་གསང་སྤྱོད་སྦས་པའི་བརྟུལ་ཞུགས་ལ་གནས་པར་བྱ་སྟེ། ལུས་མི་དང་མི་འཕྲད་པར་མཚམས་དམ་དུ་བཅད་ལ། དེར་ལུས་ཀྱི་ཐ་མལ་གྱི་རྣམ་རྟོག་བརྟུལ་ཞིང་ལུས་དམ་ཚིག་གི་ཕྱག་རྒྱ་ལ་ཞུགས་པའོ། །ངག་ཆོས་


ZP04_Page_543
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ་དང་ཡི་དམ་ལྷའི་བསྙེན་པ་དང་བློའམ་ཉམས་ཀྱི་གཏམ་ལ་སོགས་པ་ཐམས་ཅད་གསང་ལ། དེར་ངག་ཐ་མལ་ཀྱི་སྨྲ་བ་བརྟུལ་ཞིང་ངག་ཆོས་ཀྱི་ཕྱག་རྒྱ་ལ་ཞུགས་པའོ། །ཡིད་ནང་གི་ཉམས་དང་རྟོགས་པ་ཐམས་ཅད་གསང་ཞིང་སྦས་ལ། ཡིད་ཐ་མལ་གྱི་རྣམ་རྟོག་བརྟུལ་ཞིང་ཡིད་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་ལ་ཞུགས་པའོ། །རྫས་དང་ཡོ་བྱད་གསང་སྤྱོད་སྦས་པའི་བརྟུལ་ཞུགས་ནི། ཤ་ལྔ་བདུད་རྩི་ལྔ་དང་། ཐོད་པ། ཌཱ་མ་རུ། མན་ངག་གི་བེམ་བུམ་ལ་སོགས་པ་མི་ལ་མི་བསྟན་པར་གསང་ཞིང་སྦས་པས་དམ་རྫས་དང་ཡོ་བྱད་ཐ་མལ་དུ་སྤྱོད་པའི་རྣམ་རྟོག་བརྟུལ་ཞིང་། ཡོ་བྱད་ཐམས་ཅད་ལས་ཀྱི་ཕྱག་རྒྱ་ལ་ཞུགས་པའོ། དེ་ལྟར་བསླབས་པས་སེམས་ལ་བརྟན་པ་ཅུང་ཟད་ཐོབ་པ་དང་། རིག་སྤྱོད་ལ་བསླབ་པར་བྱ་སྟེ། རེས་འགའ་འདོད་ཡོན་ལྔ་ལ་ཅི་བདེར་སྦྱོང་པས་རིག་པའི་རྩལ་སྦྱོང་། ཡང་འདོད་ཡོན་སྤངས་ལ་རོ་སྙོམས། རེས་འགའ་མང་པོའི་ཚོགས་སུ་ཕྱིན་ལ་ལྟ། ཡང་གཅིག་པུར་ཕྱིན་ལ་རོ་སྙོམས། རེས་འགའ་འགྲོ་འདུག་དང་བྱ་བྱེད་སྣ་ཚོགས་ལ་རྩལ་སྦྱངས་ཡང་དབེན་པར་བྱར་མེད་ལ་བསྡད་ལ་རོ་མཉམ། རེས་འགའ་ཆོས་ཀྱི་ཉན་བཤད་བྱ། རེས་འགའ་གཏམ་བྱ་ཐ་མལ་གྱི་གླེང་མོ་སྣ་ཚོགས་བྱས་ལ་རྩལ་སྦྱང་། ཡང་སྨྲ་བ་ཐམས་


ZP04_Page_544
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རོ་སྙོམས། རེས་འགའ་བདེ་སྐྱིད་ཅན་གྱི་སར་ཕྱིན་ལ་ལྟ། རེས་འགའ་སྡུག་བསྔལ་ཅན་གྱི་སར་ཕྱིན་ལ་ལྟ། ཡང་གཅིག་པུར་བཏང་སྙོམས་སུ་བསྡད་ལ་རོ་སྙོམས། མདོར་ན་རང་གི་སེམས་ལ་ཕན་པའི་ཡུལ་དང་གནོད་པའི་ཡུལ་རྣམས་རེ་མོས་སུ་བརྟེན་ཅིང་རིག་པའི་རྩལ་སྦྱངས་ལ་རོ་སྙོམས་པར་བྱའོ། །དེ་ལྟར་རོ་སྙོམས་པས་བརྟན་པ་ཆེར་ཐོབ་སྟེ། སེམས་ལ་གདེངས་ཆེན་པོ་ཐོབ་པ་དང་སྨྱོན་སྤྱོད་བྱ་སྟེ་ཅི་སྣང་ཐམས་ཅད་ལ་མཉམ་དུ་སྤྱོད་ཅིང་མཉམ་དུ་འདོར་བའི་རྩིས་མེད་ཉམ་ང་མེད་པའི་སྤྱོད་པ་སྨྱོན་པ་ལྟ་བུ་ལོའམ་ཟླ་བ་ཅི་རིགས་པར་སྤྱད་པས་རེ་དོགས་དང་དགག་སྒྲུབ་ཀྱི་རྟོག་པ་རྩད་ནས་ཆོད་པ་དང་། ཆེད་དུ་བྱ་བ་མེད་པའི་སྤྱོད་པ་བུ་ཆུང་ལྟ་བུ་ལ་གནས་པས་ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་པར་ངེས་སོ། །དེ་ལྟར་དབང་པོ་རབ་འབྲིང་ཐ་མ་གསུམ་གྱི་སྤྱོད་པ་སྐྱོང་བའི་ཚེ། བླ་མ་ལ་མོས་གུས་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་འཆད་པ་དང་། རྟག་ཏུ་དྲན་ཤེས་བག་ཡོད་གསུམ་བརྟེན་པ་དང་། ཁྱད་པར་དུ་དབང་པོ་ཐ་མས་སྡིག་དང་མ་འདྲེས་པའི་བསོད་ནམས་བསགས་པ་ལ་ནན་ཏན་དུ་བྱ་བ་གནད་དུ་ཆེའོ། །འབྲས་བུ་ཕྱག་རྒྱ་ཆེན་པོའི་དེ་ཁོ་ན་ཉིད་བསྟན་པ་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་འབྲས་བུའོ། དང་པོ་ནི་ཆོས་གཞན་གྱི་ལུགས་ཀྱིས་ས་ལམ་གྱི་ཉམས་དང་རྟོགས་པའི་རིམ་


ZP04_Page_545
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེའི་ཡོན་ཏན་གྱི་རྟགས་མངོན་ཤེས་རྫུ་འཕྲུལ། ཕྲིན་ལས་བཞི། གྲུབ་པ་བརྒྱད། འབྱུང་བཞི་ལ་རང་དབང་ཐོབ་པ་ལ་སོགས་པ་ཡིན་ལ། ཕྱག་རྒྱ་ཆེན་པོའི་ལུགས་ཀྱི་ནི། ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་དུ་མེད་དེ་ཆིག་ཆོད་ཡིན། ཉམས་དང་རྟོགས་པའི་རིམ་པ་ངོས་བཟུང་དུ་མེད། བློ་ལས་འདས་པ་ཡིན། ཐུན་མོང་གི་རྟགས་དང་དངོས་གྲུབ་ལ་ཡོན་ཏན་དུ་མི་བལྟ་བར། ཕྱག་རྒྱ་ཆེན་པོ་སྐྱོན་ཡོན་ལས་འདས་པ་ཡིན། འོ་ན་ཕྱག་རྒྱ་ཆེན་པོ་ལ་གནས་སྐབས་ཀྱི་འབྲས་བུ་མེད་དམ་ཞེ་ན། ཕྱག་རྒྱ་ཆེན་པོ་ནི་དྲང་དོན་བསླུ་བྲིད་ཀྱི་ཆོས་མ་ཡིན་ཏེ། ངེས་དོན་ཅིག་ཆར་གྱི་ཆོས་ཡིན། གནས་སྐབས་རེ་ཤིག་གི་ལམ་མ་ཡིན་ཏེ་ཤེས་བྱ་མཐར་ཐུག་གི་ལམ་ཡིན་པས། ཐུན་མོང་གི་དངོས་གྲུབ་ཉམས་རྟོགས་རྐྱེན་སྐྱེས་གློ་བུར་བ་མི་རྟག་ཅིང་སླུ་བའི་ཆོས་ཅན་རྣམས་ལ་གནས་སྐབས་ཀྱི་འབྲས་བུའི་ཡོན་ཏན་དུ་མི་འཛིན་ལ། ཕྱག་རྒྱ་ཆེན་པོའི་གནས་སྐབས་ཀྱི་འབྲས་བུའི་ཡོན་ཏན་ནི་ཕྱག་རྒྱ་ཆེན་པོ་ལ་ལྟ་ཡུལ་ལྟ་མཁན་རྟོགས་པ་གསུམ་མེད་པར་ཐག་ཆོད་པས་ཞེ་འདོད་ཀྱི་ཕྱོགས་རིས་དང་བྲལ་བའི་ངང་ན་བློ་བདེ། སྒོམ་ཡུལ་སྒོམ་མཁན་སྒོམ་པ་གསུམ་མེད་པར་ཐག་ཆོད་པས་བློ་བྱས་དམིགས་པ་དང་བྲལ་བའི་ངང་ན་བློ་བདེ། སྤྱོད་བྱ་སྤྱོད་བྱེད་སྤྱོད་པ་


ZP04_Page_546
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མེད་པར་ཐག་ཆོད་པས་བྱ་རྩོལ་བླང་དོར་དང་བྲལ་བའི་ངང་ན་བློ་བདེ། ཉམས་རྟོགས་དངོས་གྲུབ་ཐོབ་བྱ་ཐོབ་བྱེད་ཐོབ་པ་གསུམ་མེད་པར་ཐག་ཆོད་པས། རེ་དོགས་ང་རྒྱལ་སྒྱིང་ལུགས་མེད་པའི་ངང་ན་བློ་བདེ། དེ་ཡང་ཆོས་ཐམས་ཅད་ཡེ་མེད་ཡེ་སྟོང་ཡེ་ནས་བདེ་བ་ཆེན་པོའི་དོན་རྟོགས་པས། བློ་བདེ་ཆེན་པོ་རྒྱུད་ལ་ཤར་བ་ནི་ཕྱག་རྒྱ་ཆེན་པོའི་གནས་སྐབས་ཀྱི་འབྲས་བུའོ། །དེ་ལྟ་བུའི་རྣལ་འབྱོར་པ་ལ་ཕྱི་ནང་གསང་བའི་རྟགས་ཐུན་མོང་མ་ཡིན་པ་འབྱུང་སྟེ། ཕྱི་སྣང་བ་ལ་ཆགས་ཞེན་གྱི་རྒྱ་མདུད་གྲོལ་བའི་རྟག་དགྲ་དང་བུ། གསེར་དང་བོང་བ་མཉམ། ནང་བདག་འཛིན་གྱི་རྟོད་ཕུར་ཐོན་པའི་རྟགས་སུ། རྐྱེན་གྱིས་ཉོན་མོངས་པ་མི་སློང་། གསང་བ་དེ་ཁོ་ན་ཉིད་ཀྱི་རྒྱ་ལས་ཐར་པའི་རྟགས་སུ་གྲུབ་པའི་མཐའ་དང་བྲལ་བའོ། །དེ་ལས་གཞན་པའི་ཐུན་མོང་གི་ཡོན་ཏན་གྱི་རྟགས་རྣམས་ནི། བདུད་དང་མུ་སྟེགས་དང་ལྷ་མ་སྲིན་སྡེ་བརྒྱད་དང་། ཡི་དྭགས་དང་བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། དུད་འགྲོ་ཁ་ཅིག་ལ་ཡང་ཡོད་དེ། དེ་དག་ལས་ཀྱི་རྐྱེན་ལས་བྱུང་བས། འདུས་བྱས་གློ་བུར་བ་མི་རྟག་བསླུ་བའི་ཆོས་ཅན་ཡིན་ལ། གལ་ཏེ་སྒྲུབ་པ་པོ་ལ་ཐུན་མོང་གི་ཉམས་རྟགས་འགའ་ཞིག་བྱུང་བ་ལ་དགའ་ཞིང་ང་རྒྱལ་སྐྱེས་ན་བདུད་ཀྱི་དབང་དུ་འགྲོ་


ZP04_Page_547
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་པས་ཉམས་རྟོགས་ལ་རེ་འདོད་མི་བྱེད་ཅིང་ཡོན་ཏན་ཅི་ཤར་ཡང་རྩིས་མེད་བྱུང་རྒྱལ། སྐྱོན་ཅི་བྱུང་ཡང་རྩིས་མེད་བྱུང་རྒྱལ་དུ་བསྐྱངས་བ་ནི་གདམས་ངག་དམ་པ་ཡིན་པས་ཤེས་པར་བྱའོ། །དེ་བས་ན་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་ནི། དངོས་འཛིན་དང་བྲལ་ཞིང་ཉམས་རྟོགས་མེད་པའོ། །ཡོན་ཏན་ནི་སྐྱོན་ཐམས་ཅད་དང་བྲལ་ཞིང་ང་རྒྱལ་མེད་པའོ། །ལམ་རྟགས་ནི་ཉོན་མོངས་པ་ཐམས་ཅད་ཞི་ཞིང་འཛིན་ཆགས་མེད་པའོ། །དངོས་གྲུབ་ནི་ཞེ་འདོད་ཐམས་ཅད་དང་བྲལ་ཞིང་རེ་དོག་མེད་པའོ། །ནུས་པ་ནི་སེམས་ལ་དབང་ཐོབ་ཅིང་སྣང་བ་ཟིལ་གྱིས་གནོན་ནུས་པའོ། །མཐར་ཐུག་གི་འབྲས་བུ་ནི་ཆོས་གཞན་གྱི་ལུགས་ཀྱིས་སངས་རྒྱས་སྐུ་གསུམ་ཡེ་ཤེས་བཞིའམ་སྐུ་ལྔ་ཡེ་ཤེས་ལྔར་འདོད། དེ་ཡང་ཆོས་སྐུ་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཡང་དག་པའི་ཡེ་ཤེས་སོ། །སྐུ་དང་ཡེ་ཤེས་གཞན་ཐམས་ཅད་འཆར་བའི་གཞིའམ་རྟེན་ནམ་ལུས་སུ་གྱུར་པས་དོན་དམ་དུ་འདོད་ལ། སྐུ་དང་ཡེ་ཤེས་གཞན་ཐམས་ཅད་ནི་གཞན་སྣང་ཀུན་རྫོབ་བཏགས་པ་ཙམ་དུ་འདོད། ཕྱག་རྒྱ་ཆེན་པོའི་དགོངས་པས་ཆོས་ཀྱི་སྐུ་ཞེས་བྱ་བ་ནི། ཡོད་མེད་ཅིར་ཡང་མ་གྲུབ་པ་མཚོན་པའི་ཚིག་ཡིན་ཏེ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཚིག་དེ་ཡང་ལམ་པའི་བློ་བརྟགས་ཀུན་རྫོབ་མིང་ཙམ་ཡིན་ལ། མིང་སྟོང་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཆར་བའི་གཞིའམ། རྟེན་ནམ། ལུས་སམ་སྐུའི་རྣམ་པ་རྡུལ་ཙམ་ཡང་གྲུབ་པ་མེད་པའི་ཕྱིར། མིང་སྟོང་དེ་ལ་རྒྱུ་འབྲས་


ZP04_Page_548
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐ་སྙད་མེད་ལ། དེ་ལྟར་རྟོགས་པའི་ཤེས་རབ་དེ་ནི་ལམ་དུས་ཀྱི་ལྟ་བ་ཡིན་པའི་ཕྱིར་མཐར་ཐུག་གི་འབྲས་བུ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་མིང་ཙམ་སྟེ། མིང་སྟོང་དེ་ལ་ཤེས་བྱ་དང་ཤེས་བྱེད་གཉིས་མེད་པས་ཤེས་མ་ཤེས་གཉིས་ཀྱི་ཐ་སྙད་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་ཡང་ལམ་པའི་བློ་བརྟགས་ཀུན་རྫོབ་ཡིན་ལ། ཡུལ་ཆོས་ཀྱི་དབྱིངས་ཤེས་ཤིང་རིག་པའི་ཡེ་ཤེས་དེ་ནི་ལམ་དུས་ཀྱི་ལྟ་བ་ཡིན་པའི་ཕྱིར་མཐར་ཐུག་གི་འབྲས་བུ་མ་ཡིན་ནོ། །སྐུ་དང་ཡེ་ཤེས་ཐམས་ཅད་ནི་གཞན་སྣང་ཀུན་རྫོབ་བཏགས་པ་ཙམ་དུ་གཞན་དང་མཐུན་ནོ། །དེས་ན་ཕྱག་རྒྱ་ཆེན་པོ་ལ་སྐུ་ལྔ་ཡེ་ཤེས་ལྔ་ལྡན་གྱི་འབྲས་བུ་བཟང་བཟང་པོ་གཅིག་ལོགས་ནས་ཐོབ་རྒྱུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕྱག་རྒྱ་ཆེན་པོའི་གཞི་རྟོགས་སུ་མེད་པས་གཞི་བློ་ལས་འདས། ལམ་ཡིད་ལ་བྱར་མེད་པས་ལམ་བློ༴ །འབྲས་བུ་སྤང་ཐོབ་མེད་པས་འབྲས་བུ་བློ༴ །བློ་འདས་ཀྱི་དོན་ཁོང་དུ་ཆུད་པ་ལ་གོམས་འདྲིས་རྩེ་གཅིག་ཏུ་བྱས་པས་གོམས་པ་ཀློང་དུ་གྱུར་ཏེ། དྲན་རིག་གཞི་ལ་དག་པས་འབྲས་བུ་བློ་བུར་གྱི་འཁྲུལ་པ་སངས་པས། ཡེ་ནས་གནས་པའི་ཆོས་ཉིད་བློ་འདས་ཕྱོགས་མེད་དུ་རྒྱས་པ་ནི་མཐར་ཐུག་གི་འབྲས་བུ་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་སྒྲོ་བཏགས་པ་ཙམ་མོ། །འོ་ན་


ZP04_Page_549
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དོན་གྱི་ཕྲིན་ལས་མི་འབྱུང་ངམ་ཞེ་ན། ཕྱག་རྒྱ་ཆེན་པོའི་གནས་ལུགས་ལ། བདག་མེད། སེམས་ཅན་མེད། གང་ཟག་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད། ཕྱག་རྒྱ་ཆེན་པོའི་ངང་དུ་བློ་གྲོལ་ཅན། བདག་དོན་གཞན་དོན་དུས་གཅིག་རྫོགས། འཁོར་བ་དོང་ནས་སྤྲུགས་པས་གཞན་དོན་བྱ་རྒྱུ་དང་བྱེད་མཁན་བློ་ལས་འདས་པའོ། །འོན་ཀྱང་སྔར་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སྒྱུ་མ་ཙམ་གྱི་སེམས་ཅན་ཕྱག་རྒྱ་ཆེན་པོའི་དོན་མ་རྟོགས་པ་རྣམས་ལ་གང་ལ་གང་འདུལ་གྱི་སྐུ་དང་། གསུང་དང་། ཐུགས་ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་སྣང་བས་འགྲོ་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་བཞིན་དུ་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་འགྲོ་དོན་འབད་མེད་ལྷུན་གྲུབ་ཏུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་བཞིན་དུ་ཇི་སྲིད་ནམ་མཁའ་གནས་ཀྱི་བར་དུ་འགྲོ་དོན་རྒྱུན་ཆད་མེད་པར་འབྱུང་བ་ལྟར་སྣང་སྟེ། དེ་ཡང་འཛིན་པའི་ཐ་སྙད་ཀུན་རྫོབ་ཙམ་ལས་དོན་དམ་པར་ནི་མ་ཡིན་ནོ། སངས་རྒྱས་ཀྱི་སར་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཡོད་པར་འདོད་པ་དང་། ཡེ་ཤེས་རྒྱུན་ཆད་ནས་མེད་པར་འདོད་པ་གཉིས་ཀ་ལོག་རྟོག་ཡིན་ཏེ། གཞི་ཇི་ལྟར་གནས་པའི་གནས་ལུགས་ཀྱི་དུས་ན་ཡོད་མེད་བདེན་རྫུན་རྟག་ཆད་ཀྱི་མུ་མཐའ་དང་ཕྱོགས་རིས་གང་དུ་ཡང་རྒྱ་མ་ཆད་བློ་ལས་འདས་ཤིང་ཡིད་ལ་བྱར་མེད་པ་དང་། དེ་ཉིད་


ZP04_Page_550
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བུར་གྱི་དྲི་མ་དང་བྲལ་ཏེ་རྟོག་པའི་ཉམས་ཀྱི་དྲི་མ་ཕྲ་མོ་ཐམས་ཅད་གཞི་ལ་དག་ཅིང་། རྣམ་ཤེས་དང་ཡེ་ཤེས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡལ། རྐྱེན་གསུམ་དང་བྲལ་བའི་ཆོས་ཉིད་ལ་རང་རྒྱུད་ཀྱི་ཡེ་ཤེས་ཡོད་མེད་དང་མཉམ་རྗེས་ཡོད་མེད་ལ་སོགས་པའི་མུ་མཐའི་ཕྱོགས་རིས་གང་ཡང་སྨྲ་བསམ་བརྗོད་དུ་མེད་པའི་ཕྱིར་རོ། །དེ་ལྟར་ཤེས་བྱའི་གནས་ལུགས་ཕྱག་རྒྱ་ཆེན་པོ་བློ་འདས་དེ་ཉིད་གནས་སྐབས་ཀྱི་རྐྱེན་གྱིས་ལྡོག་པས་གཞི་ལམ་འབྲས་བུ་གསུམ་དུ་བསྟན་པ་དེ་ཡང་གཅིག་གི་སྟེང་དུ་ལ་བཟླ་བ་ནི། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ནི་གཞིའི་ཆོས་སུ་རོ་གཅིག་གོ། །དེ་ཅིའི་ཕྱིར་ཞེ་ན། གཞི་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གཞན་སྐད་ཅིག་རྡུལ་ཙམ་ཡང་གྲུབ་པ་མེད་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་ཆོ་འཕྲུལ་ལས་མ་འདས་པའི་ཕྱིར་རོ། །ལམ་དང་འབྲས་བུ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རྒྱ་ལས་མ་འདས་ཤིང་ཆོས་ཀྱི་དབྱིངས་ཀྱི་ཆོ་འཕྲུལ་མ་གཏོགས་པ་གཞན་ལོག་ན་རང་རྒྱུད་པ་སྐད་ཅིག་རྡུལ་ཙམ་ཡང་གྲུབ་པ་མེད་དོ། །མདོར་ན་གཞི་ལམ་འབྲས་གསུམ་དུ་འདོགས་མཁན་གྱི་བློའམ་རྣམ་ཤེས་དང་དེ་གསུམ་གྱི་དོན་རྟོགས་པའི་ཡེ་ཤེས་དེ་ཡང་ཆོས་ཀྱི་དབྱིངས་ཀྱི་རྒྱ་ལས་མ་འདས་པའི་ཕྱིར་ན། གཞི་ལམ་


ZP04_Page_551
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་བསྡུས་པའི་ཆོས་ཐམས་ཅད་ནི་གཞིའི་ཆོས་ཡིན་པར་ཁོ་ཐག་ཆོད་ཅིག །ཡང་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ནི་ལམ་གྱི་ཆོས་སུ་རོ་གཅིག་གོ། །དེ་ཅིའི་ཕྱིར་ཞེ་ན། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་གང་ཟག་ལམ་པའི་བློ་ལ་ཤར། བློས་བཏགས་པ་ཡིན་ལ། གཞི་འབྲས་གཉིས་ལ་གཞི་ལམ་འབྲས་བུའི་ཐ་སྙད་བརྗོད་དུ་མེད་ཅིང་བརྗོད་མཁན་མེད་པའི་ཕྱིར། གཞི་ལམ་འབྲས་བུའི་བསྡུས་པའི་ཆོས་ཐམས་ཅད་ནི་ལམ་གྱི་ཆོས་ཡིན་པར་ཁོ་ཐག་ཆོད་ཅིག །ཡང་གཞི་ལམ་འབྲས་བུའི་བསྡུས་པའི་ཆོས་ཐམས་ཅད་འབྲས་བུའི་ཆོས་སུ་རོ་གཅིག་གོ། །དེ་ཅིའི་ཕྱིར༴ འཁོར་བའི་བདེ་སྡུག་དང་མྱ་ངན་ལས་འདས་པའི་ཡོན་ཏན་གྱི་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཐུགས་རྗེ། སངས་རྒྱས་ཀྱི་ཡོན་ཏན་སངས་རྒྱས་ཀྱི་དབྱིངས། །སངས་རྒྱས་ཀྱི་རྣམ་འཕྲུལ། སངས་རྒྱས་ཀྱི་བསྟན་པ། སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་ཡིན་པའི་ཕྱིར། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ནི་འབྲས་བུའི་ཆོས་ཡིན་པར་ཁོ་ཐག་ཆོད་ཅིག་དེ་ལྟ་བུའི་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀྱང་མིང་ཙམ་དུ་ཁོ་ཐག་ཆོད་ཅིགམིང་ཙམ་ལ་དོན་ཡེ་ནས་མེད་པར་ཁོ༴ །ཡེ་ནས་མེད་པ་དེ་ཡོད་མེད་གང་དུའང་མ་གྲུབ་པར་ཁོ༴ །ཡོད་


ZP04_Page_552
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གང་དུ་མ་གྲུབ་པ་དེ་མཚོན་དུ་མེད་པར༴ །མཚོན་དུ་མེད་པ་དེ་རྟོགས་སུ་མེད་ཅིང་ཡིད་ལ་བྱར་མེད་པར༴ །ཡིད་ལ་བྱར་མེད་པ་དེ་བློ་ལས་འདས་ཤིང་བློ་རང་ཡང་མེད་པར་ཁོ༴ །ཁོ་ཐག་ཆོད་མཁན་རང་ཡང་ཡེ་ནས་མེད་པར་ཁོ་ཐག་ཆོད་ཅིག །ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆར་གྱི་མན་ངག་གོ། །འཁོར་འདས་བདེ་སྡུག་སྣ་ཚོགས་ཉམས་མྱོང་བ། །སྤྲུལ་པའམ་རི་དྭགས་སྨིག་རྒྱུའི་ཆུ་དང་འདྲ། ༈ ལམ་དེའི་གོལ་ས་གཅོད་ཚུལ་མདོར་བསྡུ་ན། དེ་ཡང་ལྟ་སྒོམ་སྤྱོད་པའི་གོལ་ས་གསུམ་མོ། །དང་པོ་ལ་བཞི་སྟེ། མ་རྟོགས་པ་ནི་སེམས་ཅན་སྤྱིའོ། །ལོག་པར་རྟོག་པ་ནི་ཕྱི་རོལ་མུ་སྟེགས་པའོ། །ཕྱོགས་ཙམ་ལས་མ་རྟོགས་པ་ནི་ཉན་རང་ནས་བཟུང་ཐེག་ཆེན་སེམས་ཙམ་པ་མན་ཆད་དོ། །རང་ལྟ་མཆོག་ཏུ་འཛིན་པ་ནི་ཐེག་ཆེན་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་མཐར་ཐུག་པ་དབུ་མ་པ་དང་། ཐེག་ཆེན་གསང་སྔགས་ཀྱི་ལྟ་བ་གཉིས་སོ། །དབུ་མ་རབ་ཏུ་མི་གནས་པས་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དོན་སྤྱིའི་རྟོགས་པ་ཙམ་གྱི་ལྟ་བ་དེ་ཡང་རྣལ་འབྱོར་པས་ཉམས་སུ་མྱོང་བའི་ལྟ་བ་དང་གཉིས་ཀ་རྒྱབ་འགལ་དུ་ཡོད་པས་ཤེས་བྱ་གཉིས་ཀྱི་གོལ་ས་ཆེན་པོ་ཡིན་ཅིང་ཁྱད་པར་དུ་དེ་ཙམ་ལ་མཆོག་འཛིན་དང་རློམ་སེམས་སུ་བྱེད་ན་ཤེར་ཕྱིན་གྱི་གཟུགས་


ZP04_Page_553
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཙམ་མོ། །དེ་དག་ལས་སེམས་ཙམ་ལན་ཆད་ནི་དངོས་སྨྲའི་གྲུབ་མཐའ་ཡིན་ཞིང་དབུ་མ་ཆེན་པོའང་སྟོང་པ་ཕྱོགས་གཅིག་ཏུ་ཞེན་པས་ཕྱག་རྒྱ་ཆེན་པོའི་གོལ་ས་ཡིན། བྱ་སྤྱོད་རྣལ་འབྱོར་གསུམ་གྱི་ལྟ་བ་རེ་དོགས་དགག་སྒྲུབ་གཟུང་འཛིན་གྱི་རྣམ་རྟོག་ལས་མ་འདས་པས་དེ་རྣམས་ལ་མཆོག་ཏུ་ཞེན་ན་གནས་ལུགས་སྤྲོས་བྲལ་ཆེན་པོའི་གོལ་ས་ཡིན། རྣལ་འབྱོར་བླ་མེད་རྒྱུད་ཀྱི་ལྟ་བ་དོན་དམ་ཆོས་དབྱིངས་སྤྲོས་བྲལ་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བདེ་སྟོང་སྤྲོས་བྲལ་དུ་གནས་པ་དེ་ཉིད་ཐབས་ཐུགས་རྗེ་འགགས་པ་མེད་པའི་རྟགས་སུ་རྒྱལ་བ་རིགས་དྲུག་གམ་རིགས་བརྒྱའི་དཀྱིལ་འཁོར་དུ་སྣང་སྟེ། དེ་ཡང་ལྷ་ཡེ་ཤེས་སེམས་དཔའ་དང་བདག་དམ་ཚིག་སེམས་དཔའ་གཉིས་སུ་མེད་པའི་བསྐྱེད་རྫོགས་ཟུང་འཇུག་ཏུ་སྒོམ་པས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་འདོད་པ་དེ་ཡང་བློས་བྱས་ཡིད་ལ་བྱེད་པའི་ལྟ་སྒོམ་ལས་མ་འདས་པས་དེ་ཉིད་ལ་མཆོག་ཏུ་འཛིན་ཅིང་དམ་པར་ལྟ་ན། གནས་ལུགས་ཕྱག་རྒྱ་ཆེན་པོ་བློ་འདས་ཡིད་ལ་བྱར་མེད་པའི་གོལ་སའོ། །མདོར་ན་གང་ལའང་མཆོག་ཏུ་འཛིན་ཅིང་ཞེན་པ་གོལ་ས་སྟེ། ཐ་ན་བློ་འདས་ཡིད་ལ་བྱར་མེད་པ་ལ་མཆོག་ཏུ་འཛིན་ནའང་དེ་ཁོ་ན་ཉིད་ལས་གོལ་བ་ཡིན་ཏེ། དོ་ཧ་ལས། །


ZP04_Page_554
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ཡིད་དུ་འོང་བ་སྙམ་པའི་སེམས། །སྙིང་ལ་གཅེས་པར་འཛིན་པར་བྱས་ན་ནི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམ་ཞིག་སྡུག་བསྔལ་འབའ་ཞིག་བསྐྱེད་པར་འགྱུར། །ཞེས་གསུངས་སོ། །དེས་ན་ལྟ་བའི་མཐར་ཐུག་ནི་ལྟ་བྱ་ལྟ་བྱེད་མེད། རྟོགས་བྱ་རྟོགས་བྱེད་མེད་པ་ཐག་ཆོད་ཅིང་དེ་ཁོ་ན་ཉིད་ཀྱི་ཞེ་འདོད་འཛིན་པ་དང་བྲལ་བའོ། །གཉིས་པ་སྒོམ་པའི་གོལ་ས་ལ་བཞི་སྟེ། །མཚན་བཅས་ཀྱི་སྒོམ་པ་ལ་ཞེན་པ་ནི། བདག་མེད་ཀྱི་དོན་མ་རྟོགས་པར་ཕྱི་བསྐྱེད་པའི་རིམ་པ་ལ་ཞེན་ཅིང་སྒོམ་པ་དང་། ནང་རྩ་རླུང་ཐིག་ལེའི་བདེ་བ་བསྒོམ་ཞིང་ཞེན་པ་ནི་འདོད་པའི་ལྷར་གོལ་བའོ། །དེ་ཡང་ཞེ་སྡང་གི་ཀུན་ནས་བསླང་ནས་ཁྲོ་བོ་རང་རྒྱུད་པར་སྒོམ་ན། རུ་ཏྲ་དང་སྲིན་པོར་གོལ། གཏི་མུག་གིས་ཀུན་ནས་སླང་ནས་ཞི་བ་སྒོམས་ན་ཀླུར་གོལ། འདོད་ཆགས་ཀྱིས་ཀུན་ནས་སླངས་ནས་ཞི་ཁྲོ་རང་རྒྱུད་པར་སྒོམ་ནམ་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་གོལ་བའོ། །མཚན་མེད་ཀྱི་སྒོམ་པ་ལ་ཞེན་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་ཞིང་ནམ་མཁའ་དང་གཉིས་སུ་མེད་པར་སྒོམས་པ་ལ་ཞེན་པ་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་གོལ། ཆོས་ཐམས་ཅད་རང་གི་རྣམ་པར་ཤེས་པ་ཙམ་དེ་ཡང་ངོས་བཟུང་མེད་པར་སྒོམ་ཞིང་ཞེན་པ་དེ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་གོལ། ཆོས་


ZP04_Page_555
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཅི་ཡང་མེད་པར་སྒོམ་ཞིང་ཞེན་པ་ནི་ཅི་ཡང་མེད་པའི་སྐྱེ་མཆེད་དུ་གོལ། །ཆོས་ཐམས་ཅད་སྣང་སྟོང་ཡོད་མེད་གང་དུའང་མ་གྲུབ་པར་སྒོམ་ཞིང་ཞེན་པ་ནི་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་གོལ། བདག་མེད་ཀྱི་དོན་མ་རིག་པར་ཚོགས་དྲུག་གི་འགྱུ་བ་བཀག་ནས་མི་རྟོག་པ་འབའ་ཞིག་སྒོམ་པ་ནི་འདུ་ཤེས་མེད་པའི་ལྷར་གོལ། གང་ཟག་གི་བདག་མེད་ཙམ་ཞིག་རྟོགས་ཤིང་ཚོགས་དྲུག་གི་འགྱུ་བ་བཀག་ནས་རྣམ་པར་མི་རྟོག་པ་སྒོམ་པ་ནི་ཉན་ཐོས་འགོགས་པར་གོལ། ཟུང་འཇུག་སྒོམ་པ་ལ་ཞེན་པ་ནི། ཕྱི་བསྐྱེད་པའི་རིམ་པ་སྣང་སྟོང་སྒྱུ་མ་ལྟ་བུར་སྒོམ་ཞིང་ཞེན་པ་དང་། ནང་གི་གསལ་སྟོང་རིག་པ་སྒྱུ་མ་ལྟ་བུར་བསྒོམ་ཞིང་ཞེན་པ་ནི་གཟུགས་ཁམས་ཀྱི་ལྷར་གོལ་ཏེ། དེ་ཡང་ལུས་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུ་དང་། སེམས་གསལ་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུ་ལ་ཞེན་འཛིན་དེང་བཅས་པས་སྒོམ་ཞིང་དེ་ཡང་རྟོག་དཔྱོད་དགའ་བ་དེ་ཡོད་མེད་ཀྱི་རིམ་པས་འབྲས་བུ་གཟུགས་ཁམས་བསམ་གཏན་བཞིའི་ལྷར་གོལ་བའོ། །བཏང་སྙོམས་གྱི་སྒོམ་ལ་ཞེན་པ་ནི། ཤེས་བྱའི་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་མ་ཤར་བར། དོན་ལ་སྒོམ་རྒྱུ་རྡུལ་ཙམ་མེད་ཐ་མལ་བཏང་སྙོམས་གྱི་ནར་གནས་པ་འདི་ཀ་ཆོས་སྐུ་ཡིན་ཟེར་ནས། ཚིག་ཙམ་གྱི་ལྟ་བ་ལ་


ZP04_Page_556
[མ་དཔེ་གཟིགས་ན་འདིར་གནོན།]

གདེང་དུ་བྱས་ནས་མཚན་བཅས་དང་མཚན་མེད་དང་ཟུང་འཇུག་གི་དམིགས་པ་ཐམས་ཅད་ཁྱད་དུ་བསད་ནས་སྒོམ་མེད་བཏང་སྙོམས་ལ་མཆོག་ཏུ་འཛིན་པ་ནི་ལུང་མ་བསྟན་དུ་གོལ་བའོ། །གལ་ཏེ་དེས་ལས་རྒྱུ་འབྲས་ཁྱད་དུ་བསད་ན་ངན་སོང་དུ་གོལ་ལོ། །དེ་ལས་གཞན་པའི་རྐྱེན་གྱི་དབང་གིས་ཁམས་གསུམ་ངེས་མེད་དུ་གོལ་ལོ། །ཡང་གནས་ལུགས་དེ་ངོ་ཤེས་པས་ཆོག་སྒོམ་མི་དགོས་སྒོམ་རྒྱུ་མེད་སྙམ་ནས་སྒོ་གསུམ་ཐ་མལ་དུ་བཞག་ཅིང་ཡེ་མ་སྒོམ་པས་དངོས་པོའི་ཞེན་པ་མ་ལོག་ཅིང་ཉོན་མོངས་པ་རྒྱས་ན་ངན་སོང་དུ་གོལ་ལོ། །མདོར་ན་ལྟ་བ་ཕྱིན་ཅི་མ་ལོག་པ་ཅིག་མ་རྟོགས་ན་མཚན་བཅས་ཀྱི་དམིགས་པ་དང་། མཚན་མེད་དང་ཟུང་འཇུག་དང་བཏང་སྙོམས་ལ་མཆོག་ཏུ་ཞེན་པས་ཡིད་ལ་བྱེད་པའི་སྒོམ་པས་ནི་འབྲས་བུ་ཁམས་གསུམ་ལས་མི་འདའ་སྟེ། ཡུམ་ལས། །ཡིད་ལ་བྱེད་པ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི༴ །གཟུགས་མེད་པའི་ཁམས་སུ་འདྲེ་བར་འགྱུར་རོ། །ཡིད་ལ་མི་བྱེད་པ་ནི་གང་དུ་ཡང་འདྲེ་བར་མི་འགྱུར་རོ། །ཞེས་དང་། ཡང་དེ་ཉིད་ལས། གང་ལ་དམིགས་པ་ནི་འཁོར་བའོ། དམིགས་པ་མེད་པ་ནི་མྱ་ངན་ལས་འདས་པའོ། །ཞེས་སོ། །དོ་ཧ་ལས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་པ་ཐམས་ཅད་དེ་ཡིན་ཏེ། །དེ་


ZP04_Page_557
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། ཅེས་གསུངས་སོ། །དེ་བས་ན་རྟོགས་པའི་རྣལ་འབྱོར་པས་མཚན་བཅས་དང་མཚན་མེད་ཟུང་འཇུག་བཏང་སྙོམས་གང་སྒོམ་ཀྱང་དེ་ཉིད་མཆོག་ཏུ་མི་འཛིན་ཅིང་ཞེན་པ་མེད་ལ་དེ་ཐམས་ཅད་དངོས་འཛིན་གྱི་བག་ཆགས་སྦྱོངས་བའི་ཐབས་ཀྱི་ཡན་ལག་ཏུ་ཆེ་ཞིང་ལམ་བགྲོད་པའི་རྟགས་སུ་བཟུང་ངོ་། །གསུམ་པ་སྤྱོད་པའི་གོལ་ས་བཞི་ལས། བྱར་མེད་ཐ་མལ་དུ་གོལ་བ་ནི། འཁོར་འདས་ཀྱི་ཆོས་ཐམ་ཅད་ཡེ་ནས་སྟོང་པ་ཆོས་སྐུ་ཡིན་པས་དེ་ངོ་ཤེས་པས་ཆོག །ཆེད་དུ་བྱ་རྒྱུ་ཅིའང་མེད་སྙམ་ནས་ཐབས་ཀྱི་ཆོས་སྤྱོད་ཐམས་ཅད་ཁྱད་དུ་བསད་ནས་ཐ་མལ་དུ་སྡོད་པ་ནི་ཚོགས་མ་བསགས་པའི་དབང་གིས་ཇེ་ངན་དུ་མི་ཁོམ་པར་སྐྱེའོ། །ངག་ཐོ་ཅོར་གོལ་བ་ནི། སྟོང་པ་བདག་མེད་ཀྱི་དོན་ཅུང་ཟད་རྟོགས་པས་ཡིན་མིན་ལེགས་ཉེས་དགའ་མི་དགའ་ངོ་ཚ་མི་ཚ་གང་ཡང་མེད་སྙམ་ནས་ལུས་ངག་གི་སྤྱོད་པ་བག་མེད་ཅི་ཐོད་ཐོད་གཞན་མི་དད་པའི་སྤྱོད་པ་སྣ་ཚོགས་བྱེད་པ་སྟེ། དེ་ནི་གཞན་མི་དད་པའི་སྤྱོད་པ་མ་སྤངས་པས་གཅིག་པུར་གནས་པའི་ཀླུར་སྐྱེའོ། །མུ་སྟེགས་ཆད་པར་གོལ་བ་ནི། སྟོང་པ་ཉིད་ཀྱི་དོན་ཕྱོགས་ཙམ་གོ་ནས་ཚེ་སྔ་ཕྱི་དང་ལས་དགེ་སྡིག་གི་རྒྱུ་འབྲས་ཐམས་ཅད་མིང་ཙམ་ཡིན། དོན་ལ་གྲུབ་པ་མེད་


ZP04_Page_558
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ནས་སྡིག་པ་མི་དགེ་བ་དང་ཉེས་ལྟུང་ཐམས་ཅད་ཁྱད་དུ་བསད་ནས་སྤྱོད་པ་ཅི་ཐོད་ཐོད་བྱེད་པ་ནི་ཤི་མ་ཐག་ཏུ་མནར་མེད་དུ་སྐྱེའོ། །ཉན་ཐོས་རང་རྒྱལ་དུ་གོལ་བ་ནི། བདག་མེད་ཀྱི་དོན་ཕྱོགས་ཙམ་རྟོགས་པས། །བདག་ཀྱང་མེད་ལ་སེམས་ཅན་ཡང་མེད་པས་སེམས་ཅན་གྱི་དོན་བྱ་རྒྱུ་མེད་སྙམ་ནས་ཁྱད་དུ་གསོད་པ་དང་། དངོས་སམ་བརྒྱུད་ནས་སྒྱུ་མ་ཙམ་གྱི་གཞན་ཕན་བྱང་ཆུབ་ཀྱི་སེམས་ཁྱད་དུ་གསོད་པ་དང་། སངས་རྒྱས་རང་སེམས་སུ་འདུག་པས་བླ་མ་ལ་རག་ལས་པ་ཅི་ཡང་མི་འདུག་སྙམ་ནས་བླ་མའི་མོས་གུས་གཡེལ་དུ་སོང་བ་ཡིན་ནོ། །དེས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་བདག་མེད་པ་ཡིན་ཡང་བློ་དབྱིངས་སུ་མ་ཡལ་བར་དུ་ཀུན་རྫོབ་སྒྱུ་མ་ཙམ་གྱི་ཆོས་ཐམས་ཅད་ཁྱད་དུ་བསད་མི་རུང་སྟེ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་བཟང་ངན་ལས་འབྲས་བུ་བདེ་སྡུག་སྣ་ཚོགས་འབྱུང་བ་ཡིན་པས་སངས་རྒྱས་ཀྱི་རྒྱུའམ་ངོ་བོ་ཉིད་ནི་ཆོས་ཉིད་སྟོང་པ་ཉིད་ཡིན་ཀྱང་། དེ་ཉིད་མ་རྟོགས་པ་རྟོགས་པར་བྱེད་པ་དང་རྟོགས་པ་རྒྱུད་ལ་བརྟན་པར་བྱེད་པ་དང་། བརྟན་པ་གོང་དུ་བོགས་འདོན་པར་བྱེད་པའི་རྐྱེན་ནི་ཐབས་སྙིང་རྗེའི་ཚོགས་བསགས་དང་བླ་མའི་མོས་གུས་ཁོ་ན་ཡིན། དེས་ན་སངས་རྒྱས་ཀྱི་ངོ་བོ་རྒྱུ་རང་ལ་རང་ཆས་སུ་ཡོད་པ་དེ་ཉིད་རྐྱེན་


ZP04_Page_559
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་དང་མོས་གུས་ཀྱི་ཚོགས་བསགས་པའི་སྟོབས་ཀྱིས་རྒྱུའི་ནུས་པ་དངོས་སུ་འབྱིན་པའོ། །སྡུད་པ་ལས། །ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་བར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །རིམ་གྱིས་དཀར་པོའི་ཡོན་ཏན་རྫོགས་པས་སངས་རྒྱས་འགྱུར། ཅེས་དང་། དོ་ཧ་ལས། དངོས་གྲུབ་ཀུན་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ཏེ། །ཞེས་སོ། །མདོར་ན་ཕྱིའི་སྤྱོད་པ་གྲོགས་དང་མི་མཐུན་ན་གོལ་བ་ཡིན། །ནང་གི་སྤྱོད་པ་དུས་དང་མི་མཐུན་ན་གོལ་བ་ཡིན། །གསང་བའི་སྤྱོད་པ་ཉམས་དང་མི་མཐུན་ན་གོལ་བ་ཡིན་ལ། དེ་ལས་བཟློག་པ་ནི་ཡང་དག་པའོ། །ཀྱེ་དགོངས་ཤིག་གྲོགས་པོ་དམ་པ་ཀུན། །བློ་ཡིས་བྱས་པའི་གོ་བ་ལ། །མཐར་ཐུག་ཡིན་ནོ་སྙམ་ན་གོལ། །དོན་དམ་ཆོས་ཉིད་བློ་འདས་ལ། །ཆད་ལྟ་ཡིན་ནོ་སྙམ་ན༴ །བདེ་གསལ་མི་རྟོགས་ཉམས་མྱོང་ལ། །ཆོས་སྐུ་ཡིན་ནོ༴ །ཡིད་ལ་བྱས་པའི་དམིགས་པ་ལ། །འོད་གསལ་ཡིན་ནོ༴ །མ་བཞག་རང་གནས་ཡེ་ཤེས་ལ། །ཡེངས་པ་ཡིན་ནོ༴ །ཁྱད་གསོད་བཅོས་མའི་སྤྱོད་པ་ལ། །འཁྲུལ་ཞིག་ཡིན་ནོ་སྙམ་ན། ཆགས་མེད་སྤྱོད་པ་རྩིས་མེད་ལ། །ཉེས་ལྟུང་ཕོག་གོ་སྙམ་ན༴ །སྙིང་རྗེའི་ཐབས་ཀྱི་སྤྱོད་པ་ལ། །དམན་པ་ཡིན་ནོ་སྙམ༴ །གདེང་


ZP04_Page_560
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རོ་སྙོམས་སྤྱོད་པ་ལ། །ལོགས་སྤྱོད་ཡིན་ནོ༴ །གདེང་མེད་ཐོ་ཅོ་བྱེད་པ་ལ། །བརྟུལ་ཞུགས་ཡིན་ནོ༴ །འདོད་ལྡན་གཞན་དོན་སྤྱོད་པ་ལ། །བྱང་སེམས་ཡིན་ནོ༴ །དབྱེ་ན་བསམ་གྱིས་མི་ཁྱབ་སྟེ། །བསྡུ་ན་འདོད་འཛིན་གཉིས་སུ་འདུས། །འདོད་འཛིན་བདག་པོ་དངོས་མེད་རྟོགས། །འདོད་འཛིན་ཀུན་དང་བྲལ་གྱུར་ན། །གོལ་ས་བྱ་བའི་མིང་ཡང་མེད། །སྣ་ཚོགས་སེམས་ལས་ཁུ་འཁྲིག་སྐྱེས་གྱུར་ཀྱང་། །ཁུ་འཁྲིག་རང་ལ་བལྟས་པས་དངོས་མེད་རང་སར་གྲོལ། །སྔགས་ཀྱི་ཉེས་སྤྱོད་དག་ལ་འགྱོད་པའི་སེམས་བྱུང་ན། །འགྱོད་སེམས་རང་ལ་བལྟས་པས་དངོས་མེད་རང་སར་གྲོལ། །ད་ལྟའི་ཤེས་པ་ཏོལ་སྐྱེས་ཏོལ་འགགས་ལ། །དངོས་མེད་རྟོགས་པས་དུས་གསུམ་མཉམ་ཉིད་གྲོལ། །སྣ་ཚོགས་སྣང་བ་འཇིགས་དོགས་སྐྱེ་གྱུར་ཀྱང་། །སྣང་མཁན་རང་ལ་བལྟས་པས་དངོས་མེད་རང་སར་གྲོལ། བྱ་ནི་ནམ་མཁའ་དག་ལ་འགྲོ་བཞིན་དུ། །ནམ་མཁའ་དག་ལ་ཆགས་ཞེན་མེད་པར་འཕྱོ། །བུང་བས་མེ་ཏོག་བཅུད་ཀྱིས་ཚིམ་བྱེད་ཀྱང་། །མེ་ཏོག་དག་ལ་ཆགས་མེད་བཅུད་རྣམས་ལེན། །དེ་བཞིན་སྐལ་ལྡན་རྣལ་འབྱོར་སྟོང་ཉིད་ལ། །རྒྱུན་དུ་ལྷ་སྒོམ་དག་ལ་བློ་སྦྱང་ཡང་། །སྟོང་པ་ཉིད་ལ་འདོད་འཛིན་ཆགས་ཞེན་མེད། །ཡེ་ནས་


ZP04_Page_561
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཆོས་ཉིད་ཡིན་ཕྱིར་རོ། །ཇི་ལྟར་སྒྱུ་མ་སྤྲུལ་པའི་གཟུགས་མཛེས་ཀྱང་། །སྒྱུ་མ་མཁན་པོ་ཉིད་ལ་ཆགས་ཞེན་མེད། །དེ་བཞིན་འདོད་ལྔ་དབང་པོས་མངོན་གྱུར་ཀྱང་། །རྟོགས་པའི་རྣལ་འབྱོར་པ་ལ་ཆགས་ཞེན་མེད། །ཨེ་མ་སྐལ་ལྡན་གྲོགས་པོ་ཀུན། །རྒྱུ་འབྲས་ལས་ལ་འཛེམས་པ་ཡིས། །ངན་འགྲོའི་གནས་ངན་སྤོང་བར་འགྱུར། །སྨོན་འཇུག་བྱང་ཆུབ་སེམས་སྦྱངས་པས། །ཐེག་པ་དམན་པའི་ས་གཉིས་སྤོང་། །བདག་མེད་རྣམ་གཉིས་སྒོམ་པ་ཡིས། །དངོས་པོ་མཚན་མའི་ཞེན་པ་ལྡོག །ཀུན་རྫོབ་ཐབས་ཀྱི་སྐས་བརྟེན་ནས། །དོན་དམ་ཆོས་ཀྱི་ཕོ་བྲང་རྟོལ། །བསྐྱེད་རྫོགས་ཐབས་ཀྱི་ལམ་བསྒོམ་པས། །གྲངས་མེད་ལམ་རིང་མྱུར་དུ་བསྒྲོལ། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་པས། །ཐམས་ཅད་མཉམ་ཉིད་ཆེན་པོར་གྲོལ། །རྐྱེན་ངན་ལམ་གྱི་གྲོགས་ཁྱེར་བས། །བར་ཆད་ཐམས་ཅད་དངོས་གྲུབ་འགྱུར། །སྣ་ཚོགས་ལམ་གྱི་གྲོགས་གྱུར་པས། །མི་མཐུན་སྤང་བྱ་གང་ཡང་མེད། །ཞེ་འདོད་རེ་དོགས་ཀུན་བྲལ་བས། །མཐུན་པའི་བསྒྲུབ་བྱ་ཅི་ཡང་མེད། །ང་བདག་རྩད་ནས་ཐོན་པ་ཡིས། །བདུད་དང་གོལ་སའི་མིང་ཡང་མེད། །ཅེས་སོ། །བླ་མ་དམ་པ་རྣམས་ཀྱི་ཞབས་པད་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །


ZP04_Page_562
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་བརྩོན་འགྲུས་ཆེན་པོས་ལྟ་སྒོམ་ཉམས་སུ་ལེན་པའི་གང་ཟག་ལ། ཏིང་ངེ་འཛིན་གྱི་མི་མཐུན་པའི་གནས་དུ་མ་འབྱུང་ལ། །དེ་དག་སེལ་མ་ཤེས་ན་འབད་པ་དོན་མེད་པར་འགྱུར་བས། །ཏིང་ངེ་འཛིན་གྱི་གེགས་བསལ་བའི་ཐབས་གྲུབ་ཐོབ་རྣམས་ཀྱི་མན་ངག་ཐམས་ཅད་ཀྱི་ནང་ནས་བཏུས་ཏེ་བསྟན་པ་ལ་སྤྱི་དོན་བཅུ་གཅིག་སྟེ། དེ་ལ་དང་པོ་བྱིང་བ་གསད་པ་ནི། བྱིང་བ་གསུམ་སྟེ། འབྱུང་བ་དང་ནད་གཞིའི་སྟོབས་ཀྱིས་བྱིང་བ་དང་། །བར་གཅོད་བགེགས་ཀྱི་སྟོབས་ཀྱིས་བྱིང་བ་དང་། ཏིང་འཛིན་རང་གི་ངོ་བོས་བྱིང་བའོ། །དེ་དག་བསལ་ཚུལ་ལ་གསུམ་སྟེ། ཤེས་རབ་ཀྱི་ལྟ་བས་བསལ་བ་དང་། ཐབས་ཀྱི་དམིགས་པས༴ །ཁ་ཟས་དང་སྤྱོད་ལམ་གྱིས་བསལ་བའོ། །དང་པོ་ནི་རྐྱེན་གང་གིས་ཤེས་པ་བྱིང་བར་གྱུར་ཀྱང་། །དེ་ཉིད་རང་སེམས་སུ་ཤེས་པར་བྱ། སྟོང་པ་ལ་བྱིང་མ་བྱིང་གཉིས་སུ་མེད་པར་ཤེས་པར་བྱ། དེ་ལྟར་ཤེས་པས་བྱིང་རྨུགས་ཆོས་གྱི་དབྱིངས་ཡིན་པས་ཐབས་གྱིས་བཅོས་མི་དགོས། དེ་ལྟར་ཤེས་ཀྱང་ཧ་ཀྱང་བྱིང་ཚབ་ཆེ་བས་རིག་པའི་གསལ་ཆ་སྟོང་ནས་ཡེ་ཤེས་འཕེལ་དུ་མི་སྟེར་ན། ཐབས་ཀྱིས་དམིགས་པས་བཅོས་པ་ནི། དང་པོ་བླ་མ་བརྒྱུད་པ་དང་བཅས་པ་རང་གི་སྤྱི་བོར་སྒོམ་ལ་དེ་ལ་གུས་པ་ཆེན་པོས་ཕྱི་ནང་གསང་བའི་མཆོད་པ་


ZP04_Page_563
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། །གསོལ་བ་བཏབ། དེ་ནས་རང་གི་ཤེས་པ་དེ་འོད་ཀྱི་རྣམ་པ་ཡི་གེ་ཨར་གསལ་བ་སྤྱི་བོ་ནས་ཐོན་ཏེ། ཡར་ཇེ་མཐོ་ཇེ་མཐོར་བཏང་ནས་ཤེས་པ་ཧུར་འདོན། ཡང་ན་རང་གི་མདུན་དུ་མདུང་ཤིང་རིང་མོ་གཅིག་བསམ་ལ། དེའི་རྩེ་མོར་སྐྱིལ་ཀྲུང་བཅས་ཏེ་ནམ་མཁར་ལིང་ངེ་ཡོད་པར་བསམ་པས་བྱིང་བ་སེལ། དེས་ཀྱང་མ་སེལ་བར་བྱིང་རྨུགས་ཤིན་ཏུ་ཆེ་ན། ལུས་མི་སྡོད་པར་བསྒུལ་བསྐྱོད་བྱ། ངག་མི་སྡོད་པར་ཡི་དམ་ལྷའི་སྙིང་པོའམ་ཧཱུྃ་ཕཊ་ལ་སོགས་བྱ། ཡིད་མི་སྡོད་པར་ཤེས་པ་ཧུར་ཧུར་ཧྲིག་ཧྲིག་ས་ལ་ས་ལ་ཐོར་ཐོར་ཡེར་ཡེར་བྱས་ལ་ཤེས་པ་ཧུར་འདོན། ཡང་ན་དྲག་རླུང་བུམ་པ་ཅན་སྒོམ་པས་ངེས་པར་སེལ་ལོ། །ཁྱད་པར་བར་གཅོད་བགེགས་ཀྱིས་བྱིང་བ་ལ་དེ་ཉིད་ཤེས་པར་བྱས་ལ། ལུས་སྲོག་ཁོ་ལ་བྱིན་ལ། རིག་པ་ངར་བསྐྱེད་དཔའ་བསྐྱེད་གདེང་བསྐྱེད་ལ་རྐུན་མ་ངོས་ཟིན་པ་དང་འདྲ་སྟེ་རང་ཞིར་འགྲོའོ། །གལ་ཏེ་དེས་ཀྱང་མ་ཞི་ན་གཏོར་མ་བྱིན་ཏེ་བདེན་པ་བདར་ཆོས་བཤད་བྱས་ལ། བླ་མའི་རྣལ་འབྱོར་དང་ཡི་དམ་ལྷའི་བསྙེན་པ་ཡང་ཡང་སྒོམས་པས་ངེས་པར་སེལ་ལོ། །ཁ་ཟས་དང་སྤྱོད་ལམ་གྱིས་བཅོས་པ་ནི། ཁ་ཟས་བཅུད་ཅན་སྤངས་ལ་བའི་ཞོ་དར་དང་ཆབ་ཚ་བརྟེན། ས་བསིལ་སར་འདུག །གོས་སྲབ་མོ་གྱོན། ས་


ZP04_Page_564
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དབེན་སར་བསྐོར་བ་བྱ། སྒོམ་ཐུན་ཐུང་ལ་གྲངས་མང་དུ་བྱ། འདུག་ས་སྤོས་ཤིང་སྒོམས་པས་སེལ་ལོ། །ནད་གཞི་ལ་ཕན་པའི་སྨན་དང་ཁ་ཟས་བརྟེན་ནོ། །གཉིས་པ་རྒོད་པ་འདུལ་བ་ལ་གསུམ་སྟེ། འབྱུང་བ་དང་ནད་གཞིའི་སྟོབས་ཀྱིས་རྒོད་པ་དང་། བར་གཅོད་བགེགས་ཀྱི་སྟོབས་ཀྱིས་རྒོད་པ་དང་། ཏིང་འཛིན་རང་གི་རོ་བོས་རྒོད་པའོ། །དེ་དག་བཅོས་པ་ལ་གསུམ་ལས། ཤེས་རབ་ཀྱི་ལྟ་བས་བཅོས་པ་ནི། རྒོད་འཕྲོའི་རྣམ་རྟོག་ཕྲ་རགས་ཐམས་ཅད་རང་སེམས་སུ་ཤེས་པས་སེམས་ཉིད་ཡེ་སྟོང་རྩ་བྲལ་དུ་ཤེས། ཡེ་སྟོང་རྩ་བྲལ་གྱི་དོན་ལ་རྒོད་མི་རྒོད་དང་འཕྲོ་མི་འཕྲོ་གཉིས་སུ་མེད་པར་ཤེས་པས་དངོས་མེད་ཀྱི་རྒོད་འཕྲོ་འམ་རྣམ་རྟོག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཡིན་པས་ཐབས་ཀྱིས་བཅོས་མི་དགོས། རྣམ་རྟོག་གང་ཤར་ལ་བལྟས་ཤིང་གློད་ནས་བཞག་པས་ཆོག །གལ་ཏེ་དེ་ལྟར་ཤེས་ཀྱང་རྒོད་ཚབས་ཆེ་བས་གནས་སུ་མ་འདོད་ན། ཐབས་ཀྱི་དམིགས་པས་བཅོས་པ་ནི། དང་པོ་བླ་མ་བརྒྱུད་པ་ལ་གསོལ་བ་གོང་ལྟར་གདབ། དེ་ནས་འཕྲོ་རྒོད་ཀྱི་རྣམ་རྟོག་གང་བྱུང་བ་དེ་ཉིད་ལ་ཤེས་པ་རྩེ་གཅིག་ཏུ་གཏད་པས་འཕྲལ་དུ་སེལ་ལོ། །ཡང་ན་རང་གི་མདུན་དུ་རྒྱ་མཚོ་འཇམ་ལ་འབོལ་བ་གཅིག་བསམ་ལ་དེའི་སྟེང་དུ་སྐྱིལ་ཀྲུང་བཅས་པས་


ZP04_Page_565
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མཚོ་ལ་རེག་པ་རྣམས་ཞུ་ནས་མཐར་སྐྲའི་རྩེ་མོ་ཚུན་ཆད་ཞུ་ནས་སོང་བར་སྒོམ་པའི་ངང་ལ་གློད་བཞག །ཡང་ན་རང་སེམས་ཐིག་ལེ་ནག་པོ་གཅིག་ཏུ་བསམ་ལ་བཤང་ལམ་ནས་ཐོན་ཏེ་ས་འོག་འདོམས་བཞི་ལྔ་ཙམ་དུ་བཞག །དེ་ནས་ཅུང་ཞིག་ནས་ཡར་ལ་འདོན། །དེ་ལྟར་ཡང་ཡང་བྱས་པས་སེལ་ལོ། །ཡང་སྣོད་བཅུད་འདི་དག་སྟོང་པར་བསམས་ལ། སྟེང་འོག་བར་གསུམ་གྱི་ནམ་མཁའ་གསུམ་གཅིག་ཏུ་འདྲེས་པའི་ངང་ལ་བཞག་པས་མི་རྟོག་པ་ངང་གིས་སྐྱེའོ། །ཡང་ན་སྟེང་རླུང་མནན་ལ་ཤེས་པ་སྣ་རྩེ་ནས་ཁྲུ་གང་ཙམ་གྱི་བར་སྣང་ལ་གཏད་པས་ཏིང་ངེ་འཛིན་སྐྱེའོ། །ཡང་ན་མིག་བཙུམ་ལ་རང་གི་ཤེས་པ་བཞི་ཆར་བགོས་ལ་དུས་གཅིག་ཏུ་ཕྱོགས་བཞིར་ཡུལ་གང་རུང་རེ་འཛིན་དུ་བཅུག་སྟེ། ཤེས་པ་ཕུར་བཞི་ལ་བརྒྱངས་པས་ཐང་ཆད་པ་དང་། །དེ་ནས་འཛིན་མེད་དུ་གློད་ནས་བཞག་པས་མི་རྟོག་པ་སྐྱེའོ། །ཁྱད་པར་བར་གཅོད་བགེགས་ཀྱིས་རྒོད་པ་ལ། དེ་ཉིད་བགེགས་སུ་ངོ་ཤེས་པར་བྱས་ཏེ། ལུས་སྲོག་བྱིན་ལ། ཕྱམས་ཀྱིས་ཉལ་བསྡད་པས་རང་ཞིར་འགྲོའོ། དེས་མ་ཞི་ན་བླ་མ་ཡི་དམ་ལྷའི་རྣལ་འབྱོར་ཡང་ཡང་སྒོམ། ཆོས་སྐྱོང་དང་འབྱུང་པོ་ལ་གཏོར་མ་བྱིན་ལ་གསོལ་བ་བཏབ། དེ་ནས་གལ་མེད་དུ་ཉལ་ནས་བསྡད་


ZP04_Page_566
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེལ་ལོ། །དེས་མ་སེལ་ན། བགེགས་དེའི་དོན་དུ་ཡི་དམ་ལྷའི་ཟླས་སྒོམ་བྱས་པས་ངེས་པ་སེལ་ལོ། །འཕྲོ་རྒོད་ཆུང་བ་ལ་ཐབས་དང་གཉེན་པོ་དེ་དག་དྲན་པས་ཆོག་གོ། །འབྲིང་ལ་ཐུན་གཉིས་གསུམ་སྒོམ་པས་སེལ་ལོ། །རབ་ཏུ་ཆེ་བ་ཐབས་ཤེས་ཀྱི་གཉེན་པོ་དེ་དག་རེ་མོས་ཀྱིས་སྒོམ་པས་སེལ་ལོ། །ཁ་ཟས་དང་སྤྱོད་ལམ་གྱིས་སེལ་བ་ནི། ཁ་ཟས་བཅུད་ཅན་བརྟེན། མར་ཁུ་རྙིང་པས་བཀུ་མཉེ་བྱ་གོས་དྲོ་བར་བྱ། གནས་མལ་དྲོ་ས་དང་མུན་པ་གནག་སར་བསྡད། རྒྱང་མིག་མི་ལྟ། མི་གསེབ་ཏུ་མི་འགྲོའོ། །གསུམ་པ་འཐོར་བ་སྡུད་པ་ལ་གསུམ་ལས། ལུས་འཐོར་བ་བསྡུ་བ་ནི། རླུང་གི་སྟོབས་ཀྱིས་རང་ཉམས་ལ་ལུས་མང་པོར་སོང་ནས་ལུས་གང་ཡིན་ཆ་མེད་པ་བྱུང་ན། དང་པོ་ཤེས་རབ་ཀྱི་ལྟ་བས་བྱུང་རྒྱལ་དུ་བསྐྱངས་པས་སེལ་ལོ། གལ་ཏེ་དེས་མ་སེལ་ཏེ་ཏིང་ངེ་འཛིན་ལ་གནོད་པ་བྱུང་ན། །ལུས་གང་རུང་གཅིག་གི་སྨིན་མཚམས་སུ་དམིགས་པ་གཏད་པས་སེལ་ལོ། །གཞན་ཡང་རླུང་གི་རྟེན་འབྲེལ་གྱིས་རང་ལུས་ནམ་མཁའ་ཡེ་རེ་རེ་སོང་བའི་ཉམས་དང་། ལུས་ཞིག་པའི་ཉམས་བྱུང་ན། ལྟ་བས་བྱུང་རྒྱལ་དུ་བསྐྱངས་བས་སེལ། དེས་མ་སེལ་བར་ཉམས་ལ་གནོད་ན། རང་གི་ལུས་ཀྱི་རོས་བསྟན་གྱི་ཐོག་ཏུ་ཐིག་ལེ་


ZP04_Page_567
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་སྲན་མ་ཙམ་གཅིག་བསམ་ལ། དེ་ལ་ཤེས་པ་གཏད་པས་སེམས་ཐིག་ལེ་དེ་དང་འབྱར་ནས་མི་ཁོགས་པར་བསམས་པས་སེལ་ལོ། །རང་གི་མདུན་ན་སའི་དོང་འདོམ་གང་གྲུ་བཞི་པ་གཅིག་བསམས་ལ། དེའི་གཏིང་གསེར་གྱི་ས་གཞི་ལ་ཐུག་པ་ལ་ཤེས་པ་གཏད་པས་སེལ་ལོ། །སེམས་འཐོར་བ་ནི། རླུང་རྩ་དབུ་མར་མ་ཆུད་པར་ནང་གི་རྩ་བྲན་རྣམས་སུ་བྱེར་བས་སེམས་དངུལ་ཆུ་བོ་བ་ལྟར་ཤེས་པ་པྲ་ཡས་སུ་འཐོར་ནས། སེམས་སྐད་ཅིག་ཀྱང་མི་གནས་པ་བྱུང་ན། དང་པོ་བླ་མ་ལ་གསོལ་བ་བཏབ་ཅིང་ཤེས་རབ་ཀྱིས་བྱུང་རྒྱལ་དུ་བསྐྱངས། དེས་མ་སེལ་ན་ཁ་ཟས་བཅུད་ཅན་བཏང་། ལུས་ལ་སྐུ་མཉེ་བྱ། དེ་ནས་རྣམ་རྟོག་གསལ་བ་གཅིག་ལ་ཤེས་པ་མདུང་ཚུགས་སུ་གཏད་དོ། །དེ་བཞིན་དུ་རྣམ་རྟོག་བྱུང་ཚད་ཟུངས་སུ་བཟུང་ནས་དེ་ཉིད་ལ་བཙིར་གནོན་བྱས་ལ་བསྒོམ་མོ། །སྐབས་སུ་ཕྱིའི་སྣོད་བཅུད་ཐམས་ཅད་རང་གི་ལུས་ལ་བསྡུ། ལུས་སྙིང་གར་སེམས་ལ་བསྡུ། སེམས་ཉིད་ནམ་མཁར་ཐིམ་པའི་ངང་ལ་གློད་ལ་ཞོག །དེས་ཀྱང་མ་སེལ་ན་དངོས་སམ་ཡིད་ཀྱི་རིག་མ་ལ་བརྟེན་ནས་བདེ་བ་བསྒོམ་པས་ངེས་པར་སེལ་སྟེ་ལག་ལེན་གཞན་དུ་བལྟའོ། རླུང་འཐོར་བ་ནི། སྔར་རླུང་ཡུན་རིང་དུ་ནོན་པ་ལ་སླར་ཡུན་ཐུང་སྟེ་དར་


ZP04_Page_568
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཀྱང་མི་ནོན་བ་བྱུང་ན། རླུང་དྷུ་ཏིར་མ་ཆུད་པར་ལུས་ཁེངས་པས་འཐོར་བ་ཡིན་པས། དང་པོ་བླ་མ་ལ་གསོལ་བ་གདབ། དེ་ནས་ལུས་ཙོག་བུར་འདུག་སྟེ། །བརླ་གཉིས་སྒྲིལ་ལ་གསང་རྡོར་བརླའི་བར་ནས་བཏོན་ཏེ་ལག་པ་གཡས་པ་ས་ལ་བཙུགས། ལག་གཡོན་གྱིས་སྣ་བུག་གཡོན་པ་བཀག་སྟེ། སྣ་གཡས་ནས་རླུང་རྔུབ་ཨ། དེ་ནས་ལག་གཡོན་གྱིས་ལོངས་སྤྱོད་ཀྱི་རྦ་རླབས་མནན་ནས། རླུང་ཐུབ་ཚད་མནན་པ་ཡང་ཡང་བྱས་པས་སེལ་ལོ། དེས་མ་སེལ་ན་ཞག་འགའ་ལ་གློད་ལ་ཁ་ཟས་བཅུད་ཅན་བརྟེན་བཀུ་མཉེ་བྱ་ཞིང་གྱེན་ཐུར་ལ་འགྲོ་འདུག་ལ་སོགས་པའི་ལུས་སྦྱངས་བྱས་བས་སོར་ཚུད་དོ། བཞི་པ་འཕར་བ་མནན་པ་ནི། སྤྱིར་བླ་མ་ལ་མོས་གུས་བཅོས་མ་མ་ཡིན་པ་སྐྱེས་པའི་ཆོས་སྒོམ་པའི་སྟོབས་ཀྱིས་ལས་ཀྱི་རླུང་ནང་དུ་འཇུག་སྟེ། དེ་ཡང་རླུང་འཇུག་པའི་རིགས་བཞི་སྟེ། ཕོ་རླུང་། མོ་རླུང་། མ་ནིང་གི་རླུང་། ཐོད་རྒལ་བ་ཡེ་ཤེས་མེ་འབར་བའི་རླུང་ངོ་། །ཕོ་རླུང་ཞུགས་པའི་རྟགས་ལུས་འཕར་བ་དང་གཡོ་བ་འབྱུང་། ལུས་ལ་བདེ་དྲོང་སྐྱེས་དེས་ཏིང་ངེ་འཛིན་སྐྱེའོ། །མོ་རླུང་ཞུགས་རྟགས་ལུས་འདར་ཞིང་དྲོད་སྐྱེ། དེས་ཏིང་ངེ་འཛིན་སྐྱེའོ། །མ་ནིང་གི་རླུང་ཞུགས་པའི་རྟགས་སུ་ནི་ལུས་འཕར་བ་དང་འདར་བ་མེད་པ་བདེ་དྲོད་


ZP04_Page_569
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་ཞིང་རྗེས་ལ་ཏིང་ངེ་འཛིན་སྐྱེའོ། །དེ་ལྟར་གསུམ་པོ་དེ་ལ་བཅོས་མི་དགོས། ཐོད་རྒལ་གྱི་རླུང་ཁུགས་རྟགས་ནི། མཆོང་རྒྱུག་ལ་སོགས་པ་སྣ་ཚོགས་པ་ཡོད་པས། འདི་ལ་འདྲ་མིན་གཉིས་སུ་འོང་སྟེ། མཆོང་རྒྱུག་ལ་སོགས་པ་བྱེད་ཅིང་དྲོད་དང་ཏིང་ངེ་འཛིན་མེད་ལ་རྗེས་ལ་སྙིང་མི་དགའ་བློ་བཀོལ་དུ་མི་འདོད་ན་ཕྱི་རོལ་གདོན་གྱི་འཕར་པ་ཡིན་པས། དེ་ཞི་བར་བྱེད་པའི་ཐབས་ནི། དཔའ་བོ་གཡུལ་དུ་བསད་པའི་རོ་བསྲེགས་པའི་རུས་པ་ཆུ་ལ་བརྡར་ཏེ་ལྟེ་བར་བྱུགས་ན་དེས་ཞི་བར་འགྱུར་རོ། །ཡང་ན་གཞོན་ནུ་མ་སྐྱེས་པ་དང་མ་འཕྲད་པའི་རང་བྱུང་དང་བྱང་སེམས་བསྲེས་ཏེ་གནས་གསུམ་དུ་ཐིག་ལེ་བྱས་ན་ཞི་བར་འགྱུར་རོ། །མཆོང་རྒྱུག་ལ་སོགས་པ་དུ་མ་འབྱུང་ཞིང་བདེ་དྲོད་ཀྱང་ཆེར་སྐྱེ་ལ་རྗེས་ལ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་ན། གནས་དབེན་ཞིང་ཡངས་ལ་བདེ་བའི་སར་ཞག་བདུན་ལ་སོགས་པར་བྱུང་རྒྱལ་དུ་བསྐྱངས་པས་ཞི་བར་འགྱུར་སྟེ། ཧ་ཆང་འཕར་ཆེ་ན་ཡན་ལག་འཆག་པ་ལ་སོགས་པས་ལུས་སྲོག་གི་བར་ཆད་དུ་འགྲོ་ཉན་ཡོད་པས། དེ་ལ་མནན་པའི་ཐབས་ནི། དང་པོ་ཤེས་རབ་ཀྱིས་མནན་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་ཤེས་པས། འཕར་གཡོ་ལ་སོགས་པ་ཡང་རང་གི་སེམས་ཡིན། སེམས་ཉིད་


ZP04_Page_570
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་སྒྱུར་མར་ཤེས། སྒྱུ་མ་ལ་རང་བཞིན་མེད་པས་འཕར་གཡོ་ལ་སོགས་རང་བཞིན་མེད་པར་ཤེས་པས་ཞི་བར་འགྱུར་རོ། །དེས་མ་ཞི་ན་རང་གི་སྤྱི་བོ་ལས་སོར་བཞི་ཙམ་གྱི་མཐོ་བའི་སྟེང་དུ། སའི་དཀྱིལ་འཁོར་འདོམ་གང་གྲུ་བཞི་སེར་པོ་གྲྭ་བཞི་ན་རྡོ་རྗེ་སེར་པོ་རྩེ་གསུམ་པ་བཞི་མར་འཕྱང་བ་དེས་མནན་པར་བསམས་པས་ཞི་བར་འགྱུར་རོ། །དེས་མ་ཞི་ན་སྤྱི་བོར་རིའི་རྒྱལ་པོ་རི་རབ། ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་པོ་སྟེ་སྟེང་ན་ལྕོག་བརྒྱད་དང་བཅས་པ་གཅིག་གིས་མནན་པར་བསམས་ཤིང་། དངོས་སུ་ཡང་མགོ་བོ་ནས་བག་རེ་མནན་པས་ཀྱང་ཞིའོ། །དེས་ཀྱང་མ་ཞི་ན་སྔར་གྱི་རི་རབ་ཀྱི་སྟེང་ན་སྣ་ཚོགས་རྡོ་རྗེའི་སྟེང་དུ་རང་གི་བླ་མ་སྐྱིལ་ཀྲུང་གིས་བདག་ལ་བརྩེ་བའི་ཚུལ་གྱིས་བཞུགས་པར་བསམ་པས་ཞི་བར་འགྱུར་རོ། །ཡང་རྡོ་རྗེ་རྒྱ་གྲམ་གྱི་སྟེང་དུ་གསེར་གྱི་མཆོད་རྟེན་ཁྲུ་གང་བ་གཅིག་གིས་མནན་པར་བསམས་པས་ཞི་བར་འགྱུར་རོ། །དེས་ཀྱང་མ་ཞི་ན་ཨོལ་ཀོས་བྲང་ནོན་པར་བྱས་ཏེ། རང་གི་ལུས་ས་གཏིང་ན་མར་སོང་བར་བསམས་ཤིང་དེ་ནས་ཤེས་པ་སྙིང་གའམ་སྨིན་མཚམས་སུ་གཏད་པས་སེལ་ལོ། །འདིས་མགོན་པ་ལ་ཡང་ཕན་


ZP04_Page_571
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཡང་ཡང་བྱས་ན་ཁམས་ལ་བག་ཙམ་གནོད་གསུངས་སོ། །དེས་ཀྱང་ཞི་བར་མ་ནུས་ན། བླ་མའམ་གྲོགས་གཅིག་གིས་སྤྱི་བོ་ནས་མནན་གྲོགས་ཀྱི་ལག་པ་གང་ས་ཆུར་བཅུག་སྟེ་སྙིང་འཕར་བའི་གནས་སུ་རེག་ཅིང་། འཕར་གཡོ་ལ་སོགས་པ་ཐམས་ཅད་ཁྱོད་རང་གི་སེམས་ཡིན་པ་ཤེས་པར་གྱིས་ཤིག །ཅེས་ཡང་ཡང་བསྟན་པས་ཞི་བར་འགྱུར་རོ། །ལྔ་པ་བརྒྱལ་བ་སློང་བ་ནི། འགོག་པའི་རྩར་རླུང་སེམས་ཐིམ་པས་ཚོགས་དྲུག་གི་འགྱུ་བ་འགག་སྟེ་དྲན་རིག་རྒྱུན་ཆད་ནས་བརྒྱལ་བ་ལྟ་བུ་འབྱུང་ངོ་། དེ་ཡང་རྩ་ལ་ལ་བྱང་སེམས། ལ་ལ་རྣག་ཁྲག །ལ་ལ་ཆུ། ལ་ལ་ཆུ་སེར། ལ་ལ་རླུང་གིས་གང་ནས་ཡོད། འགོག་པའི་རྩ་དེ་སྟོང་པར་ཡོད་པས་དེར་རླུང་སེམས་འདུས་སྟོབས་ཀྱིས་བརྒྱལ་བའོ། །འདི་ནི་བྱིང་བ་ཆེན་པོ་ཡིན་པས་ཞི་ལྷག་གི་ཏིང་ངེ་འཛིན་ཀུན་ལ་སྒྲིབ་པས། དེ་བསལ་བ་ནི། བླ་མའམ་གྲོགས་ཀྱིས། པི་ཝཾ། གླིང་བུ། ཏིང་ཤག །དྲིལ་བུ། ཌཱ་མ་རུ། དུང་དཀར། རྔ་ལ་སོགས་པ་དེ་རྣམས་དུས་གཅིག་མི་བྱ་བར་རིམ་བཞིན་སྒྲ་ཇེ་ཆེ་ཇེ་ཆེ་བྱ་ཡང་ཇེ་ཆུང་ཇེ་ཆུང་བྱ། དེ་ལྟར་ཡང་ཡང་བྱས་པས་སད་ནས་ཏིང་ངེ་འཛིན་མཆོག་ཏུ་རྙེད་པར་འགྱུར། གལ་ཏེ་བརྒྱལ་བ་སད་ཀྱང་ཏིང་ངེ་འཛིན་མཆོག་མ་རྙེད་ན་སེམས་


ZP04_Page_572
[མ་དཔེ་གཟིགས་ན་འདིར་གནོན།]

རང་སོར་བཞག་ལ་དམིགས་པ་ནམ་མཁར་ཧད་དེ་བཞག་བས་གསལ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེའོ། །སྐྱོན་དེ་ཕྱིས་མི་འབྱུང་བར་བྱ་བའི་ཕྱིར། སྣའི་རྩེ་མོ་ནས་ཁྲག་ཕྱུང་སྟེ། སྣུམ་གང་རུང་དང་བསྲེས་ཏེ་དེ་ཉིད་བྱུག་པས་ཐུབ་བོ། །དྲུག་པ་རེངས་པ་གཞིལ་བ་ལ། སྤྱིར་རྩ་ཟུག་རླུང་ཟུག་གི་ན་ཚ་དུས་སུ་མ་ཞི་བར་ནད་ཚབས་ཆེར་སོང་བ་ནི་རེངས་པ་ཡིན། དེ་ལ་རྩ་བ་དང་ཡན་ལག་གི་རླུང་བཅུའི་རེངས་པ་གཞི་ལ་ཚུལ་ལས་འདིར་གནད་ཆེ་ཤོས་ཙམ་བྲི་བ་ལ། སྲོག་འཛིན་གྱི་རླུང་སྙིང་གར་རེངས་ན། སྙིང་རླུང་ལ་སོགས་པར་འགྱུར་བས། དེ་བཅོས་ཐབས་ནི། རང་གི་སྙིང་སྒོ་ང་སྟོང་པའམ་རྐྱལ་བ། སྟོང་བར་བསམས་ལ། དེའི་ནང་ཐམས་ཅད་ཁང་སྟོང་ཟླ་འོད་ཀྱིས་གང་བ་ལྟར་འོད་ཁ་དོག་དཀར་པོས་གང་བར་བསམས། ཡང་འཕྲོ་བཅད། ཡང་སྔར་བཞིན་བསམས་ན་མྱུར་དུ་ཞི་བར་འགྱུར་རོ། །དེས་ཀྱང་མ་ཞི་ན་རོ་སྟོད་ཀྱི་ནང་ཐམས་ཅད་ཡང་ཡང་གང་བར་བསམས། དེས་ཀྱང་མ་ཞི་ན་ལྐོག་མ་ཡར་འབུར་འབུར་ལ་སོགས་པ་བྱུང་ན་སྤྱིར་རེངས་པའི་སྐྱོན་གསུམ་སྟེ། གང་ཞིང་སྟོང་པ་ནི་རེས་འགའ་རོ་སྟོད་ཐམས་ཅད་དབུགས་ཀྱིས་གང་སྙམ་བྱེད། རེས་འགའ་སྟོང་སྙམ་བྱེད་འབྱུང་ན། དེས་དང་ཁ་ཡང་འགགས་པ་ཡིན་པས། དེ་ཞི་བར་བྱེད་པ་ནི། རང་གི་སྙིང་རྩེ་མོ་གྱེན་བསྟན་པདྨ་


ZP04_Page_573
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱད་ལྟར་ཁ་བྱེ་བའི་ནང་ཐམས་ཅད་འོད་དཀར་པོས་གང་བར་བསམས་ན་ཞིའོ། །དེས་མ་ཞི་ན་རང་གི་སྣ་རྩེ་ནས་ཁྲག་ཕྱུང་ནས་དེ་ཉིད་མཉེས་ན་ངེས་པར་ཞིའོ། །གཟེར་ཞིང་ཟུག་པ་ནི། རོ་སྟོད་སྙིང་གཟེར་ཞིང་ཟུག་ནས་ནན། སྣ་གཡས་པ་བཀག་སྟེ་གཡན་པ་དྲག་ཏུ་འབུད། དེ་ནས་སྒྲེགས་པ་ཡང་ཡང་བཏང་བས་ཞིའོ། །རྟག་ཏུ་འཕྱོ་ཞིང་སྙིང་མི་དགའ་ན། དེ་བསལ་ཐབས་བཞི་སྟེ། དང་པོ་བསྲེགས་པ་ནི་ལྟེ་བའི་ཨ་ལས་མེ་འབར་ཏེ་སྙིང་ཐུལ་ཐུལ་བསྲེགས་པར་ཡང་ཡང་བསམ་པས་ཞིའོ། །གཉིས་པ་འོག་ཏུ་དབྱུང་བ་ནི། སྙིང་ལྟེ་བའི་འོག་ནས་མར་བྱུང་བར་བསམས་ཤིང་དམིགས་པ་ཡང་ཡང་གཏད་པས་སེལ་ལོ། །གསུམ་པ་གཏིང་དུ་སྦ་བ་ནི། སྙིང་རྒྱ་མཚོའི་གཏིང་ན་མར་ཡང་དང་ཡང་དུ་སོང་བར་བསམས་པས་ཞིའོ། །བཞི་བ་བདུད་རྩི་བཞོ་བ་ནི། རང་གི་སྤྱི་བོའི་སྟེང་དུ་ཐོད་པ་མར་ཁུས་གང་བ་གཅིག་བསམས་ལ། དེ་ལས་མར་ཁུ་བྱུང་བས་སྤྱི་བོ་ནས་སྙིང་གའི་བར་དུ་གང་བར་བསམས་པས་སྙིང་རླུང་ཐམས་ཅད་ཞི་བར་འགྱུར་རོ། །མིག་མི་གསལ་ན་ལྟག་ཁུང་དུ་སྣུམ་བྱུགས་པས་ཕན། ༈ ཡང་ཁྱད་པར་གྱི་རླུང་རེངས་པ་ལྔ་གཞི་ལ་ཐབས་ལས། གསུམ་པ་གསང་རླུང་སེམས་ལ་རེངས་པ་ནི། རླུང་སྲོག་རྩ་ལ་ཁྱབ་པས་སེམས་


ZP04_Page_574
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱོ་ཞིང་སྙིང་མི་དགའ་བ་སྨྱོ་འབོག་ལ་སོགས་པར་འགྱུར་བ་ཡིན་པས། འདི་ནི་ཆོས་ལ་ཡིད་མ་ཆེས་པ་དང་། མྱ་ངན་ལ་སོགས་པ་ལས་ཀྱང་འབྱུང་བ་ཡིན་ལ། དེ་སེམས་ཉིད་ལ་ཞི་བར་བྱ་བ་ལ་གསུམ་ལས། དང་པོ་བདག་ཉིད་ཀྱི་གཟུགས་བརྙན་གྱི་སྦྱོར་བས་ཞི་བར་བྱ་བ་ནི། རང་གི་གདོང་པའི་ཐད་ཀར་མེ་ལོང་གཡའ་དག་པ་གཅིག་བཞག་ལ། ལག་གཉིས་ཁུ་ཚུར་བཅངས་པའི་འཁྲིག་མ་གཉིས་སྙིང་གར་བསྣོལ་ཏེ། རླུང་མི་བསྡམ་པར་མེ་ལོང་གི་ནང་དུ་རང་གི་གཟུགས་བརྙན་ཤར་བ་དེའི་སྨིན་མཚམས་སུ་ཤེས་པ་དྲག་ཏུ་གཏད་ཅིང་ལྟ་བ་ཉི་མ་གསུམ་ཙམ་དུ་བྱས་པས་ཕན་ནོ། །དེས་ཀྱང་མ་ཞི་ན་ལྷག་པའི་ལྷའི་སྦྱོར་བ་ནི། མེ་ལོང་དེ་སྔར་བས་ཅུང་ཟད་མཐོ་བཅུག་ཏེ། རང་གི་སྤྱི་བོའི་ཐད་ཀའི་རྒྱབ་ངོས་སུ། ཡི་དམ་དཔའ་བོ་གཅིག་པ་རས་བྲིས་སམ། ལུགས་མ་ལྟ་བུ་གཅིག་བཞག་ལ། དེའི་གཟུགས་བརྙན་མེ་ལོང་དུ་ཤར་བའི་སྨིན་མཚམས་སུ་མིག་དབང་བསྟོད་ཅིང་ལྟ། དེ་ལ་ཤེས་པ་དྲག་ཏུ་གཏད་པ་ཉི་མ་གསུམ་ཙམ་གྱི་བར་དུ་བྱས་པས་སེལ་ཞིང་འདི་ནི་སེམས་ཟིན་པའི་ཐབས་སུའང་འགྲོ་བ་ཡིན། དེས་ཀྱང་མ་ཞི་ན། རླུང་ཐོད་རྒལ་གྱི་སྦྱོར་བས་བཅོས་པ་ནི། རང་གི་མདུན་གཡས་གཡོན་གྱི་གྲུ་གང་ཙམ་གྱི་བར་མཆོད་པར་ཤིང་གྲུ་གང་པ་རེ་རེ་བཙུགས་


ZP04_Page_575
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་ལ་ལྟ་བའི་ངོས་ཀྱི་རྩེ་མོར་རམ་གྱིས་ཐིག་ལེ་བྱས་ཏེ། དང་པོ་གཡོན་ངོས་ཀྱི་ཐིག་ལེ་ལ་དམིགས་པ་གཏད་ལ་སེ་གོལ་ཉི་ཤུ་རྩ་གཅིག་ཏོག་ཅིང་དེའི་བར་དུ་རླུང་ནང་དུ་བཟུང་། ཡང་གཡས་སུ་དེ་ལྟར་བྱ་ཞིང་ཡང་ཡང་བསྐྱང་པས་ཤེས་པ་ཅི་ཡང་མི་དྲན་པ་ཐོམས་གྱིས་འགྲོ། དེ་ནས་སྐྱོན་སེལ་ལོ། །ཡང་སྐབས་སུ་འཕྲོ་བཅང་ཅིང་ཤེས་པ་མདུན་གྱིས་གཞིའམ་རྐང་མཐིལ་དུ་གཏད་པར་བྱའོ། ༈ ཡང་སྟེང་རླུང་ཐུར་དུ་ལོག་པས་རྩ་ཆུའི་ལམ་འགགས་པ་དང་། འོག་རླུང་གྱེན་ལ་ལོག་པས་མགྲིན་པ་འགགས་པ་གཉིས་ཀ་རླུང་སྐྱོན་གྱིས་འབྱུང་ཚུལ་དང་བཅོས་ཚུལ་འདུག་ཀྱང་མ་བྲིས། བདུན་པ་ཉམ་ང་བ་བསལ་བ་ནི། སྒོམས་པའི་སྟོབས་ཀྱིས་ཉམས་ང་བའི་རྩར་རླུང་སེམས་འདུས་ན། སེམས་ཉམས་དང་རྨི་ལམ་ཉམས་སུ་རྟག་པར་འཇིགས་ཤིང་ཉམ་ང་བ་འབྱུང་ངོ་། །ཡང་འདྲེའི་རྩར་རླུང་སེམས་འདུས་ན་རྟག་པར་འདྲེས་གནོད་པ་དང་འདྲེའི་སྣང་བ་འབྱུང་། གཞན་ཡང་མྱ་ངན་གྱི་རྩར་རླུང་སེམས་འདུས་ན་རྐྱེན་མེད་པར་མྱ་ངན་དང་སྡུག་བསྔལ་དྲག་པོ་སྐྱེ་བའམ། གླལ་བ་དང་། མཆི་མ་རྒྱུན་མི་འཆད་པར་བྱུང་ན། དང་པོ་ཤེས་རབ་ཀྱི་ལྟ་བས་གང་བྱུང་དེ་བྱུང་རྒྱལ་དུ་བསྐྱངས། དེས་མ་ཞི་ན། དང་པོ་ཉི་མ་གསུམ་


ZP04_Page_576
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཙམ་ལ་བཀུ་མཉེ་བྱ། དེ་ནས་ཕྱར་བའི་སྟེང་དུ་བཞག་ལ་གྲྭ་བཞི་ནས་མི་བཞིས་བཀྱག་སྟེ་ཡང་ཡང་འཕང་། དེས་མ་ཞི་ན་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ་ཕྱི་བརྒན་དུ་བསྒྱིལ། དེ་ནས་མིག་ནམ་མཁའ་ལ་ཧད་དེ་གཏད་པས་སྐྱོན་དེ་ཀུན་ངེས་པར་སེལ་ལོ། །བརྒྱད་པ་རེ་དོགས་བསལ་བ་ནི། རེ་བ་ནི་རླུང་གི་རྟེན་འབྲེལ་ཀྱིས་སེམས་ཉམས་དང་རྨི་ལམ་དུ་ལྷ་མོ་སྣ་ཚོགས་གླུ་གར་བྱེད་པ་དང་། མེ་ཏོག་ལ་སོགས་འབུལ་བ་དང་། བདུད་རྩི་ལྔ་ཆ་མཉམ་བསྡུད་ཅིང་། དེར་སེམས་ཟིན་པས་དེ་བཞིན་གཤེགས་པ་ལྔའི་སྣང་བའམ། །བྱང་ཆུབ་སེམས་དཔའ་ལྔའམ་འོད་ཁ་དོག་ལྔ་མཐོང་བའམ། །རྩའི་རྟེན་འབྲེལ་གྱིས་རང་ཉིད་གང་འདོད་ད་རྣ་བར་ལུང་སྟོན་པ་ལ་སོགས་པ་འབྱུང་ལ། དེ་ལ་བརྟེན་ནས་རེ་བ་སྐྱེ་བ་སྟེ་ངས་གྲུབ་པ་ཐོབ་བོ་སྙམ་དུ་ང་རྒྱལ་དང་རློམ་སེམས་སྐྱེས་ན་བདུད་འཇུག་པར་འགྱུར་བས། དེ་ཐམས་ཅད་རང་གི་སེམས་ཀྱི་རྟེན་འབྲེལ་དུ་ཤེས་པས་ཉམས་ཐམས་ཅད་རྩིས་མེད་བྱུང་རྒྱལ་དུ་སྐྱོང་ངོ་། །དོགས་པ་ནི་ལྟེ་བའི་འོག་ན་རྩ་ཀྵ་ཡིག་གི་རྣམ་པར་ཡོད་པ་དེ་ལ་རླུང་སེམས་འདུས་པས་མཐོང་སྣང་དང་རྨི་ལམ་ཉམས་སུ་སྲིན་པོ་དང་ཤ་ཟ་གནོད་སྦྱིན་གཤིན་རྗེ་ལ་སོགས་གཟུགས་མི་སྡུག་པ་དུ་མ་མཐོང་ཞིང་དེ་དག་གིས་བསྡིགས་ཤིང་བརྡེག་པ་དང་མཚོན་ཆའི་ཆར་


ZP04_Page_577
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་པ་ལ་སོགས་པ་འབྱུང་བ་དེས་ཉམས་ང་ཞིང་བདུད་ཀྱི་བར་ཆད་ཆེན་པོ་བྱུང་སྙམ་དུ་དོགས་པ་སྐྱེ་བས་དེ་བསལ་བ་ནི། ཀྵཿཡིག་ཏུ་རླུང་སེམས་འདུས་པའི་རྟེན་འབྲེལ་དུ་ངོ་ཤེས་པས་དེ་དག་བྱུང་རྒྱལ་དུ་བསྐྱངས་པས་ཞི་བར་འགྱུར་ལ། དེས་མ་ཞི་ན། དེ་ཉིད་མེད་པར་འདོད་ན་ལྟེ་བར་ཀྵཿཡིག་གི་སྟེང་དུ་ཧཱུྃཿམགོ་ཐུར་བསྟན་གཅིག་བསམས་ལ། ལུས་གཡས་དང་གཡོན་དུ་གཡོམ་ཞིང་ངག་སྟོབས་ཀྱིས་ཧཱུྃ་ཉི་ཤུ་རྩ་བརྒྱད་བརྗོད་ཅིང་ཧཱུྃཿགིས་ཀྵཿཡིག་གྱེན་ལ་དྲང་པར་ཡང་ན་ཤེས་པ་ལྟེ་བའི་ཀྵཿཡིག་ལ་གཏད་ངག་ཏུ་ཧཱུྃ་དྲག་ལ་རིང་བ་ཉི་ཤུ་རྩ་གཅིག་ལ་སོགས་པ་བརྗོད་པས་ཞིའོ། །དེས་མ་ཞི་ན་སྟེང་དུ་འཕར་བ་དང་རྡོ་རྗེ་སྐྱིལ་ཀྲུང་གི་སྦྱོར་བ་གོང་ལྟར་བྱས་པས་སེལ་ལོ། །དགུ་པ་སྟོར་བ་བཙལ་བ་ནི། སྤྱིར་ལྟ་སྒོམ་སྟོར་བ་ལ་ལྔ་ལས། བརྒྱལ་བས་སྟོར་བ་དང་། རླུང་འཐོར་བས་སྟོར་བ་གཉིས་ནི་སྔར་བསྟན་པ་ལྟར་ཏེ། ཕྱི་མ་གསུམ་གྱི་དང་པོ་ཤེས་པ་ཡུལ་གྱིས་སྟོངས་ནས་ལྟ་སྒོམས་སྟོར་བ་ནི། སྒོམས་པའི་སྟོབས་ཀྱིས་ལྟེ་བའི་རྩ་ཨའི་རྣམ་པ་ལྟ་བུར་རླུང་སེམས་འདུས་པས་ཤེས་པའི་ཡུལ་ཐམས་ཅད་འགགས་ཏེ། སྐྱོན་དངོས་པོའི་མཚན་མས་སྟོང་། ཡོན་ཏན་དང་ཏིང་ངེ་འཛིན་དང་ཞི་ལྷག་གིས་སྟོང་ནས་ཏིང་ངེ་འཛིན་སྟོར་བ་འབྱུང་ངོ་། །དེ་ལ་


ZP04_Page_578
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་རབ་ཕྱག་རྒྱ་ཆེན་པོ་ཡིད་ལ་བྱར་མེད་པས་རྟོགས་པ་གཅིག་ལ་དེ་ལྟ་བུ་བྱུང་ཡང་བྱུང་རྒྱལ་དུ་བཏང་བས་ཆོག །དེ་མ་ཡིན་པ་རྣམས་ལ་སྟོང་པ་དགྲར་ལངས་པ་ཡིན་པས་ལྟ་སྒོམ་བཙལ་བ་ནི། ལུས་ལྷའི་བསྐྱེད་རིམ་སྒོམ་ཞིང་ཡེ་ཤེས་པ་དགུག་གཞུག་ཡང་ཡང་བྱ། ངག་ལྷའི་སྙིང་པོ་མང་དུ་བཟླ་མདོར་ན་མཚན་བཅས་ཀྱི་དམིགས་པ་སྣ་ཚོགས་ལ་སྦྱངས་པས། སྣང་སྟོང་ཟུང་འཇུག་ཏུ་ཚུད་ནས་ལྟ་སྒོམ་རྙེད་པར་འགྱུར་རོ། །ཤེས་པ་ལུང་མ་བསྟན་དུ་ཤོར་ནས་ལྟ་སྒོམ་སྟོར་བ་ནི། འདུ་འཛིན་བྱ་བྱེད་གཡེངས་པའི་སྟོབས་ཀྱིས་ལྟ་སྒོམ་གྱི་དྲན་པ་ཉམས་མྱོང་དང་ངེས་ཤེས་སྟོར་ཏེ་ཤེས་པ་ལུང་མ་བསྟན་དུ་ཤོར་ན། དང་པོ་མི་རྟག་པ་དང་འཁོར་བའི་ཉེས་དམིགས་བསམས་ནས་དད་པས་གསོས་གདབ། བརྩོན་འགྲུས་ཀྱི་ལྕག་བརྒྱབ་ལ་དབེན་པར་གདམས་ངག་གི་ལྟ་རྟོག་དང་། ཉན་བཤད་ཞུ་ཐུག་བྱས་པས་སྔར་གྱི་ཉམས་མྱོང་རྙེད་པར་འགྱུར་རོ། །ཤེས་པ་ཐང་ཆད་ནས་ཏིང་ངེ་འཛིན་སྟོར་བ་ནི། དད་བརྩོན་དྲག་པོས་ཉམས་ལེན་ཧ་ཅང་འབད་ཆེ་བས་ཤེས་པ་ཐང་ཆད་ནས་ཏིང་ངེ་འཛིན་ལྟོར་བས་རྒྱུད་སྟོང་པར་སོང་བ་འབྱུང་བས་དེ་ལ་ཞག་ཤས་སུ་ངལ་བསོས་ཏེ་ཁ་ཟས་དང་སྤྱོད་ལམ་གློད་པས་སོར་ཆུད་པར་འགྱུར་རོ། །བཅུ་པ་བརྟུག་པ་བསལ་བ་ནི། ལུས་ཀྱི་ཁམས་ལྔ་གང་རུང་


ZP04_Page_579
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་དབང་བྱས་པས་ཉམས་དང་བོགས་དབྱུང་དུ་མི་བཅུག་པ་ནི་བརྟུགས་པ་སྟེ། དེ་ཡང་འབྱུང་བ་ས་ཤས་ཆེ་བས་ཉམས་ལ་བརྟུགས་པ་ནི། །ལུས་ཉམས་སུ་ལུས་ཐམས་ཅད་ལྕི་ཞིང་། ཡན་ལག་རེ་རེ་ཡང་མི་ཐེག་པའི་ལུས་སྦྲིད་པ་འོང་། སེམས་ཉམས་སུ་འཐིབས་པ་དང་སྒོམ་ཡང་སྐྱེད་མེད་པ་དང་གསལ་ཆ་མེད་པར་མི་རྟོག་པ་ཐོམ་མེ་བ་འབྱུང་ཞིང་བདེ་བ་མེད་པའོ། །སེམས་སྣང་གསེར་གྱི་ས་གཞི་ཆེན་པོ་མཐོང་། རྨི་ལམ་དུ་ཐང་ཆེན་པོ་ལ་འགྲོ་མི་ནུས་པ་དང་། ཁང་པའམ་རི་ཆེན་པོས་གནོན་པ་འབྱུང་། དེ་ཉིད་ཡུན་རིང་སོང་ནས་ཉམས་རྟོགས་ཀྱི་གེགས་སུ་འགྱུར་བས་བཅོས་ཐབས་ནི། ཟས་བཅུད་ཅན་སྤངས་ལ་སྤྱོད་ལམ་འགྲོ་བ་རང་། རྒྱུག་པ་དང་འཕྲབ་པ་སོགས་བྱ། སྐད་སྣ་ཚོགས་འདོན། སྐབས་སུ་ལག་པས་ལྟེ་བ་མཉེ། རིག་པ་གཡེར་སྟན་ནོ། །ཏིང་ངེ་འཛིན་གྱི་ཁྱད་པར་ནི་ལྷའི་རྣལ་འབྱོར་སྐད་ཅིག་མས་སྒོམ་ལ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གཅིག་བསམས་ཤིང་སྣ་བུག་གི་རླུང་ནང་དུ་རྔུབས་པ་རྡོ་རྗེ་རྩེ་ལྔར་གྱུར་ཏེ་ལྟེ་བའི་ཟླ་དཀྱིལ་ལ་ཟུག་པ་དེ་ཉིད་དྲག་ཏུ་འཁོར་བར་བསམ་ཞིང་རླུང་ཁ་སྦྱོར་བས་བདེ་བ་རྙེད་ནས་བོགས་ཁྱད་པར་ཅན་འབྱུང་ངོ་། །ཡང་ན་རིག་པ་སེམས་ཀྱི་རྩལ་མདའ་འཕང་བའི་སྦྱོར་བ་ནི། སྙིང་དཀར་ནག་གི་མཚམས་སུ་རླུང་གི་གཞུ་སེར་ཟླ་གམ་


ZP04_Page_580
[མ་དཔེ་གཟིགས་ན་འདིར་གནོན།]

གཞུ་རྒྱུད་ལྗང་ཁུ་ཐུར་ལ་བསྟན་པ། དེ་ལ་རླུང་སེམས་ཀྱི་མདའ་སྔོན་པོ་དང་བཅས་པ་དེ་ཉིད་གཡོ་བཞིན་པ་གཅིག་བསམ། དེ་ནས་ལུས་ཅུང་ཟད་གྱེན་ལམ་ཉེ་ཞིང་བཤང་སྒོས་ལ་བགྲད་དེ་འོག་རླུང་ལན་གསུམ་ལ་སོགས་པར་བསྐྱེད་བས། འོག་རླུང་གིས་སྙིང་གའི་མདའ་གཞུ་བསྐྱོད་དེ། རླུང་སེམས་ཀྱི་མདའ་གྱེན་ལ་དྲག་ཏུ་འཕངས་པས། སྤྱི་གཙུག་གི་ཧཾ་ལ་ཕོག་སྟེ། ཧཾ་ལས་ཐིག་ལེ་གསུམ་དུས་གཅིག་བབ་པ་གཅིག་གཞུའི་ཆང་བཟུང་དང་། གཉིས་མཆོག་མ་གཉིས་ལ་ཕོག་པས་གཞུ་དེ་རིམ་གྱིས་གཡོས་ནས་མགྲིན་པར་སོང་། ཡང་སྙིང་གར་བབས། ཡར་འགྲོ་མར་འགྲོ་ཡང་ཡང་བྱས་མཐར་སྙིང་གར་བབ་ལ་ཤེས་པ་ལྟེ་བར་གཏད་པས་བོགས་ཁྱད་པར་ཅན་འབྱུང་ངོ་། །མདོར་ན་ཤེས་པ་དཀྲོག་པའི་མན་ངག་བྱ་སྟེ་ས་རླུང་དུ་རོ་སྙོམས་སོ། །འབྱུང་བ་ཆུ་ཤས་ཆེ་བས་ཆུའི་ཉམས་ལ་བརྟུགས་པ་ནི། ལུས་ཉམས་ཆུང་ཞིང་གྲང་བ་དང་། ལུས་ཁོལ་བུར་གྲང་བ་དང་མཁའ་སྐེ་ངན་པ་དང་། ལོང་འཁྲོག་ཤིང་འཁྲུ་བ་དང་། ཤ་སྦོས་པ། ཟས་མི་ཞུ་བ། བདེ་བ་མེད་པར་བྱང་སེམས་འཛག་པ་རྣམས་དང་། སེམས་ཉམས་ཀྱི་སྣང་བར་རྒྱ་མཚོ་མཐོང་བ་དང་། རྨི་ལམ་དུ་ཆུ་ཆེན་པོ་བརྒལ་བ། ཆུར་ཉལ་བ་ལ་སོགས་པ་འབྱུང་། དེ་ཡུན་རིང་འདས་ན་བསམ་གཏན་འཕྲོག་པས་བཅོས་ཐབས་ལ་ནི། ཁ་


ZP04_Page_581
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་དྲོད་ཅན་བཅུད་ཅན་བརྟེན། ཚ་བའི་རིལ་བུ་དང་སྨན་མར་ལ་སོགས་པ་གཏོང་། ཏིང་ངེ་འཛིན་གྱི་ཁྱད་པར་ནི་མན་ངག་ལྟར་ཙཎྜ་ལི་བསྒོམ། ཡང་ན་དྲོད་བཙན་ཐབས་སུ་སྤར་བ་ནི་རྐང་པ་གཡས་པའི་མཐིལ་གྱིས་གཡོན་པའི་བོལ་མནན། ལག་པས་པུས་སོར་འཁྱུད་ལ། རྐང་ལག་གི་མཐེབ་ཆེན་བཞི་མར་མེ་འབར་བ་བཞིན་བསམ། ལྟེ་བར་ཨཿདམར་པོ་བྱེ་རུ་ལྟ་བུ་ལ་དམིགས་ཏེ་སྟེང་འོག་གི་རླུང་དྲག་ཏུ་མནན་ཅིང་འཐེན་པས། ཨ་ལས་མེ་འབར་བས་ལུས་ཀྱི་ནང་ཐམས་ཅད་ཁེངས་ཏེ་བ་སྤུའི་བུ་ག་མེ་སྟག་ཏུ་དམར་ཆི་ལི་ལི་སྒོམ། ཁྱད་པར་དུ་ལྟེ་བར་མེ་དམར་ཧྲིལ་ལེ་འབར་བ་སྒོམ། དེ་ནི་ཆུ་མེ་རུ་རོ་མཉམ་པའོ། །འབྱུང་བ་མེ་ཤས་ཆེ་བས་མེའི་ཉམས་ལ་བརྟུགས་པ་ནི། དྲོད་ཆེ་སྤུ་ལུས་ཐམས་ཅད་ཚ་ཞིང་འབྲབ་པ་དང་། སྟོད་གཟེར་བ། སྐོམ་དད་ཆེ། ཁ་ཁ་ཞིང་སྐམ་པོར་འགྲོ། མགོན། མཉམ་པར་བཞག་ན་རྡུལ་འབྱུང་། ལུས་ཉམས་ཆུང་བའོ། སེམས་ཉམས་ལ་ཤེས་པ་བྱིང་ངེ་འཐིབས་སེ་བ། འོག་ཏུ་ལྟུང་སྙམ་བྱེད། སེམས་སྣང་ལ་མེ་ཆེན་པོ་འབར་བ་སྣང་ངོ་། །དེ་བསལ་ཞིང་བོགས་དབྱུང་བ་ནི། དྲོད་དང་བྲལ་བའི་གདམས་ངག་བྱ་སྟེ། ཟས་དྲོད་ཅན་སྤང་ནས་བསིལ་ཟས་ཟ། ཆུ་གྲང་གིས་ལུས་ཡང་ཡང་བཀྲུ། ས་བསིལ་སར་འདུག །ཁྱད་པར་དུ་རྡོ་རྗེ་སེམས་དཔའི་ཆུས་བཀྲུས་ཏེ།


ZP04_Page_582
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་བླ་མ་བསམ་ལ་གསོལ་བ་བཏབ་པས། བླ་མའི་བྱིན་རླབས་གངས་ཆུའམ་ག་བུར་གྱི་ཆུ་ལྟར་གྲངས་སི་ལི་ལི་བབ། ལུས་ཕྱི་ནང་ཐམས་ཅད་དག་པར་བཀྲུས་པས། ལུས་སེམས་བྲང་སིངས་ཀྱིས་སོང་བར་བསམ་སྟེ། མེ་ཆུ་རུ་རོ་མཉམ་པའོ། །འབྱུང་བ་རླུང་ཤས་ཆེ་བས་རླུང་གི་ཉམས་ལ་བརྟགས་པ་ནི། ལུས་ཉམས་སུ་ལུས་ཡང་ཞིང་རྐང་པ་མགྱོགས་པ་དང་། འགྲོ་སྙིང་འདོད་པ་དང་། ཤ་འཕྲིག་པ་དང་། སྙིང་སྡུག་ཅིང་ཤུགས་འདྲེན་པ་འབྱུང་། སེམས་ཉམས་སུ་སེམས་མི་དགའ་འཕྱོངས་པ་ཁྱེར་བ་དང་། བདེ་བ་མེད་བར་རྣམ་རྟོག་གི་འདུ་འཕྲོ་དུ་མ་བྱེད་པ་འབྱུང་། སེམས་སྣང་ལ་སྐབས་སུ་རླུང་འཚུབ་ཀྱི་སྣང་བ་འོད། རྨི་ལམ་དུ་རང་འཕུར་བ་དང་བྱ་མང་པོ་འཕུར་བ་རྨི། དེ་བསལ་ཞིང་བོགས་དབྱུང་བ་ནི། གནས་དབེན་པར་ཁ་ཟས་བཅུད་ཅན་བརྟེན། ལུས་ལ་བཀུ་མཉེ་བྱ། དེ་ནས་རི་རྩེའམ་ས་མཐོ་སར་ཕྱིན་ལག་ན་རྐྱལ་རུ་ཉལ་སྟེ་ཡན་ལག་ཐམས་ཅད་བརྐྱང་ལ་ལུས་ས་ལ་བོར་ཐབས་སུ་བཞག །སེམས་ནམ་མཁར་ཡལ་ཐབས་སུ་བཞག །དེ་ནས་ཅུང་ཞིག་ནད་ལ་བུས་ལངས་ཏེ་སྐྱིལ་ཀྲུང་བཅས་ཏེ་མིག་བར་སྣང་ལ་ཧད་དེ་བཞག །ཡང་སྔ་མ་དེ་ལྷར་བཞག་སྟེ་དེ་གཉིས་ཡང་ཡང་བྱའོ། །རེས་འགའ་སེམས་ནང་དུ་སྐུམ་ལ་དུས་གསུམ་གྱི་རྟོག་པས་མ་བསྐྱོད་པར་སལ་ལེ་ཧྲིག་གེ་སྟོང་སང་ངེ་བའི་ངང་ལ་བཞག །


ZP04_Page_583
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་ལུས་སེམས་བརྟན་པའི་མན་ངག་གིས་རླུང་ས་རུ་རོ་མཉམ་མོ། །ནམ་མཁའི་ཁམས་ཤས་ཆེ་བས་ནམ་མཁའི་ཁམས་ལ་འཇུགས་པ་ནི་ལུས་ཉམས་ལུས་ལ་བདེ་བ་མེད། རེས་འགའ་ལུས་མེད་པའམ་སྟོང་སྙམ་བྱེད། །སེམས་ཉམས་སུ་སྟོང་པ་ཧད་པོ་ལ་རྒྱུན་ཆད་མེད། རྨི་ཉམས་སུ་ལུས་དངོས་པོ་གང་ལ་ཡང་ཐོགས་པ་མེད་པར་ཕྱམ་འགྲོ་བ་འབྱུང་། དེ་ཉིད་བོགས་དབྱུང་བ་ནི། དངས་མའི་ཤེས་པ་སལ་ལེ་ཧྲིག་གེ་བ་བསླབ། མདོར་ན་རིག་པ་རྗེན་ནེ་ད་ལམ་དུ་འཁྱེར། མཉམ་བཞག་བོར་ལ་རྗེས་ཐོབ་ཀྱི་རིག་པ་གསལ་ལ་ངར་དང་བཅས་པས་སྤྱོད་ལམ་སྣ་ཚོགས་པ་ལ་བསླབ་བོ། དེ་ནི་སྟོང་པ་སྣང་བ་ལ་རོ་མཉམ་པ་ཞེས་བྱའོ། །བཅུ་གཅིག་པ་འབྱམས་པ་བཅད་པ་ནི། ལམ་སྒོམ་པའི་སྟོབས་ཀྱིས་ལྟེ་བར་རིགས་དྲུག་གི་ས་བོན་གྱི་ཡི་གེར་རླུང་སེམས་མཉམ་པར་འདུས་ན་རིག་དྲུག་གི་ཉམས་སྣང་འཆར་ཏེ། ལྷའི་ས་བོན་ཨ་དཀར་པོར་རླུང་སེམས་འདུས་ནས། ལུས་ཉམས་སུ་རང་ལུས་ལྷའི་ལུས་ཡིན་སྙམ་བྱེད་ཅིང་། མེ་ཏོག་གི་ཕྲེང་བ་འདོགས་པ་སོགས་ལུས་ཀྱི་སྤྱོད་ལམ་འགྱུར་པ་དང་། ངག་སང་ཀྲྀ་ཧའི་སྐད་བརྗོད་པ་ལ་སོགས་འབྱུང་། མཐོང་སྣང་ལྷའི་གནས་དང་ལྷ་རྣམས་མཐོང་། རྨི་ལམ་དུ་ཡང་དེ་རྣམས་འབྱུང་། མིའི་ས་བོན་ཡི་གེ་ཎི་སྔོན་པོར་འདུས་ན་ལུས་ཉམས་སྔར་བས་ཀྱང་འཇིག་རྟེན་


ZP04_Page_584
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཆོས་ལ་ལྷག་པར་དགའ་ཞིང་ཞེན་པ་དང་། མི་ཡུལ་སྣ་ཚོགས་ཀྱི་སྤྱོད་ལམ་དང་ཆ་ལུགས་འགྱུར་བ་འབྱུང་། ངག་ཡུལ་སོ་སོའི་སྐད་དང་གཏམ་རྒྱུད་སྣ་ཚོགས་བརྗོད་པ་འབྱུང་། མཐོང་སྣང་མིའི་ཡུལ་གླིང་བཞི་ལ་སོགས་པ་མཐོང་ཞིང་དེ་རྣམས་རྨི་ལམ་དུའང་འབྱུང་། ལྷ་མ་ཡིན་གྱི་ས་བོན་སུ་ཡིག་སེར་པོར་འདུས་ན་སྔར་བས་ཁྲོ་ཞིང་ཚིག་པ་ཟ་བ་དང་། མཚོན་ཆ་དང་རྡོ་དབྱུག་ལེན་པ་སོགས་ལུས་ཀྱི་སྤྱོད་ལམ་འགྱུར། །ངག་རྒྱོབ་སོད་ལ་སོགས་སྨྲ། མཐོང་སྣང་ལྷ་མིན་གྱི་གནས་དང་འཐབ་རྩོད་བྱེད་པ་སྣང་། རྨི་ལམ་ཡང་དེ་རྣམས་རྨི། ཡི་དྭགས་ཀྱི་ས་བོན་པྲེ་སེར་པོར་རླུང་སེམས་འདུས་ན། ཟོས་ཀྱང་ལྟོག་ཅིང་འཐུང་ཀྱང་སྐོམ་པ་དང་། ཟས་སྐོམ་གྱི་གཏམ་དང་ཟས་སྐོམ་འཚོལ་བའི་སྤྱོད་ལམ་བྱེད་ཡི་དྭགས་ཀྱི་གནས་དང་ཡི་དྭགས་རྣམས་མཐོང་ཞིང་རྨི་ལམ་དུ་དེ་རྣམས་འབྱུང་། དུད་འགྲོའི་ས་བོན་དུ་ཡིག་དུད་ཁར་འདུས་ན་ཤེས་པ་རྨོངས་ཞིང་གཙང་རྩོག་ཆུང་། དུད་འགྲོའི་སྐད་དང་སྤྱོད་ལམ་སྣ་ཚོགས་བྱེད། མཐོང་སྣང་ནི་དུད་འགྲོའི་གནས་རྒྱ་མཚོ་ཆེན་པོ་དང་དུད་འགྲོ་དུ་མ་མཐོང་ཞིང་རྨི་ལམ་དུ་ཡང་དེ་རྣམས་རྨིའོ། དམྱལ་བའི་ས་བོན་ཎི་ཡིག་ནག་པོར་རླུང་སེམས་འདུས་ན་ཚ་གྲང་གི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་ཞིང་ལུས་ཀྱི་སྤྱོད་ལམ་ཙབ་ཙོབ་བ་སྣ་ཚོགས་བྱེད། ཀྱེ་ཧུད་ལ་སོགས་པའི་སྡུག་སྐད་འདོན། མཐོང་སྣང་ཡང་


ZP04_Page_585
[མ་དཔེ་གཟིགས་ན་འདིར་གནོན།]

དམྱལ་བའི་གནས་དང་སེམས་ཅན་རྣམས་མཐོང་ཞིང་རྨི་ལམ་ཡང་དེ་རྣམས་འབྱུང་། དེ་ལྟར་རིགས་དྲུག་གི་སྣང་བ་དེ་དག་ཡོངས་སུ་རྫོགས་པར་བྱུང་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སྟེ། ཕྱིན་ཆད་རིགས་དྲུག་ཏུ་མི་སྐྱེ་བར་ངེས་སོ། །ཉམས་དེ་ཉིད་འབྱམས་ནས་དེ་འཕྲོར་ཤིན་གང་འབྱམས་པ་དེ་ཉིད་དུ་སྐྱེ་བས་འབྱམས་པ་བཅད་དགོས། དེ་ཡང་ཉམས་ཐམས་ཅད་ཞག་བདུན་ཚུན་ཆད་བྱུང་རྒྱལ་དུ་བསྐྱངས། དེར་མ་ཞི་ན་བཅད་ཚུལ་ནི། དང་པོ་དམྱལ་བའི་ཉམས་འབྱམས་པ་ལ། ཏྲི་ནག་པོ་དེ་གཤང་ལམ་དུ་བསམས་ལ། དེ་ཉིད་བརླའི་རྩ་བོ་ཆེ་ནས་མར་ཞུགས་ཏེ་རྐང་མཐིལ་དུ་ཐོན་པར་བསམས་པས་ཉམས་དེ་ཆད་དོ། །ཡང་ན་རྐང་པ་གཉིས་པུས་མོ་མན་ཆད་ཆུ་གྲང་མོར་བཅུག་པས་དེར་ཡིད་འདུས་ནས་ཉམས་འཆད་དོ། །དུད་འགྲོའི་ཉམས་འབྱམས་ན། བཤང་གཅིག་གཉིས་ཀའི་བར་དུ་བསིལ་བའི་དྲི་སྣ་ཚོགས་ཀྱིས་གྲི་གུག་གི་གཟུགས་སམ་གཡུང་དྲུང་འཁྱིལ་པ་ཡང་ཡང་བྲིས་ན་འཆད་དོ། །དེ་བཞིན་དུ་ཡི་དྭགས་ཀྱི་ཉམས་འབྱམས་ན་ལྟེ་བར་པྲེ། མིའི་ཉམས་འབྱམས་ན་སྙིང་འཕར་པའི་གནས་སུ་ནི། ལྷ་དང་ལྷ་མ་ཡིན་གྱི་ཉམས་འབྱམས་ན་མཛོད་སྤུའི་གནས་སུ་ཡང་དང་ཡང་དུ་བྲིས་ན་ཆད་དོ། །འོ་ན་ངན་སོང་གསུམ་དང་ལྷ་མིན་གྱི་ཉམས་གཅོད་པ་འཐད་ཀྱང་། ལྷ་མི་གཉིས་ཀྱི་ཉམས་


ZP04_Page_586
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པར་མི་འོས་ཏེ། དེ་གཉིས་གཅོད་དགོས་ན་འཆི་ཁ་མ་བདེ་འགྲོར་སྦྱོར་བ་དོན་མེད་དོ་ཞེ་ན། དེ་ནི་དབང་པོ་ཐ་མས་ངན་འགྲོར་འགྲོ་བ་དེ་ཉིད་བདེ་འགྲོར་སྦྱོར་བ་ཡིན་གྱི། དབང་པོ་དང་སྦྱངས་པ་རབ་རིག་པ་འཛིན་པར་བྱེད་པ་ལ་ལྟོས་ན་ལྷ་དང་མི་ཡང་འཁོར་བ་ཡིན་པས་དེ་གཉིས་ཀྱང་གཅོད་དགོས་སོ། །གལ་ཏེ་གོང་གི་རི་མོས་མ་ཆོད་ན། རྐང་པ་སྐྱིལ་ཀྲུང་བྱས་ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ། མིག་ཅུང་ཟད་གྱེན་ལ་བཟློག་སྟེ། སྟོབས་ཀྱིས་ཧཱུྃ་ཉེར་བརྒྱད་དམ་ཞེ་བརྒྱད་ལ་སོགས་པ་བརྗོད་ལ་ལུས་གཡས་གཡོན་དུ་གཡོ་མས་ན་ཉམས་གང་འབྱམས་པ་དེ་འཆད་དོ། །གཞན་ཡང་རྣལ་འབྱོར་པ་ལམ་སྒོམ་སྟོབས་ཀྱིས་སྙིང་ཁ་ན་དུག་ལྔའི་ས་བོན་གྱི་ཡི་གེ་ཡོད་པས་ཧཱུྃ་ལ་རླུང་སེམས་འདུས་ན་རྐྱེན་མེད་པར་ཉམས་གསུམ་ཀ་ལ་ཞེ་སྡང་རང་བྱུང་དུ་སྐྱེའོ། །བྷྲཱུྃཿདུ་རླུང་སེམས་འདུས་ན་གཏི་མུག །ཨོཾ་ལ་འདུས་ན་སེར་སྣ། ཛི་ལ་འདུས་ན་འདོད་ཆགས། ཁྃཿདུ་འདུས་ན་ཕྲག་དོག་སྐྱེའོ། །དེ་དག་གཞན་རྒྱུད་ལ་ཡང་སྐྱེས་པར་སྣང་བ་འབྱུང་ངོ་། །དེ་ཡང་རྩ་རླུང་གི་རྟེན་འབྲེལ་དུ་མ་ཤེས་ན་བདུད་འཇུག་ཅིང་དུག་ལྔ་འབྱམས་ན་ངན་སོང་དུ་འགྲོ་བས། དང་པོ་དེ་ཉིད་རྩ་རླུང་གི་རྟེན་འབྲེལ་དུ་ངོ་ཤེས་པར་བྱས་ན་ཞག་བདུན་ལ་སོགས་པར་བྱུང་རྒྱལ་དུ་བསྐྱངས་པས་རང་ཞིར་འགྲོའོ། །གལ་ཏེ་དེས་མ་ཞི་ན་ཉོན་མོངས་པ་གང་


ZP04_Page_587
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པ་དེ་ཉིད་ཀྱི་སྟེང་དུ་རིག་པ་བཙིར་གནོན་བྱས་ཏེ་སྒོམ་པས་སེལ་ལོ། །དེས་མ་ཞི་ན་རླུང་ཁ་སྦྱར་ལ་སྙིང་ཁའི་ཡི་གེ་གང་ཡིན་པ་དེ་ཉིད་ལ་ཤེས་པ་གཏད་པས་ཞི་བར་འགྱུར་རོ། །བཅུ་གཉིས་པ་གྲིབ་མ་བསལ་བ་ནི། རྟག་ཏུ་དབེན་པར་སྒྲུབ་པ་བྱེད་པའི་རྣལ་འབྱོར་པ་ལ་ཕ་རོལ་གྱི་མི་གཙང་བའི་གྲིབ་མ་འབྱུང་སྟེ། དེ་ཡང་གྲིབ་མ་ལ་དྲུག་སྟེ། དམ་ཚིག་ཉམས་པའི་གྲིབ་མ། རང་གི་དམ་ཚིག་ཕྲ་རགས་ཉམས་པ་དང་། ཉམས་པ་གཞན་དང་འཕྲད་པ། གདོན་གྱི་གྲིབ་མ་མི་ནོར་ལ་འཁྲིས་ཏེ་གདོན་གྱི་གྲིབ་མ་ཕོག་པ་འོ། །གྲོགས་ངན་པའི་གྲིབ་མ། དགྲ་ཟླ་དང་སྡིག་ཅན་འགྲོགས་པའི། ཟས་ཀྱི་གྲིབ། མི་གཙང་བའི་ལ་གནས་འོང་བ་སོགས། གནས་ཀྱི་གྲིབ། གནས་མི་གཙང་བའམ་བཀྲ་མི་ཤིས་པའི་གནས། རོ་གྲིབ་བོ། རོ་ཐ་མལ་པ་ལ་འཇུས་ན་འོང་། ཆོས་འབྲེལ་ཡོད་པའི་གྲོགས་སྙིང་དང་འདྲ་བ་ལ་མི་འོང་། དེའི་ནང་ནས་ཆེ་བ་དམ་གྲིབ་ཡིན། བར་གྱི་བཞི་པོ་འབྲིང་། རོ་གྲིབ་ཆུང་བའོ། །གྲིབ་མ་དེ་གསུམ་གང་ཡིན་རྨི་ལམ་གྱིས་ཤེས་ཏེ། ཤིག་དང་འབུ་དང་འདམ་རྫབ་དང་དྲི་ཆེན་ལ་སོགས་པ་ལུས་ལ་འགོས་པ་རྨིས་ན་གྲིབ་མ་ཆེན་པོ། གོས་ལ་འགོས་པ་རྨིས་ན་འབྲིང་། གནས་ཁང་ལ་སྤགས་པ་རྨིས་ན་ཆུང་ངུའོ། གྲིབ་མ་ཆེན་པོ་ཕོག་ན་སྙིང་མི་བདེའོ། །སྲོག་འཕྲོག །འབྲིང་གིས་ལུས་ལྕི་ཚིག་པ་ཟ། ལུས་སེམས་ལ་ན་ཚ་སྡུག་བསྔལ་འོང་། ཆུང་ངུས་ཀྱང་ཏིང་ངེ་འཛིན་


ZP04_Page_588
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་མི་འདོད་པ་འོང་། གྲིབ་བསལ་ཚུལ་ནི། གྲིབ་མཆེན་པོ་ལ་བླ་མ་བཞུགས་ན་དབང་ཞུ། མི་བཞུགས་ན་བདག་འཇུག་བླང་པས་སེལ་ལོ། །འབྲིང་དམ་ལྡན་གྱི་རྣལ་འབྱོར་ལྷ་གྲངས་དང་མཉམ་པ་ལ་ཚོགས་འཁོར་བྱས་པས་སེལ། ཆུང་ངུ་ཁྲུས་ཀྱིས་སེལ་ལོ། །གཞན་ཡང་སྔགས་དང་རྟེན་འབྲེལ་ཟབ་མོས་བསལ་བ་དང་། ཚ་ཚ་གདབ་པ་སྲོག་བསླུ་ངག་གི་སྨྲེ་བཤགས་རྣམས་ཀྱིས་སེལ་ལོ། །གེགས་དེ་དག་ཐམས་ཅད་ཀྱི་སྤྱིའི་བསལ་ཐབས་ནི། ལུས་ཀྱི་འབྱུང་བ་འཁྲུགས་པ་དང་། ཕྱི་རོལ་གདོན་གྱི་རྐྱེན་དང་། བསྒོམས་སྐྱོན་ལ་སོགས་པའི་རྐྱེན་གྱིས་ལུས་སེམས་ལ་མི་བདེ་བ་ཅི་བྱུང་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་དུ་ཤེས་པར་བྱ། སྣང་བ་དེ་ཡང་མེད་སྣང་སྒྱུ་མ་ཙམ་དུ་ཤེས་པར་བྱ། སྒྱུ་མ་ངོ་བོས་སྟོང་ཞིང་བདག་མེད་པར་ཤེས་པར་བྱ། སྟོང་པ་བདག་མེད་པ་ལ་བདེ་སྡུག་མེད་པར་ཤེས་པར་བྱས་ལ་བདེ་སྡུག་ཐམས་ཅད་རྩིས་མེད་བྱུང་རྒྱལ་དུ་བསྐྱངས་པ་ནི་ཐབས་ཀྱི་མཆོག་ཡིན་པས་གེགས་ཐམས་ཅད་རང་གྲོལ་དུ་འགྲོ་བར་ངེས་སོ། །དེ་ལྟར་ཤེས་ཀྱང་རང་གྲོལ་དུ་མ་སོང་ན། ལུས་སེམས་མི་བདེ་བ་སྒྱུ་མ་ཙམ་དེ་ཉིད་ལམ་གྱི་ཆ་རྐྱེན་དུ་ཤེས་པར་བྱས་ལ། སེམས་ཀྱི་ལྟ་ཡུལ། སྒོམ་པའི་སྤྱོད་ཡུལ་དུ་ཤེས་པར་བྱས་ལ་ལམ་དུ་འཁྱེར་རོ། །སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་


ZP04_Page_589
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདེ་སྡུག་གཏོང་ལེན་གྱི་དམིགས་པ་ལ་རིག་པའི་རྩལ་སྦྱངས་པས་སྐྱོན་ཀུན་ཡོན་ཏན་དུ་འཆར། བར་ཆད་དངོས་གྲུབ་ཏུ་འབྱུང་ངོ་། །གལ་ཏེ་ཤེས་རབ་དང་གཉེན་པོའི་སྟོབས་ཆུང་བས་ན་ཚ་དང་སྡུག་བསྔལ་ལམ་དུ་མ་ལྷོངས་ཞིང་ཟུག་རྔུ་དྲག་པོའི་དབང་དུ་གྱུར་ན། སློབ་དཔོན་བིར་ཝ་པའི་བྱིན་རླབས་རྣམ་པ་དྲུག་བྱ་བ་ནི། བླ་མ་དམ་པས་བྱིན་གྱིས་བརླབས་པ་དང་། བླ་མ་བརྒྱུད་པ་དང་བཅས་སྤྱི་བོར་ཡང་ཡང་བསྟིམ། ཡི་དམ་ལྷ་ཡིས་བྱིན༴ ཡེ་ཤེས་པ་ཡང་ཡང་བསྟིམ། ཕྱི་ནང་མཁའ་འགྲོའི་བྱིན། ཚོགས་དང་གཏོར་མ་ཡང་ཡང་བྱ། མདོ་རྒྱུད་ཟབ་མོས་བྱིན༴ རྣམས་འདོན། སྣང་བ་སྣ་ཚོགས་ཀྱིས༴ འདོད་ཡོན་ལྔ་ཅི་རིགས་རྟེན་པ་དང་། ལུས་སྦྱོང་བ་བྱ་བ་དང་། ན་སར་དམིགས་པ་གཏད་པ་དང་། སྨན་དང་ཁ་ཟས་ཀྱི་རོ་མཉམ་པ་དང་། གཞན་ཡང་དམ་པའི་རྟེན་འབྲེལ་རྣམས་བྱའོ། །རྟེན་འབྲེལ་ཟབ་མོའི་བྱིན་གྱིས་རླབས་པའོ། གཞན་ཡང་སྲོག་བསླུ་དང་། ལམ་འཕྲང་བཅོས་པ། སྐུ་གཟུགས་བཞེངས་པ། ཟང་ཟིང་གི་མཆོད་སྦྱིན་སྤོང་དག་བྱེད་པ། འབྱུང་པོ་ཡེ་དྭགས་ལ་གཏོར་མ་བཏང་བ་སོགས་ལ་བསོད་ནམས་ཀྱི་ལས་བྱས་པས་ནད་དང་སྡུག་བསྔལ་ཐམས་ཅད་རང་ཞིར་འགྲོའོ། །གལ་ཏེ་ཅིས་ཀྱང་མ་སེལ་ན། སྔོན་གྱི་ལས་ངན་ཚབ་པོ་ཆེ་སྨིན་པ་ཡིན་པས་དེ་ཉིད་ཁོ་ན་སྒྲིབ་སྦྱང་དུ་བྱས་ལ་བཟོད་པའི་གོ་ཆ་གོན་ཏེ། །


ZP04_Page_590
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཚ་སྡུག་བསྔལ་ལ་དགའ་བ་སྒོམས་པས་སྔོན་གྱི་ལས་ངན་རྣམས་སྡུག་བསྔལ་དེ་ཉིད་ཀྱིས་བྱང་ནས་ཕྱིན་ཆད་བདེ་བ་ནས་བདེ་བར་འགྲོ་བར་འགྱུར་རོ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །ཉམས་རྟོགས་འཕེལ་དུ་མི་སྟེར་བའི། །གེགས་ཀྱི་རྣམ་པ་མང་ཡོད་ཀྱང་། །དེ་ཉིད་བསལ་དགོས་མི་དགོས་པའི། །གང་ཟག་རྣམ་པ་གཉིས་ཡོད་དེ། །ཉམས་རྟོགས་ཅུང་ཟད་སྐྱེས་གྱུར་ཀྱང་། །ཤེས་རབ་བློ་སྟོབས་ཞན་པ་དག །སོ་མི་ཐུབ་ཅིང་རྐྱེན་གྱིས་འཕྲོག །དེ་ལ་གེགས་སེལ་ཤིན་ཏུ་གཅེས། །གེགས་སེལ་མན་ངག་མང་བཤད་ཀྱང་། །གཅིག་ཏུ་རང་བློ་བརྟེན་པ་གཅེས། །གཉིས་སུ་བླ་མར་མོས་གུས་གཅེས། །གསུམ་དུ་བླ་མའི་མན་ངག་གཅེས། །བཞི་རུ་དམིགས་པ་རྣོ་བ་གཅེས། །ལྔ་རུ་ཀུན་ལ་ཆགས་མེད་གཅེས། །གང་ཞིག་བློ་ལྡན་སྐྱེས་བུ་དག །གནས་ལུགས་རྟོགས་པས་ཐག་ཆོད་ཅིང་། །ཉམས་མྱོང་རིག་པའི་གཞི་ཟིན་པས། །ཅི་སྣང་ཅི་ཤར་ཆོས་ཉིད་གྲོགས། །སྐྱོན་རྣམས་ཡོན་ཏན་བསྒྱུར་ཤེས་ཤིང་། །བར་གཅོད་དངོས་གྲུབ་ལེན་ཤེས་ན། །སྐྱོན་དང་གེགས་ནི་ཅི་བྱུང་ཀུན། །རྣལ་འབྱོར་ལམ་གྱི་གྲོགས་སུ་ཆེ། །སྐྱོན་རྣམས་ཡོན་ཏན་བསྐྱེད་པའི་རྒྱུ། །གེགས་ནི་ཉམས་ཀྱི་བོགས་འབྱིན་རྒྱུ། །བར་གཅོད་དངོས་གྲུབ་ཐོབ་པའི་རྒྱུ། །གལ་ཏེ་སྐྱོན་མེད་ཡོན་ཏན་མེད། །བར་གཅོད་མེད་ན་དངོས་གྲུབ་མེད། །དེ་ཕྱིར་སྐྱོན་དང་གེགས་རྣམས་ནི། །


ZP04_Page_591
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་བ་ལ་རླུང་བསྐྱོད་བཞིན། །ཉམས་རྟོགས་ལྡན་པའི་རྣལ་འབྱོར་གྱི། །བློ་སྣ་སྤོར་བའི་གྲོགས་སུ་ཆེ། མན་ངག་རིན་པོ་ཆེ་སྤུངས་པ་ལས་ལམ་གྱི་གེགས་བསལ་བའི་སྐབས་ལེའུ་བཅུ་གཉིས་པའི་གནད་བསྡུས་སོ།། ༈ སྔར་གྱི་རླུང་རེངས་པ་བཅོས་ཚུལ་གྱི་སྐོར་ལས། བཞི་པ་སྟེང་རླུང་སྲོག་གི་རླུང་དང་འགྲོགས་སྟེ་འོག་ཏུ་བླུགས་པ་ནི། ལྟེ་བ་ཡན་ཆད་ཀྱི་སྲོག་འཛིན་པའི་རླུང་དང་འགྲོགས་ཏེ་འོག་ཏུ་བླུགས་པ་དེའི་ཚེ། ཐུར་སེལ་གྱི་ལམ་ནས་ཐུར་སེར་གྱི་རླུང་མ་ཤོང་བས་ཐུར་སེལ་གྱི་རླུང་འགག་སྟེ། ཕོ་བ་སྦོས་ཤིང་ཟུག་ཟེར་དྲག་པོ་འབྱུང་། རྩ་ཆུའི་ལམ་སྡོམ་ཞིང་རྩ་རྣམས་རིམ་གྱིས་སྡུད་པར་འགྱུར་ལ་དེས་ཤེས་པ་མི་གསལ་བར་འགྱུར་ཞིང་ཞག་གཅིག་འདས་ན་འཆི་བར་འགྱུར། དེ་ནི་མི་རྟོག་པ་རྒྱུད་ལ་སྐྱེས་པའམ། མཆོད་རྒྱུག་དྲག་ཤུལ་གྱི་ལས་བྱས་པ་ལས་འབྱུང་བ་ཡིན་པས་དེ་ཞི་བར་བྱ་བ་ནི་ལྟེ་བའི་འོག་དར་རམ་རས་སམ་བལ་གྱི་ཕོ་ལྡེ་ཧ་ཅང་དམ་ཆེ་བ་ལྷོད་ཆེ་བ་གཉིས་ཀ་མིན་པར་སྲ་སྙི་རན་པ་གཅིག་བཞག་ལ་དེའི་སྟེང་དུ་སྐེ་རགས་ལྟ་བུས་ཡེ་མི་དམ་ཙམ་དུ་བསྡམ། དེ་ནས་གྲོགས་ཡོད་པའམ། མེད་ན་རང་གིས་རང་ཉིད་མགོ་མཇུག་བཟློག་སྟེ། རོག་ཡོད་ན་སྐེད་པ་ནས་བཟུང་བཅུག །རང་གི་ལག་གཉིས་རྐེད་པའམ་ས་ལ་བཙུགས་ཏེ་མགོ་བོས་ལམ་ཐུག་པར་བྱ། རླུང་ཐུར་དུ་བླུགས་པ་གྱེན་ལ་བཟློག་པ་ནི། །


ZP04_Page_592
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རང་གི་ལུས་གཡས་སུ་གཅུ་དེ་ནས་གཡོན་དུ་གཅུག །དེ་ནས་གྲོགས་ཀྱིས་རྐང་མཐིལ་གཉིས་ནས་ཁུ་ཚུར་གྱིས་བརྡུང་། གྲོགས་མེད་ན་རང་གི་རྐང་པ་གྱེན་དུ་བསྟན་ལ་བརྐྱང་བསྐུམ་དྲག་ཏུ་བྱ། ཡང་ནས་ཡང་དུ་རྗི་བཅག་བྱ། རྒལ་ཚིག་ཟད་པའི་གཞུ་གུ་ཆུང་ནས་བཟུང་སྟེ་ལྟག་ཁུང་གི་ཨན་ཟོང་རུས་པའི་བར་དུ་ཁུ་ཚུལ་གྱིས་བརྡུང་། འདི་ལན་གཅིག་ཙམ་ལས་མི་བྱ། ཤེས་པ་མི་གསལ་ན་ནམ་མཁའ་སྟོང་པ་དྲན་པར་བྱ། དེས་ཁ་ནས་ཆུ་སྔོན་པོ་སྐྱུགས་པ་འབྱུང་། སྒྲེགས་པ་འོང་སྟེ་དེ་བྱུང་བ་དང་ཆང་མིན་པའི་སིང་པོ་སྐོལ་བ་བཏང་། ཁ་ནས་སྒྲེགས་པ་ལན་མང་འདོན། དེ་ནས་དལ་བུས་ལངས་ཞིང་ས་ལ་ཉལ་ཏེ་རྐང་མཐིལ་དུ་བྱུག་པ་བྱ་ཞིང་ཡང་ཡང་མཉེ། དེ་ནས་ཁ་ཟས་རིམ་གྱིས་བཏང་སྟེ་ཞག་གཅིག་འདས་པ་དང་ཤེས་པ་ཉོགས་སེ་ལྡབས་སེ་བ་གཅིག་འབྱུང་ལ་དེས་སྐྱོན་ལས་གྲོལ་ཏེ་བདེ་སྟོང་ལ་སོགས་པའི་རྟོགས་པ་ངེས་པར་མཆོག་ཏུ་འགྱུར་རོ། །ལྔ་པ་ལྟེ་བ་མན་ཆད་ཀྱི་རླུང་ཐུར་ལ་འགྲོ་བ་དེ་སྙིང་ཁ་སྲོག་གི་རླུང་དང་འགྲོགས་ཏེ་སྟེང་དུ་ཧག་པ་ནི། མགྲིན་པའི་རྩ་མདུད་དམ་པས་རླུང་མ་ཤོང་སྟེ། དེས་རོ་སྟོད་གཟེར་ཞིང་ན་རླུང་མི་ཐོན་ཞིང་ནང་དུ་བསྡུད་མི་ཤེས། རྐང་ལག་ཀྱང་བསྡུད་མི་ཤེས་རྩ་རྣམས་ཀྱང་རིམ་གྱིས་བསྡུད་དེ་ཞག་གཅིག་འདས་ན་འཆི་པར་འགྱུར་བས་དེ་བཅོས་པ་ནི། སྙིང་འཕར་བའི་གནས་ནུམ་གཉིས་ཀྱི་ཐད་ཀ་


ZP04_Page_593
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་དར་རས་བལ་ལ་སོགས་པའི་ཕོ་ལྡོ་བཞག་སྐེ་རགས་ལྟ་བུས་རན་པར་བསྡམ་ལ་དེ་ནས་གྲོགས་ཀྱིས་བསླང་སྟི། རླུང་མར་ལ་བཟློག་པ་ནི་རྐང་པ་གཉིས་གཤིབ་ལ་དྲག་ཤུལ་དུ་མཆོང་། ནས་དང་པོ་མགོ་བོ་ནས་ཁུ་ཚུར་གྱིས་བརྡུང་། །དེ་ནས་ལུས་ཐམས་ཅད་ཁྱབ་པར་རིམ་གྱིས་བརྡུང་། དེ་ནས་ཨན་ཐོང་དུས་པ་ནས་རྒལ་ཚིགས་ཟད་པའི་གཞུག་གུ་ཆུང་གི་བར་དུ་ཁུ་ཚུར་གྱིས་རིམ་གྱིས་བརྡུང་། །རྐང་མཐིལ་དང་ལག་མཐིལ་དུ་མཉེ་ཞིང་བྱུགས་པ་བྱ། དེ་ནས་ཉིན་ཞག་གཅིག་འདས་ནས་ལོག་པའི་ཤེས་པ་མྱོགས་སེ་ལྡབས་སེ་བ་བྱུང་ན་སྐྱོན་ལས་གྲོལ་བར་འགྱུར་རོ། །འདི་ཡང་ཡང་འབྱུང་བ་ཡིན་པས་དེ་ལྟར་བཅོས་པར་བྱ། ཕྱིས་མི་འབྱུང་བའི་ཐབས་ནི། སྟེང་རླུང་མནན་ཅིང་ཤེས་པ་ལྟེ་བར་གཏད་དེ། རླུང་བསྡམ་པ་ལན་འགའ་བྱས་པས་ཐུབ་བོ། སྔར་བཤད་པའི་བརྒྱལ་ལ་བསླང་ཚུལ་དེ་ལ། དེ་འདྲ་བྱུང་ན་གྲོགས་ཀྱིས་སྤོས་དུད་དང་ཏིང་ཤག་གི་སྒྲ་སོགས་ཀྱིས་རིམ་གྱིས་དཀྲོག་པ་མ་གཏོགས་ཚབ་ཚུབ་བྱས་ཏེ་དཀྲོག་ན་རྣམ་ཤེས་འཕོ་དོགས་ཡོད་ཅེས་གཞན་ནས་བཤད་དོ། ༈ བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། སྤྱིར་སངས་རྒྱས་ཀྱི་བསྟན་པའི་ལམ་ལ་སྒྲུབ་པ་ཚུལ་བཞིན་ཉམས་སུ་བླངས་པས་ཉམས་རྟོགས་ལ་བརྟན་པ་ཐོབ་པའི་རིམ་པ་དང་། ཕྱིར་མི་ལྡོག་པའི་ས་མཚམས་དང་། །


ZP04_Page_594
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པ་སྒྲོ་སྐུར་བསལ་བ་བསྟན་པ་ནི། དེ་ལ་ཉམས་སུ་བླངས་པས་བརྟན་པ་ཅུང་ཟད་ཐོབ་པའི་རྟགས་ནི། ནང་རྟགས་སུ་ཐ་མལ་གྱི་རྣམ་པར་རྟོག་པས་དབང་བྱས་ནས་ཡེངས་པ་ལ་ལུས་ཚབས་ཆེ་ཡང་ཉམས་དང་རྟོགས་པ་ནམ་སྐྱེ་དགོས་སུ་སླེབ་པའོ། །དེ་ལ་ནམ་འདོད་ན་སྐྱེ་བ་ནི་ནམ་དྲན་པའི་ཚེ་ཕྱི་ནང་གི་དངོས་འཛིན་ཞིག་སྟེ་གཟུགས་སྣང་སྟོང་། སྒྲ་གྲགས་སྟོང་ལ་སོགས་པར་འཆར་རོ། །དགོས་དུས་ན་སླེབ་པ་ནི། ཉོན་མོངས་པ་དང་འཇིགས་པ་ལ་སོགས་པ་ནམ་བྱུང་ཙ་ན་བདག་མེད་སྟོང་པའི་ཉམས་རྟོགས་ཁྲིལ་གྱིས་སླེབ་པ་སྟེ། རྨི་ལམ་ན་ཡང་འཇིགས་པ་བྱུང་དུས་སུ་ཉམས་རྟོགས་ཀྱི་དྲན་པས་སླེབ་པའོ། །དེའི་ཕྱི་རྟགས་སུ་ཆགས་སྡང་གི་སྤྱོད་པ་ཅུང་ཞིག་ཞི་ཞིང་། དངོས་པོའི་ཆགས་ཞེན་ཅུང་ཟད་ལོག་པ་ཞིག་འབྱུང་ངོ་། །ཕྱི་ནང་ཐུན་མོང་གི་རྟགས་ནི། ལུས་ལོངས་སྤྱོད་དགེ་བ་སེམས་ཅན་གྱི་དོན་དུ་ཅུང་ཟད་གཏོང་ནུས་པའོ། བརྟན་པ་འབྲིང་དུ་ཐོབ་པའི་རྟགས་ནི། ནང་རྟགས་སུ་རྐྱེན་གྱི་ཤེས་པ་བག་རེ་ཡེངས་ཀྱང་། དེ་མ་ཐག་ཏུ་དབང་པོ་རང་ལོག་ཏུ་འོང་ཞིང་། རྣམ་རྟོག་དང་ཉོན་མོངས་ལ་བརྟགས་དཔྱད་མི་དགོས་པར་དྲན་པ་སྐད་ཅིག་མས་སྟོང་སྟེ། རྨི་ལམ་ན་ཡང་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལ་སོགས་པར་ཤེས་པ་ཕལ་ཆེར་འབྱུང་། དེའི་ཕྱི་རྟགས་ནི་ཆགས་སྡང་དང་ཡིན་མིན་དང་ལེགས་ཉེས་ཕལ་ཆེར་


ZP04_Page_595
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དགའ་མི་དགའ་མི་འབྱུང་ལ། གལ་ཏེ་བྱུང་ཡང་དེ་མ་ཐག་ཏུ་ལྡོག་ཅིང་ཕྱི་ནང་གི་དངོས་པོའི་ཆགས་ཞེན་ཕལ་ཆེར་ལོག་པ་ཞིག་འབྱུང་ངོ་། །དེའི་ཚེ་ན་གཉིས་ཀའི་ཐུན་མོང་གི་རྟགས་སུ་ལུས་ལོངས་སྤྱོད་དགེ་རྩ་ཕར་ཆེར་སེམས་ཅན་ལ་གཏོང་ནུས་པའོ། །བརྟན་པ་ཆེར་ཐོབ་པའི་རྟགས་ནི། ནང་རྟགས་སུ་ཉམས་རྟོགས་ཆུ་བོའི་རྒྱུན་ལྟར་རྒྱུན་ཆད་མེད་ལ། རྣམ་རྟོག་ཐམས་ཅད་ཆུ་ལ་རི་མོ་བྲིས་པ་ལྟར་འགྲོ་ཞིང་རྨི་ལམ་རང་རྒྱུད་པ་མེད་ཅིང་ཉམས་དང་མ་བྲལ་བ་སེམས་ལ་རྟག་ཏུ་རང་དབང་ཐོབ་པའོ། །ཕྱི་རྟགས་སུ་སྤྱོད་པ་འཇིག་རྟེན་པ་དང་མི་མཐུན་ཅིང་ལུས་ལོངས་སྤྱོད་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ལ་ཆགས་ཞེན་གྱི་འཁྲི་བ་སྐད་ཅིག་ཀྱང་མེད་པ་ཉན་ཐོས་དང་རང་སངས་རྒྱས་དང་མ་འདྲེས་ཤིང་འགྲོ་བ་ཀུན་ལ་ཉེ་རིང་དང་བྱམས་སྡང་མེད་པར་རང་སེམས་སྙོམས་པའོ། །ཕྱི་ནང་ཐུན་མོང་པའི་རྟགས་ནི། ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་རང་འདོད་ཀྱི་འཁྲིས་མེད་པར་སེམས་ཅན་ལ་ལིངས་ཀྱིས་གཏོང་ཞིང་རེ་དོགས་མེད་པར་དངོས་སམ་བརྒྱུད་ནས་གཞན་དོན་འབའ་ཞིག་བྱེད་པའོ། །དེ་ལྟ་བུ་ནི་ཕུང་པོ་སྤངས་མ་ཐག་མཆོག་གི་དངོས་གྲུབ་ཐོབ་པར་ངེས་སོ། །ཕྱིར་མི་ལྡོག་པའི་ས་འཚམས་ཀྱི་རིམ་པ་ནི། དབང་པོ་རབ་ཚོགས་ལམ་ཆེན་པོ་རང་ནས་ངན་སོང་དང་ཐེག་པ་དམན་པར་མི་ལྡོག་


ZP04_Page_596
[མ་དཔེ་གཟིགས་ན་འདིར་གནོན།]

གོ། །རབ་འོག་དྲོད་ཐོབ་ནས་ཕྱི་མི་ལྡོག་འབྲིང་བཟོད་པ་ཐོབ་ནས་ཕྱིར་མི་ལྡོག །ཐ་མ་མཐོང་ལམ་ཐོབ་ནས་མི་ལྡོག །ཐ་མའི་ཐ་མའང་ས་བརྒྱད་པ་ནོན་ནས་ཐེག་པ་དམན་པར་མི་ལྡོག་གོ། །དེ་རྣམས་ཀྱང་སྒོམས་པའི་སྟོབས་ཀྱིས་ལམ་རྒྱུད་ལ་སྐྱེས་པ་ཙམ་དུ་མཉམ་ནའང་། སྔར་ཐོས་བསམ་ལ་སྦྱངས་པ་རྒྱ་ཆེ་ཆུང་དང་སྨོན་འཇུག་གཉིས་ཀྱི་བསམ་སྤྱོད་རྒྱ་ཆེ་ཆུང་དང་སྦྱངས་པ་ཆེ་ཆུང་ཡོད་པའི་སྟོབས་ཀྱིས་དབང་པོ་རབ་འབྲིང་ཐ་མ་འབྱུང་བ་ཡིན། འདི་ལ་ཁ་ཅིག་གིས་རང་བཞིན་གྱིས་དབང་པོ་རྣོ་རྟུལ་ཡོད་ཟེར་བ་ནི་ལུང་རིག་དང་འགལ་བས་མི་འཐད་དོ། །ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྒྱུད་ཚོད་མཉམ་པ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྒྱུད་ཚོད་མཉམ་པ་ལ་ཡང་རྗེས་ཐོབ་ཡོན་ཏན་ཡོད་མེད་རྒྱ་ཆེ་ཆུང་དུ་མ་འབྱུང་བའང་སྔར་དེའི་རྒྱུད་ལ་སྦྱངས་མ་སྦྱངས་ཀྱི་ཁྱད་པར་ཡིན་ནོ། །སངས་རྒྱས་པ་མཉམ་པ་ལ་ཡང་སེམས་ཅན་འདུལ་བ་རྒྱ་ཆེ་ཆུང་དག་མ་དག་ལ་སོགས་པ་དུ་མ་འབྱུང་བའང་སྔོན་གྱི་སྦྱངས་པ་ཆེ་ཆུང་གི་ཁྱད་པར་ཡིན་ནོ། དེ་ལྟ་གྲུབ་ཐོབ་ཁ་ཅིག་ལ་ཐུན་མོང་གི་ཡོན་ཏན་ཅི་ཡང་མེད་ཅིང་། ངག་ནས་ཆོས་ཚིག་བཞི་པ་ཙམ་ཡང་མི་འོང་བ་ལྐུགས་པ་ལྟར་འགྲོ་བ་ཡང་ཡོད་དེ། དེ་ལྟ་བུ་ནི་སྔར་ཐོས་བསམ་ལ་མ་སྦྱངས་ཤིང་། །བྱང་ཆུབ་ཀྱི་སྤྱོད་པ་མ་སྦྱངས་པ་ཡིན་པས་མཐར་


ZP04_Page_597
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པའི་དུས་ན་ཡང་ཕུང་པོ་ལྷག་མེད་དུ་དེངས་པའི་ཚེ་གདུལ་བྱའི་སྣང་བ་ལ་སྐུ་དང་གསུང་གཏན་ནས་མི་འབྱུང་བར་སློབ་དཔོན་བཱི་མ་མུ་ཏྲས་སྐུ་གསུང་སྦྲགས་མིའི་རྒྱུད་རྫོགས་པ་ཆེན་པོ་ལས་གསུངས་སོ། །དེས་ན་ཐོས་བསམ་སྒོམ་གསུམ་འབྲེལ་བ་ལ་འབད་ཅིང་ཚོགས་གཉིས་དང་ཐབས་ཤེས་སྟོང་པ་སྙིང་རྗེ་ལྟ་བ་སྤྱོད་པ་རྣམས་ཟུང་འཇུག་ལ་བསླབ་པར་བྱའོ། །མཐར་ཕྱིན་པ་སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད་ཀྱི་སྒྲོ་སྐུར་བསལ་བ་ནི། འདི་ལ་ཁ་ཅིག་གིས་སངས་རྒྱས་ཀྱི་ས་ན་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཡོད་ཟེར་བ་དང་། །ཁ་ཅིག་མེད་པར་འདོད་པ་གཉིས་ཀ་ལོག་རྟོག་ཡིན། །དེ་ཡང་ཁ་ཅིག་སངས་རྒྱས་ཀྱི་ས་ན་འཛིན་ཞེན་མེད་པའི་སྣང་བ་ཙམ་དང་བཅས་པའི་ཡེ་ཤེས་ཡོད་པར་འདོད། དེ་ཆོས་ཅན་སྣང་ཙམ་ལ་བརྟེན་ནས་དེའི་ཆོས་ཉིད་མངོན་སུམ་དུ་མཁྱེན་ནོ་ཞེས་ཟེར་བ་ནི་མི་འཐད་དེ། འོ་ན་སངས་རྒྱས་ཀྱི་སྣང་ཙམ་གྱི་ཡུལ་དེ་ལ་ཡུལ་ཅན་ཤེས་པས་ཁྱབས་སམ་མ་ཁྱབ། ཁྱབ་ན་སངས་རྒྱས་རྣམ་ཤེས་ཅན་དུ་འགྱུར་ལ། མ་ཁྱབ་ན་སྣང་ཙམ་དེ་ཡང་མི་སྲིད་དེ། མར་མེ་མེད་པའི་འོད་མི་སྲིད་པ་བཞིན་ནོ། །ཡང་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ལ་མཁྱེན་བྱ་དང་མཁྱེན་མཁན་གཉིས་ཡོད་དམ་མེད། ཡོད་ན་སངས་རྒྱས་གཟུང་འཛིན་ཅན་དུ་འགྱུར་ལ་མེད་ན་ཆོས་


ZP04_Page_598
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སྣང་ཙམ་ལ་བརྟེན་ནས་ཆོས་ཉིད་མངོན་གསུམ་དུ་མཁྱེན་པར་འདོད་པ་ཉམས་སོ། །དེས་ན་སངས་རྒྱས་ལ་སྣང་ཙམ་ཡང་མེད་པ་མི་འཐད་དེ། སྣང་ཙམ་གྱི་ཡེ་ཤེས་དེ་ནི་ས་དང་པོ་ཡན་ཆད་ཀྱི་འཕགས་པ་རྣམས་ཀྱི་རྗེས་ཐོབ་ཀྱི་ཤེས་རབ་ཡིན་ལ། ས་དང་པོ་ཡན་ཆད་ཀྱི་མཉམ་བཞག་ལ་སྣང་ཙམ་ཡང་མེད་པས། སངས་རྒྱས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། མཐོང་བ་ཅི་ཡང་མེད་པ་ནི་ཡང་དག་པའི་མཐོང་བའོ། །ཡང་དག་པའི་མཐོང་བ་དེ་ལ་ནི་ཆོས་གང་ཡང་སྣང་བར་མི་འགྱུར་སྟེ་ཆོས་ཐམས་ཅད་སྣང་བ་མེད་པར་མཐོང་བ་དེ་ནི་ཡང་དག་པའི་མཐོང་བའོ། །ཞེས་གསུངས་སོ། །ཡང་ཁ་ཅིག་གིས་སངས་རྒྱས་པའི་ཚེ་ན་མཁྱེན་པའི་ཡེ་ཤེས་རྒྱུན་ཆད་ནས་གཏན་ནས་མེད་དུ་འདོད་དེ་སྔར་ས་བཅུའི་རྒྱུན་མཐའ་མན་ཆད་དུ་ཆོས་ཅན་སྣང་བ་ལ་བརྟེན་ནས་དེའི་ཆོས་ཉིད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཡོད་ལ། ས་བཅུ་རྒྱུན་གྱི་ཐ་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཟུང་འཛིན་ཕྲ་མོ་ཚུན་ཆད་རྩད་ནས་སྤངས་སྟེ་སངས་རྒྱས་པའི་དུས་ན་སྣང་རིག་ཐམས་ཅད་རྒྱུན་ཆད་ནས་སྟོང་པ་འབའ་ཞིག་ཏུ་འདོད་ཀྱང་། དེ་མི་འཐད་དེ། འོ་ན་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་ནས་གཏན་མེད་དུ་སོང་བ་དེ་སྔར་ཤེས་བྱ་ལ་ཡོད་པ་གཅིག་རྒྱུན་ཆད་དམ་མེད་པ་གཅིག་རྒྱུན་ཆད། ཤེས་བྱ་ལ་ཡོད་པ་གཅིག་རྒྱུན་ཆད་མི་སྲིད་དེ་ཆུ་ཀླུང་ཆེན་པོ་བཞིན་ནོ། །


ZP04_Page_599
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བྱར་མེད་པ་གཅིག་ལ་རྒྱུན་ཆད་མ་ཆད་ཀྱི་སྒྲ་བརྗོད་དུ་མེད་དེ། ལུང་པ་སྐམ་པོའི་ཆུ་མིག་བཞིན་ནོ། །དེས་ན་སྔར་ས་བཅུ་མན་ཆད་ཀྱི་མ་རིག་པ་དང་ཡེ་ཤེས་ཐམས་ཅད་ཀྱང་ཤེས་བྱ་དོན་དམ་ལ་ཡོད་པ་མེད་པའང་མེད་དོ། །ཡོད་མེད་གཉིས་ཀ་མེད་ཙ་ན་གཉིས་མེད་ཀྱང་མེད་པས་དེ་ལ་རྒྱུན་ཆད་མ་ཆད་ཀྱི་རྩིས་གདབ་བྱར་མེད་པའང་མེད་དོ། །སྔར་ཡེ་ཤེས་ཡོད་པ་གཅིག་ཕྱིས་རྒྱུན་ཆད་ནས་མེད་པར་འདོད་ན་ནི་ཆད་ལྟ་ཡིན་ཞེས་གསུངས་སོ། །དེས་ན་སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད་གཉིས་ཀའི་ཕྱོགས་གང་དུ་ཞེན་ཀྱང་ལོག་རྟོག་ཡིན། འོ་ན་ཇི་ལྟར་ཡིན་སྙམ་ན། རྣམ་གཅོད་དགག་བྱ་ལ་སངས་རྒྱས་ཀྱི་ས་ན་ཡེ་ཤེས་ཡོད་མེད་གཉིས་སུ་རེ་ཞིག་བརྗོད་པ་ཙམ་དུ་ཟད་ཀྱི། ཡོངས་གཅོད་བསྒྲུབ་བྱ་ལ་སངས་རྒྱས་ཞེས་བྱ་བ་ནི་དག་པ་གཉིས་དང་ལྡན་པའི་ཆོས་ཀྱི་དབྱིངས་ལ་བྱ་སྟེ། དེ་ལ་ཡེ་ཤེས་ཡོད་མེད་གང་དུ་ཡང་གཞག་ཏུ་མེད་དེ། སངས་རྒྱས་པའི་དུས་ན་སེམས་ཉིད་མ་རིག་པའི་བག་ཆགས་ས་བོན་དང་བཅས་པ་རྩད་ནས་དག་ཅིང་སྤངས་པས་སེམས་ལས་བྱུང་བའི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་བྱང་ཞིང་དག་པ་སངས་ཏེ། ཤེས་བྱ་དང་ཤེས་པ་གཉིས་མེད་ཆོས་ཀྱི་དབྱིངས་སུ་བྱང་ཆུབ་ཅིང་རྫོགས་ལ། མཐའ་དབུས་ཕྱོགས་རིས་མེད་པར་ཀུན་ལ་ཁྱབ་ཅིང་རྒྱས་པ་ལ་བྱང་ཆུབ་བམ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་


ZP04_Page_600
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་པ་ཙམ་སྟེ། དེ་ལ་ཤེས་བྱའི་ཡུལ་དང་། རང་རྒྱུད་ཀྱི་ཤེས་པ་གཉིས་ཀ་ཡོད་མེད་གང་དུ་ཡང་གྲུབ་པ་མེད་པའི་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོད་མེད་བསམ་བརྗོད་ལས་འདས་སོ། །དེས་ན་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་ཏེ། ཆོས་ཀྱི་དབྱིངས་ནི་མིང་ཙམ་བརྡ་ཙམ་བརྟགས་པ་ཙམ་མ་གཏོགས་པ་བསྟན་དུ་མེད་དེ། དཀོན་མཆོག་ཧ་ལའི་མདོ་ལས། སངས་རྒྱས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཆོས་ཀྱི་དབྱིངས་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདི་ལྟར་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་འདིའོ། །འདི་ནའོ་ཞེས་བྱ་བ་དེ་དེ་ལྟ་བུར་བསྟན་པའམ་རབ་ཏུ་གཞག་པར་མི་ནུས་སོ། །ཞེས་པ་དང་། ཡབ་སྲས་མཇལ་བ་ལས་ཀྱང་། རྒྱལ་པོ་ཆེན་པོ་སངས་རྒྱས་ཞེས་བྱ་བ་དེ་ནི་དེ་ཁོ་ན་ཉིད་ཀྱི་ཚིག་བླ་དགས་སོ། །དེ་ཁོ་ན་ཉིད་མཐོང་བ་དེ་ནི་ཡང་དག་པའི་མཐའི་ཚིག་བླ་དྭགས་སོ། །ཡང་དག་པའི་མཐའ་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ནི་མིང་ཙམ་བརྡ་ཙམ་ཐ་སྙད་ཙམ། ཀུན་རྫོབ་ཙམ། བཏགས་པ་ཙམ་མ་གཏོགས་པར་བསྟན་པར་མི་ནུས་སོ། །ཞེས་གསུངས་སོ། ཡུམ་ལས། བྱང་ཆུབ་དམིགས་སུ་མེད་པའི་ཕྱིར། བྱང་ཆུབ་ཅེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །སངས་རྒྱས་དམིགས་སུ་མེད་བའི་ཕྱིར་སངས་རྒྱས་ཞེས་


ZP04_Page_601
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདི་ནི་མིང་ཙམ་དུ་ཟད་དོ། །ཞེས་གསུངས་སོ། །འོ་ན་ཐམས་ཅད་མཁྱེན་པ་ཞེས་པའི་རྒྱུ་མཚན་གང་ལ་འཇོག་སྙམ་ན། སངས་རྒྱས་ཀྱི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་སྔའམ་ལུས་པར་མཁྱེན་ཟིན་ཆུབ་ཟིན་པས་ད་མཁྱེན་པར་བྱ་རྒྱུ་མེད་ཅིང་མཁྱེན་མཁན་མེད་པ་ལ་ཐམས་ཅད་མཁྱེན་པ་ཞེས་བཏགས་པ་ཙམ་སྟེ། ཡུམ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་འདི་ནི་མིང་ཙམ་བརྡའ་ཙམ་དུ་བཏགས་པ་མ་གཏོགས་པ་འདི་ལ་སྐྱེ་བའམ་འགགས་པ་མེད་དེ། མིང་དེ་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་གཉིས་ཀ་མེད་པར་ཡང་མི་དམིགས་སོ། །ཞེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་མེད་དེ། གང་ལ་ངོ་བོ་ཉིད་མེད་པ་དེ་ལ་དངོས་པོ་མེད་པའོ། །ཞེས་གསུངས་སོ། །འོ་ན་གཞན་དོན་གྱི་ཕྲིན་ལས་ཅི་ལས་འབྱུང་སྙམ་ན། སྔོན་གྱི་སེམས་བསྐྱེད་དང་སྨོན་ལམ་གྱི་སྟོབས་ཀྱིས་གདུལ་བྱ་གཞན་སྣང་ལ་ཀུན་རྫོབ་སྒྱུ་མ་ཙམ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་དང་། གསུང་བསམ༴ ཡེ་ཤེས་བསམ༴ སྟོབས་བསམ༴ ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་རང་བཞིན་གྱིས་བྱུང་ནས་སེམས་ཅན་གྱི་དོན་བྱེད་པ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་བཞིན་དུ་རྟོག་པ་མེད་བཞིན་དུ་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱིས་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་བཀའ་ལུང་དུ་མ་ནས་


ZP04_Page_602
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀུན་རྫོབ་ཙམ་ལས་དོན་དམ་པར་བདག་གཞན་གཉིས་སུ་མེད་ཅིང་སེམས་ཅན་གཉིས་སུ་མེད་པས་གཞན་དོན་འབྱུང་མི་འབྱུང་བྱེད་མི་བྱེད་སྨྲ་བསམ་བརྗོད་དུ་མེད་ལ་སྨྲ་བསམ་བརྗོད་མེད་ཅེས་བྱ་བ་ཡང་གདགས་གཞི་དང་འདགས་མཁན་གྲུབ་པ་མེད་པས་འདི་ལྟར་ཆོས་ཐམས་ཅད་ཐ་སྙད་ཀུན་རྫོབ་ཙམ་སྟེ་དེ་ཐམས་ཅད་སྒྲ་ཇི་བཞིན་པ་མ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་གཤིས་ལ་སངས་རྒྱས་ཡོད་གྱུར་ན། །དེ་ལ་མཁྱེན་པའི་ཡེ་ཤེས་ཡོད་རིགས་ཏེ། །ཤེས་བྱའི་གཤིས་ལ་སངས་རྒྱས་སེམས་ཅན་མེད། །གལ་ཏེ་མེད་པ་འབའ་ཞིག་ཕྱོགས་ལྟ་ན། །དེ་ནི་མུ་སྟེགས་ཆད་པའི་ལྟ་བ་སྟེ། །ཤིན་ཏུ་གསོར་མི་རུང་བར་རྒྱལ་བས་གསུངས། །དེ་བས་འཁོར་འདས་ཆོས་རྣམས་ཐམས་ཅད་ནི། །དངོས་པོར་རྟོག་པ་ཕྱུག་དང་འདྲ་བ་སྟེ། །དངོས་མེད་རྟོག་པ་དེ་བས་ཤིན་ཏུ་བླུན། །ཡོད་མེད་གཉིས་སུ་མི་རྟོག་མི་གནས་པ། །དེ་ནི་རྒྱལ་བའི་དགོང་པ་དམ་པ་ཡིན། །མན་ངག་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་ལྕེ་སྒོམ་རྫོང་པ་མཁས་པ་ཆེན་པོ་མཁའ་སྐྱོང་གྲགས་པ་ཞེས་བྱ་བས་མཛད་པའི་གདམས་པ་ལས་ཉམས་སུ་ལེན་པ་ལ་མེད་ཐབས་མེད་པའི་ཟིན་ཐུན་ཅུང་ཟད་སྤེལ་བ་སྟེ་དོན་འདུས་པར་ཚིག་སྣ་ཆ་ཤས་ཅུང་ཟད་རེ་སྟུངས་པ་ལགས་སོ། །ཉན་རང་། དམན་ལམ་དང་རིང་ལམ་བྱང་སེམས་དང་བཅོས་མའི་གསང་སྔགས་བླ་མེད་ཀྱི་ལམ་ཡིན། ལམ་གྱིས་ཡིད་མི་


ZP04_Page_603
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་པའི་གང་ཟག་དེ་མྱུར་ལམ་གྱི་མཐར་ཐུག་ཕྱག་རྒྱ་ཆེན་པོའི་སྣོད་དུ་རུང་བའི་རྟགས་ཡིན་ཏེ་གཅིག་ཆར་བའོ། །ཆོས་ཉིད་ཟབ་མོ་ལ་མི་སྐྲག་ཅིང་སྲིད་ཞི་གཉིས་ཀ་ལ་རེ་སྨོན་མེད་ཅིང་བཟོད་མེད་ཀྱི་བྱམས་བརྩེ་དང་ལྡན་པ། མི་རྒྱུད་གར་འཐེན་དུ་འོང་བ་གླ་ལྤགས་དང་མི་འདྲ་བར། ཁ་སླ་ཡང་གཏིང་གྱོང་བ་གཡག་རྒན་གྱི་མཇིང་པ་འདྲ་བ་ཞིག་དགོས་གསུངས། ཟས་གོས་ཡོ་བྱད་སོགས་དགོས་དགོས་མང་པོའི་བློ་སྣ་དུང་པ་རེ་ནམ་བྱུང་དུས་སུ་འཆི་བ་དུང་པ་རེ་བསམ། ཅིས་ཀྱང་དགོས་པ་མེད། གང་ལྟར་ཡང་འགྲོ་བར་སོང་། ཅི་ལྟར་ཡོང་བར་ཤོག་བྱ་བ་འགྲོ་མགོན་གཙང་བ་རྒྱ་རས་ཀྱི་དགོས་མེད་ཀྱི་དྲག་སྔགས་རྣམ་གསུམ་འདི་ཡང་ཡང་བགྲང་ཞིང་སྙིང་ལ་གཟིར་གསུངས། ༈ སྤྱིར་ལུས་སྲོག་ལོངས་སྤྱོད་བློས་ཐོང་བའི་ཞེ་བཅད་མེད་པ་ཐེག་པ་མཐོ་དམན་གང་གི་ཆོས་ཀྱང་རྒྱུད་ལ་མི་སྐྱེ་གསུངས། ༈ སྤྱིར་ལུས་བཟུང་བ་ཙམ་ནས་འདུ་བྱེད་ཀྱི་སྡུག་བསྔལ་ཡིན་ལ་སླར་ནང་གི་སྐྱེ་མཆེད་དྲུག་ལ་བརྟེན་ནས་ཕྱིའི་སྐྱེ་མཆེད་ཡུལ་དྲུག་གཟུང་བའི་ཚོར་བ་ཙམ་ནི་འདུ་བྱེད་ཀྱི་སྡུག་བསྔལ། ཚོར་བ་བདེ་བར་འཛིན་པ་ཐམས་ཅད་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་ཉིད་དུ་མྱོང་བ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ནོ། །མདོར་ན་ལུས་བླངས་ཙམ་དང་། གཟུགས་མཐོང་ཙམ་དང་། ཡིད་ཀུན་རྟོག་ཀུན་ལ་


ZP04_Page_604
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་བ། །ཡན་ཆད་སྡུག་བསྔལ་ལམ་ཟུག་རྔུ་ཡིན་ནོ། །མིག་སོགས་ནང་གི་སྐྱེ་མཆེད་དྲུག་དང་། །གཟུགས་སོགས་ཕྱིའི་དྲུག་པོ་འདི་ཐམས་ཅད་ཀྱང་གྲོང་ཁྱེར་སྟོང་པ་དང་འདྲ་སྟེ་སུའི་ཡང་མ་ཡིན། གང་དུ་ཡང་རྟོག་པ་མེད་ཀྱང་གློ་བུར་གྱི་རྣམ་པར་རྟོག་པས་བདག་ཏུ་བཟུང་ཞིང་དེ་ལ་བརྟེན་ནས་སྡུག་བསྔལ་སྣ་ཚོགས་མྱོང་ནས། བདག་འཛིན་དེ་ཉིད་ཤི་བའི་ཚེ་སྐྱེ་མཆེད་དེ་རྣམས་སུས་ཀྱང་མ་ཡིན་པ་སྔར་གྱི་སྟོང་པ་དེར་གནས་མེད་ཀྱང་སྐྱེ་མཆེད་དེ་རྣམས་ནི་བདག་གིར་བཟུང་མ་བཟུང་གང་གི་སྐབས་སུ་ཡང་རྟོག་པ་མེད་ཅིང་གཡོ་བ་མེད་ལ་སུས་ཀྱང་མ་ཡིན་པ་ལ་སྔ་ཕྱི་ཁྱད་མེད་དོ། །དེས་ན་རང་གི་ཕུང་པོ་ལྔ་ནི་གཤེད་མ་མཚོན་ཐོགས་པ་ལྟ་བུ་འབྱུང་ཁམས་བཞི་ནི་སྦྲུལ་གདུགས་པ་བཞི་དང་འདྲ། ཕྱི་ནང་གི་སྐྱེ་མཆེད་དྲུག་ནི་གྲོང་སྟོང་པ་ལྟ་བུར་རྟག་ཏུ་ཤེས་ཤིང་བལྟ་དགོས་གསུངས། ཏིང་ངེ་འཛིན་དངོས་ལ་འཇུག་པར་བྱེད་པ་ལ་གང་ཟག་གི་རིགས་ཀྱིས་མོས་གུས་ཅན་གསོལ་འདེབས་དང་བྱིན་རླབས་ཀྱི་སྣ་འཛིན། ཞེན་ལོག་ཅན་སྐྱོ་ཤས་དང་ངེས་འབྱུང་གིས་སྣ་འཛིན། བཏང་སྙོམས་ཅན་བྱམས་པས་སྣ་འཛིན། སྙིང་རྗེ་ཅན་སྙིང་རྗེས༴ ཕན་སེམས་ཅན་སེམས་བསྐྱེད་ཀྱིས། བསྐྱེད་རྫོགས་ཅན་རང་བཞིན་ཤེས་པས་སྣར་འཛིན་ཏེ་རང་ཉིད་ལ་མེད་རྣམས་གང་ལ་མོས་པ་དེ་དུང་གིས་བསྐྱེད། དེ་ཉིད་ལ་སེམས་ཚིར་


ZP04_Page_605
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ནས་ལས་སུ་རུང་བའི་ཚེ་མྱོང་བ་དེ་ཉིད་ལ་མཉམ་པར་འཇོག་པའོ། །འདོད་ཡོན་ལྔ་པོ་ཆུ་ཟླ་བྲག་ཆ་སོགས་དང་མཚུངས་པར་ཤེས་པས་འདོད་ཁམས་ཀྱི་ཞེན་པ་ལྡོག །བདེ་གསལ་མི་རྟོག་པའི་ཉམས་བརྟན་པོ་སྐྱེས་ཀྱང་གནས་སྐབས་ཀྱི་ངལ་བསོ་ཙམ་དུ་ཤེས་ན་གཟུགས་དང་གཟུགས་མེད་ཀྱི་ཞེན་པ་ལྡོག །དེའི་ཚེ་འཁོར་བ་ཐམས་ཅད་ལ་ཞེན་པ་ལོག་པས་ངེས་འབྱུང་གི་བློ་རྣལ་མ་ཡིན་སེམས་ཅན་ཐམས་ཅད་གཏན་གྱི་ཕ་མར་ཤེས། ཕ་མ་འཁོར་བའི་སྡུག་བསྔལ་ལས་ཐར་དུས་མེད་པར་ཤེས་པས་ཅི་དྲག་གང་དྲག་གི་ཚུལ་དུ་སྨོན་འཇུག་གི་སེམས་མི་སྐྱེ་ཀ་མེད་དུ་ཐུག་ནས་ཅི་བྱེད་སེམས་ཅན་སྤྱིའི་གཏན་དོན་དུ་བྱེད་པ་ཞིག་འོང་། དེའི་ཚེ་རང་དོན་ཞི་བདེ་ལ་ཞེན་པ་ལོག་སྟེ་བྱང་ཆུབ་སེམས་དཔའི་མིང་ཐོབ། རྨི་ལམ་སྒྱུ་མ་ཙམ་གྱི་སྣང་གྲགས་ཀྱི་འཆར་སྒོ་འདི་ཐམས་ཅད་ཀྱང་རང་བཞིན་གདོད་ནས་དག་པ་ངོ་བོ་ལྷ་སྔགས་བདེ་བ་ཆེན་པོ། །དེ་ཐམས་ཅད་ཀྱང་བླ་མའི་ངོ་བོར་གཅིག་པར་ཤེས་པས་ཆོས་གང་ལ་ཡང་མ་དག་པ་དང་ཐ་མལ་དུ་ལྟ་བའི་ཡུལ་མ་རྙེད་པ་འདི་ནི་ཐ་མལ་གྱི་སྣང་བ་ལ་ཞེན་པ་ལོག་པ་སྟེ་དེའི་ཚེ་སྔགས་བླ་མེད་ཀྱི་རྣལ་འབྱོར་པའི་མིང་ཐོབ་པ་ཡིན། མདོར་ན་ཕྱོགས་རེའི་ཞེན་ལོག་སྣ་རེ་ཙམ་གྱིས་གང་དུ་ཡང་མི་བྱེད་དེ། རི་དྭགས་རྣམས་ཤ་ཁྲག །གཅན་གཟན་རྣམས་རྩ་དང་ལོ་མ། དུད་འགྲོ་ཕལ་ཆེར་ལ་བསྟོད་སྨད་ཁྱད་མེད་པ་དང་གྲལ་མཐོ་


ZP04_Page_606
[མ་དཔེ་གཟིགས་ན་འདིར་གནོན།]

དམན་མི་སེམས་པ་སོགས་ཡོད་ཀྱང་གང་དུ་ཡང་མི་སླེབ་བ་བཞིན། དེ་ལྟར་ཚེ་འདིའི་ཆོས་བརྒྱད་ནས་ཐ་མལ་གྱི་སྣང་བ་ཐམས་ཅད་ལ་ཞེན་པ་ལོག་ཅིང་། དེར་མ་ཟད་ཉམས་མྱོང་ཀྱང་གནས་སྐབས་པའི་ཆོས་སུ་ཤེས་པས་ཉམས་མྱོང་ཅི་བྱུང་ཡང་མ་ཞེན། སྣང་བས་ཕན་གནོད་མེད་པར་གོ་བས་སྐུ་དང་ཞིང་ཁམས་ནས་ཤ་ཟ་སྲིན་པོའི་བར་གྱི་སྣང་བའི་འཆར་སྒོ་ཐམས་ཅད་ལ་མ་ཞེན། ཇི་ཙམ་དུ་རྟོགས་པ་ཐམས་ཅད་བློས་འཆིང་བར་ཤེས་པས་རྟོགས་པ་ལ་ཞེན་པ་མེད། འབྲས་བུ་སངས་རྒྱས་ཀྱང་འཁོར་བ་ལ་ལྟོས་ཏེ་བཞག་པར་གོ་བས་ཐོབ་བྱ་འབྲས་བུ་ལ་མ་ཞེན། མདོར་ན་རྣལ་འབྱོར་པའི་ཤེས་པ་དྲི་མ་མེད་པའི་མདུན་ན་གང་བློས་མ་ཐོངས་པ་དང་གང་ལ་ཞེན་པར་བྱ་བ་རྡུལ་ཙམ་ཡང་མ་ལུས་པར་རང་སར་ཞིག་རང་གྲོལ་དུ་སོང་རང་མལ་དུ་ལུས་པ་ཞིག་ཡིན་ཏེ། དཔལ་ས་ར་ཧས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོང་། །རྟོགས་པར་གྱུར་པ་ཐམས་ཅད་དེ་ཡིན་ཏེ། །ཞེས་དང་། ཏིལ་གྱི་ཤུན་པ་ལྟ་བུའི་ཟུག་རྔུས་ཀྱང་། །ནམ་ཡང་སྡུག་བསྔལ་འབའ་ཞིག་བསྐྱེད་པར་འགྱུར། །ཅེས་གསུངས་པ་ཡིན་ནོ། ༈ །དེ་ཡང་བཀའ་བརྒྱུད་གོང་མའི་གསུངས་ལས། མོས་གུས་ཀྱིས་མགོ་བཟུང་ཞེན་ལོག་གིས་རྐང་ཚུགས་ནས་ཡེངས་མེད་སྒོམ་གྱི་དངོས་གཞི་འབྱུང་གསུངས་པ་དེ་ཡང་སྐབས་འདིར་དབང་བཞི་པའི་ལམ་ཕྱག་རྒྱ་ཆེན་པོའི་སྙིང་པོ་ལམ་པའི་དབང་དུ་བྱས་


ZP04_Page_607
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མོས་གུས་ལམ་གྱི་ངོ་བོ་ཞེས་བྱ་བ་ཡིན་པས་བསམ་རྒྱུ་བླ་མ། བློ་སྣ་མོས་གུས་གང་བྱུང་བྱིན་རླབས་སུ་ཤེས་པས་མོས་གུས་ཀྱི་བློ་སྣ་དུང་ངེ་བ་རེ་རང་མ་བརྗེད་མ་ཡེངས་པར་ཉམས་སུ་བླངས་པས་གསོལ་འདེབས་ཤུགས་འབྱུང་དུ་འཆོར་རོ། །བློ་སྣ་ཆིག་ཆོད་དུ་འདྲིལ། གང་བྱུང་དེས་ཆོག་གི་བློ་བཅོས་མིན་དུ་སྐྱེ་བས། སྣང་བ་བླ་མ། གྲགས་པ་གསོལ་འདེབས། དྲན་རྟོག་ཕྲ་རགས་ཐམས་ཅད་མོས་གུས་སུ་འཆར། ཆོས་ཉིད་དུ་གྲོལ་ཏེ་ནམ་མཁའ་ལ་མདུང་བསྐོར་བ་ལྟར་རང་གྲོལ་དུ་འགྲོ་བས་བླ་མ་སྐུ་གསུམ་དབྱེར་མེད་དུ་གྲུབ་པས་བླ་མ་སྒྲུབ་པའི་རབ་ཡིན། བསྐྱེད་རིམ་གྱི་ཆོ་ག་ལམ་ལྟོས་པར་གྲུབ། མུན་ཁང་དང་སྟོང་གཟུགས་དང་རླུང་འཛིན་འཇུག་ལ་མ་ལྟོས་པར་ཉམས་ལེན་འདི་གཅིག་བུས་ཆོས་ཐམས་ཅད་མོས་གུས་ཀྱི་བློ་སྣ་རྩེ་གཅིག་ཏུ་གྱུར་པ་རྒྱལ་བ་རྒོད་ཚངས་པ་སོགས་ཀྱིས་ཉིན་མཚན་དང་ལོ་ཟླ་བཟའ་བཏུང་ལ་སེམས་པའི་རྟོག་པ་ཙམ་ཡང་མ་བྱུང་བར་མོས་གུས་གཅིག་པུས་དུས་འདས་པ་བྱུང་ཞེས་གསུངས་པ་བཞིན་ནོ། །དེ་ནས་ཚེ་འདི་ལ་ཞེན་པ་ལོག་པས་ཚེ་འདི་ལ་མི་ཡེངས། རྒྱུ་འབྲས་ཀྱི་བླང་དོར་ལ་མཁས་པས་མི་དགེ་བ་ལ་མི་ཡེངས། འཁོར་བ་ལ་ཞེན་པ་ལོག་པས་འཁོར་བའི་བློ་སྣས་མི་གཡེངས། རང་དོན་ཞི་བདེ་ལ་ཞེན་པ་ལོག་པས་དམན་པའི་ལམ་གྱིས་མི་གཡེངས། ཆོས་ཐམས་ཅད་ལྷ་སྔགས་བདེ་ཆེན་


ZP04_Page_608
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྟ་བས་ཐ་མལ་གྱིས་སྣང་བས་མི་གཡེངས། ཐམས་ཅད་བླ་མར་ཤེས་ཏེ་བློ་སྣ་མོས་གུས་སུ་དྲིལ་བས་ལོག་པའི་ལྟ་བས་མི་གཡེངས་པའི་ཕྱིར་སྔགས་ཀྱི་ཞེན་ལོག་དང་ལྡན་པ་ཁོ་ནས་ཡེངས་མེད་ཤུགས་ཀྱིས་ཀྱང་འབྱུང་མོད་ཀྱི་དེ་ཐམས་ཅད་ཀྱང་སྒྲོ་སྐུར་གྱི་མཐའ་བསལ་ནས་སྤངས་བྱ་ལས་ལོག་པ་ཙམ་ཡིན་གྱི་ཆོས་ཉིད་ཀྱི་ཡིན་ལུགས་ཇི་ལྟ་བར་ཁོང་དུ་ཆུད་པར་མ་ངེས་པས་ཆོས་ཉིད་ཇི་ལྟ་བ་སོ་སོ་རང་རིག་ཡེ་ཤེས་ཀྱིས་མཐོང་བ་དེ་ཉིད་ལས་གཞན་དུ་མ་ཡེངས་པར་གནས་པས་མཉམ་རྗེས་དབྱེར་མེད་དུ་བསྲེ་བ་ནི་ཡེངས་མེད་སྒོམ་གྱི་དངོས་གཞི་ཞེས་བྱའོ། །དེ་ཡང་ཞེན་ལོག་གིས་ངན་ལང་དུ་སོང་བའི་ཤེས་པ་རྣམས་ཚར་ཆོད་དེ་བློ་སྣ་གཉེན་པོའི་ཕྱོགས་སུ་གཅིག་ཏུ་དྲིལ་ན། མོས་གུས་ཀྱིས་རྒྱུད་འགྱུར་ཏེ་བདེ་སྟོང་གི་ཏིང་ངེ་འཛིན་ངང་གིས་སྐྱེ། དེའི་ཚེ་དབང་པོ་རབ་བྱིན་རླབས་ཁོ་ནའི་མཐུས་རྟོགས་པ་ནང་ནས་ཆིག་ཆོད་དུ་ཤར་ཏེ་གདམས་ངག་དང་ངོ་སྤྲོད་གཞན་ལ་ལྟོས་མི་དགོས་པར་སྤྲུལ་མདུད་ནམ་མཁར་ཞིག་པ་ལྟར་ཆོས་ཐམས་ཅད་རང་སར་གྲོལ་བ་ཞིག་འོང་། །འབྲིང་མན་ཆད་ལ་བླ་མ་ཉམས་མྱོང་ཅན་གྱིས་ཐབས་ཀྱིས་ཁྲིད་དེ་སྒོམ་ལུགས་སྣ་ཚོགས་ཀྱི་སྒོ་ནས་ཤེས་པའི་ངོ་བོ་དེ་ཚོལ་དུ་བཅུག་པས་གཉུག་མའི་ཤེས་པ་དེ་ཕུ་མདའ་གང་ལའང་མ་གཏད། འཆར་སྒོ་གང་དུ་ཡང་མ་འགགས། །ཐ་སྙད་གང་དུ་ཡང་གདགས་སུ་མི་བཏུབ། དབས་ཅིས་ཀྱང་མཚོན་དུ་མེད་པར་ཤེས་པའི་ཁོང་


ZP04_Page_609
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡེར་གྱིས་འོང་། སེང་གིས་འོང་། བློས་རེག་ཏུ་མི་བཏུབ་པ་ཆུ་ཐམས་ཅད་གཅིག་ཏུ་བརླན་པར་གཅིག་པ་དང་། མེ་ཐམས་ཅད་ཚ་བ་དང་། བུ་རམ་ཐམས་ཅད་མངར་བ་གཅིག་པ་ལྟར་ཆོས་ཉིད་གཅིག་ཤེས་པས་ཆོས་ཉིད་ཐམས་ཅད་ཤེས་པའི་ཕྱིར་གཅིག་ཤེས་ཀུན་གྲོལ་ལམ། ཆོས་དབྱིངས་ཀུན་ཏུ་འགྲོ་བའི་མཚན་ཉིད་ཅེས་བྱ་སྟེ་སེམས་ཀྱི་ངོ་བོ་བཅོས་མིན་དུ་མཐོང་བ་ཡིན་ལ་དེ་ཕྱིན་ཆད་སྣང་གྲགས་རྟོགས་གསུམ་ཡན་པར་མ་ཤོར་བར་ཐམས་ཅད་ཀྱི་རང་ངོ་ལ་རང་སོར་བཞག་པས་དང་པོར་རྣམ་པའི་འཆར་སྒོ་ཐམས་ཅད་རྦ་རླབས་ཆུར་ཐིམ་པ་ལྟར་ཞི་སྟེ་ངོ་བོ་ཡེར་གྱིས་འཆར་བ་ནི་མ་དག་པ་དྲུག་གི་སྐབས་ཡིན། ཅི་ཞིག་ནས་ངོ་བོ་དང་རྣམ་པ་གཉིས་སུ་མེད་པར་རང་གྲོལ་གྱི་ངེས་ཤེས་ཞིག་སྟེ་གཉུག་མ་རྒྱུན་ཆད་མེད་པར་འཆར་ཞིང་འཁོར་འདས་བདེ་སྡུག་སོགས་གཉིས་ཆོས་ཀྱི་འཛིན་པ་མ་སྤངས་གནས་སུ་གྲོལ་ཏེ་ཅིར་སྣང་འོད་གསལ་ཆེན་པོར་ལ་བཟླས། ཇི་སྙེད་ཀྱི་མཁྱེན་པ་རྟེན་འབྲེལ་གྱི་སྒོ་མཐའ་ཡས་པ་འཆར་བར་བཤད་དོ། །དབང་པོ་ཐ་མས་ནི་ཞེན་ལོག་དང་མོས་གུས་ཀྱི་གནད་གཅུན། ལུས་ངག་གི་དགེ་སྦྱོར་དྲག་པོས་རྒྱུད་སྦྱངས་པ་ཁོ་ན་གནད་དུ་ཆེའོ། །སྔོན་འགྲོའི་གནད་རྣམས་རྒྱུད་ལ་མ་ཐེབས་པ་ལ་ཞི་ལྷག་གི་ཁྲིད་མི་ཐེབས་གསུངས། བཀའ་རྒྱུད་གོང་མ་རྣམས་ཀྱིས་མཉམ་རྗེས་འདྲེས་མ་འདྲེས་དང་མཉམ་རྗེས་ཀྱི་


ZP04_Page_610
[མ་དཔེ་གཟིགས་ན་འདིར་གནོན།]

བར་ལག་འགྱེལ་མ་འགྱལ་སོགས་གསུངས་པ་ནི་གཉུག་མའི་ངོ་བོ་ལ་ཆིག་ཆོད་དུ་གནས་པ་དེ་མཉམ་བཞག་དང་། བྱ་བྱེད་སྤྱོད་ལམ་རྣམས་རྗེས་ཐོབ། ཡང་རང་ངོ་གཉུག་མའི་ཤེས་པ་མཉམ་བཞག་དང་། དེའི་རྗེས་སུ་འཇུག་པའི་འཛིན་རྟོག་དེ་རྗེས་ཤེས་སོགས་གསུངས་པ་ཡིན་ལ་དེ་དག་ནི་སྒོམ་པ་གཙོ་བོར་བྱས་པ་ཡིན་ནོ། །སྤྱོད་པའི་སྐབས་སུ་ཐུན་གྱི་ཚེ་རྩེ་གཅིག་ཏུ་སྒོམ་པ་མཉམ་བཞག་དང་དེ་ལས་ལངས་ཏེ་འགྲོ་འཆག་ཟ་ཉལ་གྱི་སྤྱོད་ལམ་བྱེད་པ་རྗེས་ཐོབ་སྟེ་བསྐྱེད་རིམ་པའི་མཉམ་རྗེས་དང་མཚུངས་སོ། །དེ་ཡང་། ཅི་ཡང་བྱར་མེད་ཤེས་ན་ཡང་། སྒོམ་ཐུན་དུ་གཅོད་པ་མན་ངག་ཡིན། ཞེས་པ་ལྟར་ཞག་གཅིག་ལ་ཐུན་བཞིར་བཅད་དོ། །སྲོད་དང་པོ་ནས་ནམ་གུང་གི་བར་དང་། ཐོ་རངས་དང་པོ་ནས་ནམ་ལངས་ཀྱི་བར་སྟེ་མཚན་མོ་ཐུན་གཉིས། ཉི་དྲོས་ནས་གུང་གི་བར་དང་། ཕྱེད་ཡོལ་ནས་ཉི་ནུབ་བར་ཏེ་ཉིན་ཐུན་གཉིས་སོ། །ཐུན་རེ་རེ་བཞིན་སྔོན་འགྲོ་རྣམས་རྒྱུད་ལ་འདྲེས་ངེས་བྱ་ཞིང་། དངོས་གཞི་སྒོ་གསུམ་དབེན་པ་དང་ལྡན་པས་གཉུག་མའི་དོན་ཞི་ལྷག་གཉིས་སུ་མེད་པ་ལ་རྩེ་གཅིག་ཏུ་བྱ་ཞིང་། བྱིང་རྒོད་ཀྱི་གེགས་བྱུང་ན་ཡང་། ཟས་སྐོམ་བཅུད་ཆེས་ཤིང་མང་བ་གོས་དྲོ་ཐལ་བ་གནས་དམའ་བ་དང་མུན་ནག་གྲོགས་བྱིང་བ་ཤས་ཆེ་བ་དང་འགྲོགས་པ། དུས་དབྱར་རམ་སོས་ཀ །ལུས་ཉལ་ལམ་བསྙེམ་བ། གཞན་


ZP04_Page_611
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གྲིབ་ཀྱིས་ཕོགས་པ་སོགས་བྱིང་བའི་རྒྱུ་གང་ཡིན་ངོས་བཟུང་སྟེ་སྤོང་ནུས་པ་རྣམས་སྤང་། ས་བསིལ་སར་ལུས་གནད་དྲང་ཞིང་བརྟན་པ་དང་། ལྟ་སྟངས་ནམ་མཁའི་དབྱིངས་སུ་བལྟས་ཏེ་རླུང་རོ་རིང་ལ་དྲག་པ་མང་དུ་བསལ་ནས་ཤེས་པ་ནམ་མཁའི་དབྱིངས་དང་བསྲེས་ཏེ་བཞག །རེས་འགའ་ཚངས་པའི་འཇིག་རྟེན་དུ་འཕངས་ཏེ་བཞག །ཁྱད་པར་ཆུ་རླུང་སོ་བར་ནས་རྔུབ་པའི་སྦྱོར་བས་སེལ་ལོ། །རྒོད་ན་ཟས་བཅུད་མེད་པ་གོས་སྲབ་པ་གནས་བསིལ་ཆེས། གྲོགས་རླུང་ཁམས་པ་སྨྲ་བ་མང་པོ་ཅན་དང་འགྲོགས་པ། དུས་དགུན་ཁ། ལུས་གནད་དགྱེ་བ་གཅུན་དྲག་པ་གྲིབ་ཀྱིས་ཕོགས་པ་སོགས་རྒོད་པའི་རྒྱུ་ངོས་བཟུང་སྟེ་སྤངས། ས་དྲོ་སར་ལུས་གནད་ལྕི་བ་རེ་བྱས་ཏེ་ལྟ་སྟངས་སྨད་པའམ་ཅུང་ཟད་དབུགས་རང་བབས་སུ་གློད་དེ་ཤེས་པ་གཉིད་ཉལ་ཁ་ལྟར་གློད་པའམ། དམིགས་པ་འོག་གསེར་གྱིས་གཞིའི་བར་དུ་ཐིག་ལེ་ནག་པོ་མུན་པ་ལྟ་བུ་འཕངས་ལ་གློད་ཅིང་འོག་སྒོ་གཉིས་རང་སར་གློད་པས་སེལ་ལོ། །སྤྱིར་ནི་སྒོམ་པ་ཡིན་པར་ངེས་ཀྱི་བྱིང་རྒོད་སྐྱོན་མ་སེལ། ཞེས་པ་ལྟར་བྱིང་ན་བྱིང་ཐོག་རྒོད་ན་རྒོད་ཐོག་དེ་ཀར་བཞག་པས་རང་བཞིན་མ་སྤངས་གནས་སུ་དག་སྟེ་གཉུག་མའི་བཀྲག་འདོན་པ་ཡིན་ནོ། །སྒོམ་པའི་བརྩོན་འགྲུས་ཧ་ཅང་འགྱུར་ཆེ་བ་ན་ལུས་ངག་དང་རྣམ་རྟོག་གིས་འབད་པ་ཞིག་ལས་མི་འོང་ཞིང་། དེས་རྩ་རླུང་ཐིག་ལེ་འཁྲུག་


ZP04_Page_612
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བློས་བྱས་ཀྱི་མཚན་མར་འཆོར་བས་ལྟ་སྒོམ་བློ་དང་མི་ཕྲལ། ཉམས་ལེན་དང་སྣ་འགྲས་སུ་འགྲོ་ཉན་ཡོད། འབད་རྩོལ་མ་བྱས་ན་ཉམས་ལེན་གྱི་གནད་མི་ཟིན། སེམས་རྩེ་གཅིག་ཏུ་མི་གནས་པས་ཉམས་མྱོང་གི་ནུས་པ་མི་ཐོན་པ་རྟོག་པ་འོག་འགྱུས་སུ་ཤོར་བ་མཚོར་བས་སྒོམ་གྱི་ཐལ་བའི་འོག་ནས་སྤང་བྱའི་མེ་འབར་བ་འོང་དོགས་ཡོད། དེས་ན་བར་མའི་བརྩོན་འགྲུས་གཏིང་གྲིམ་ལ་ཕྱི་ལུས་ངག་དལ་ཞིང་ལྷོད་ཆགས་པ་ཤེས་པའི་སྟེང་ནས་རྟོག་པས་འདུ་མ་བྱས་པའི་བརྩོན་འགྲུས། ཅི་ཡང་མི་བྱེད་པའི་ཚུལ་དུ་ནང་གི་བརྩོན་པ་ཆེས་ཆེར་འཕེལ་ཞིང་ཆུ་བོ་ལྟར་རྒྱུན་མ་ཆད་པ་མཉམ་པར་བཞག་ན་སྐད་ཅིག་རེས་ཀྱང་བོགས་ཀྱང་རྒྱང་རྒྱང་ཐོན་པ་འོང་། ཉམས་ལེན་བློ་དང་འབྲེལ་མ་འབྲེལ་དང་ཆོས་ཉིད་དུ་དག་མ་དག་སོགས་ཀྱི་ཁྱད་པར་ཀྱང་དཔག་མེད་ཤེས་པའོ། །རྗེས་ཐོབ་ཀྱི་བྱ་བྱེད་ལ་ལྡང་བའི་ཚེ་དགེ་རྩ་མཁའ་མཉམ་གྱི་སེམས་ཅན་ལ་ཕྱིན་ཏེ་ཐམས་ཅད་བྱང་ཆུབ་འཐོབ་པ་དང་དཀོན་མཆོག་གི་ཐུགས་དགོངས་རྫོགས་པའི་སྨོན་ལམ་སྙིང་ཐག་པ་ནས་རྒྱ་ཆེར་བཏབ་ཅིང་མཉམ་བཞག་གི་ཉམས་དེའི་རྒྱུན་བསྐྱངས་མུས་སུ་ལྡང་། ཐོ་རངས་ལྡང་དུས་སུ་རབ་ཀྱིས་གཉིད་སྡུག་འོད་གསལ་ཆོས་སྐུ་ལས་རྨི་ལམ་ལོངས་སྐུར་ལྡང་། དེ་ལས་སད་པ་སྤྲུལ་སྐུར་ལྡང་། སེམས་དྲན་ཤེས་བཞིན་དང་ལྡན་པ་ཙམ་མམ་ནམ་མཁའ་ནས་ལྷ་དང་བླ་མས་བསྐུལ་བ་སོགས་ཀྱིས་འདུན་པས་ལྡང་། །


ZP04_Page_613
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ཡུལ་ཡོངས་སུ་དག་པའི་འདུན་པ་རྣམས་དྲན་པར་བྱ། སེམས་ལ་མི་དགེ་བ་ལུང་མ་བསྟན་གྱི་རྣམ་རྟོག་གིས་མ་གོས་ན་སེམས་དག་པ་ནང་གི་ཁྲུས་སུ་བཤད། སྦྱིན་བདག་གི་ངོ་སྲུང་སོགས་མི་བྱ་སྟེ་ཁོས་བདག་ཉིད་བཟང་པོར་མཐོང་ནས་ཚོགས་གསོག་བྱེད་པ་དཀོན་མཆོག་གི་དྲིན་ཡིན་པས་ཁ་ལེན་བྱེད་ན་དཀོན་མཆོག་མཆོད་དགོས། སེམས་ཅན་ཐམས་ཅད་ལ་ཉེ་རིང་མེད་པའི་ཕན་སེམས་བྱ་བ་ཉིད་ངོ་སྲུང་གི་མཆོག་ཡིན། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་གྱུར་བས་རྒྱལ་བ་སྲས་དང་བཅས་པའི་ངོ་སྲུང་དུ་ཡང་འགྱུར་བ་ཡིན་ནོ། །སྦྱིན་བདག་ཁོ་རང་ལ་དགེ་འབྲས་དེ་ཉིད་ཀྱིས་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་འབྱུང་བ་དེ་ཁ་ལན་ཡིན། ༈ བཤང་གཅི་དང་ལུད་པ་སོགས་འདོར་ན་རང་ཁཱ་སརྤ་ཎིར་བསམ། ཨོཾ་ཨཱཿཧྲཱིཿཧཱུྃ་ཞེས་བཟླས་ཏེ་ཡི་དྭགས་ངན་སྐྱུག་ཟ་བ་རྣམས་ལ་བསྔོས། ༈ བཟའ་བཏུང་གཡོ་སྐོལ་གྱི་སྣོད་ཐོད་པ་མཚན་ལྡན་གྱི་ནང་དུ་བཅུད་ཤ་ལྔ་བདུད་རྩི་ལྔར་བསྐྱེད་པ་རླུང་མེ་བུས་སྦར་སོགས་ཀྱིས་བདུད་རྩི་བྱིན་རླབས་ལྟར་བསམ་ཡེ་ཤེས་ཀྱི་བདུད་རྩི་དྲང་བསྟིམ་བྱ། འབྲུ་གསུམ་དང་ཧ་ཧོཿཧྲཱིཿས་བརླབས་ཏེ་མགྲོན་བཞི་པོ་ཐམས་ཅད་རང་ཡི་དམ་དུ་གསལ་པའི་ལུས་གནས་སུ་དག་པ་ཡེ་ཤེས་ཀྱི་འཁོར་ལོར་གནས་པར་བསམ་ལ་ཕུད་དང་ལྷག་


ZP04_Page_614
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་དབང་བའི་འབྱུང་པོ་རྣམས་ལ་ཕུད་དང་ལྷག་མ་ཅུང་ཟད་རེ་རིགས་སྔགས་ཀྱིས་བྱིན་ནས་མགྲོན་རྣམས་ཐམས་ཅད་མཆོད་པར་བསམ་ལ་ལོངས་སྤྱོད་དོ། །དེ་ལྟར་བྱས་པས་ཟས་སྐོམ་བཅུད་ཆེ། ཐ་མལ་གྱི་འཛིན་སྟངས་སེལ་ཟང་ཟིང་གི་ཚོགས་བསགས་ཀྱི་མཐར་ཐུག་རྡོ་རྗེ་ཐེག་པའི་ཚོགས་ཀྱི་འཁོར་ལོ་མཚན་ཉིད་པར་འགྱུར་རོ། །གཉིད་ཀྱི་རྣལ་འབྱོར་ནི་རབ་འོད་གསལ་སྣང་མེད་དུ་ཉལ། འབྲིང་སྒྱུ་ལུས་རྨི་ལམ་དུ་ཉལ། ཐ་མས་སྣོད་བཅུད་རང་ང་དང་བཅས་པ་ཐུགས་ཀའི་ས་བོན་ལ་བསྡུས་ཏེ། དེ་ཉིད་ཡལ་བའམ་ནཱ་དར་དམིགས་ཏེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། དེ་ཡང་མི་ནུས་ན་དྲན་ཤེས་དང་ལྡན་ཞིང་དགེ་བའི་སེམས་ཀྱིས་ཉལ་ལོ། །ཐམས་ཅད་དབྱེར་མེད་དུ་སྤྱོད་པས་མཉམ་བཞག་སྟོང་ཉིད་ཀྱི་ཉམས་མྱོང་རྗེས་ཐོབ་ཏུ་འདྲོངས། རྗེས་ཐོབ་ཀྱི་སྒྱུ་མ་ལྟ་བུའི་སྡང་བ་མཉམ་བཞག་ཏུ་འདྲོངས་པས་མིང་ཐ་དད་ཀྱང་དོན་ལ་དབྱེར་མེད་དུ་འབབ་བོ། །ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པར་ཁ་དད་ཆེ་ཞིང་ང་ལོ་ཡང་པ་གར་ཡང་སླེབ་པ་དང་བྱར་སོ་བྱེད་མཇལ་འཕྲད་གཏམ་གླིང་འདོད་ཆགས་ཕྲག་དོག་ཟུར་ཟ་ཟས་ནོར་ལ་སྲེད་པ་ཆེ་བ། ཕྱི་ཚེས་རྟག་འཛིན་གཡོ་རྒྱུ་འཁོན་འཛིན་ཞེ་སྡང་ཁོང་ཁྲོ་ཞེ་གནག་ཆེ་བ་དེ་རྣམས་ལ་ཏིང་ངེ་འཛིན་མི་སྐྱེ་སྟེ་བསམ་གཏན་གྱི་སྐྱོན་ཡིན་ནོ། །མདོར་ན་མཉམ་རྗེས་ཐམས་ཅད་ལུས་གནད་དང་ལྟ་སྟངས་


ZP04_Page_615
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གཅུན། སེམས་ཀྱི་འཆར་སྒོ་ཐམས་ཅད་ངོས་ཟིན་པས་གང་གི་ཡང་རྗེས་སུ་མ་ཤོར། ཐམས་ཅད་ཀྱང་ངོ་བོ་གཉུག་མར་དག་པའི་ངེས་ཤེས་རྙེད་པས་ཤར་ཚད་དབང་དུ་འདུས། གེགས་དང་མ་བདེ་བ་ཅི་བྱུང་ཡང་སྐྱོན་དུ་མི་བལྟ། ཞལ་མཇལ་ཆོས་ཐོས་ལུང་བསྟན་མངོན་ཤེས་ཤར་བ་སོགས་ཅི་བྱུང་ཡང་རང་སྣང་དུ་ཤེས་པས་སྐྱོན་དང་ཡོན་ཏན་གང་དུ་ཡང་མི་སྙེམས། བསམ་རྒྱུ་སེམས་ཅན་ཅི་བྱེད་གཞན་དོན་དུ་བསྔོ་ཡང་དུས་མིན་གྱི་སློབ་ཆུང་མི་བྱ། ཆོས་ཞུ་བ་གནས་སྐོར་བྱེད་པ་གཞི་སྤོང་བ་སོགས་ཀྱི་བྲོད་ཁ་འདེབས་པའི་མི་དང་མི་འགྲོགས། རི་དྭགས་བཞིན་དུ་མི་ལ་བཟུར། གཡེང་བ་ལ་འབྱོལ། གཅིག་པུར་སྡོད། བཙན་བཞིན་དུ་སེམས་ཀྱི་དཔའ་བསྐྱེད་དེ་མི་ནུས་པ་ལ་ཐོག་རྫིས་བྱེད། རྐྱེན་ངན་རོ་སྙོམས་ནམ་མཁའ་བཞིན་དུ་གང་ལ་ཡང་གནས་པ་དང་ཆགས་པ་བག་ཆགས་ཀྱི་གཞི་རྟེན་དང་བྲལ་བར་བྱའོ། །ཆོས་རྣལ་མ་ཞིག་བྱེད་ན་མང་པོ་སྤུངས་ནས་བསྡད་པས་ཀྱང་མི་འོང་། རྣལ་འབྱོར་པ་ལྟར་གྲོང་ཡུལ་འགྲིམ་པས་ཀྱང་མི་འོང་། །དབེན་པར་གཅིག་པུར་བསྡད་ནས་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ཏེ་སྡོད་ཚུགས་དགོས། དེས་འོད་གསལ་ཕྱག་རྒྱ་ཆེན་པོའི་བསམ་གཏན་སྐྱེ་བ་ཡིན་ལ། སྤྱིར་ཏིང་ངེ་འཛིན་སེམས་ཀྱི་གེགས་ཐམས་ཅད་ནི་སྡུག་བསྔལ་སྐྱོན་དུ་མི་ལྟ་བར་སོ་མ་རང་


ZP04_Page_616
[མ་དཔེ་གཟིགས་ན་འདིར་གནོན།]

བབས་སུ་འཇོག་པའི་གནད་འདི་ཉིད་ཀྱིས་ཞར་ལ་སེལ་ནས་སྐྱོན་ཡོན་ཏན་དུ་བསྒྱུར་གེགས་ཉིད་གཉུག་མ་ཆོས་སྐུར་འཆར་བ་ཡིན་ལ། ཕྱི་རོལ་གདོན་གྱི་གེགས་རྣམས་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་ཞིང་ལུས་སྲོག་བློས་བཏང་སྟེ་གང་འདོད་དུ་བྱིན། འདྲེར་འཛིན་གྱི་རྟོག་པ་ལམ་དུ་ཁྱེར་བས་བར་ཆད་དངོས་གྲུབ་ཏུ་འགྱུར། །ལྷ་འདྲེ་དབང་དུ་འདུ། འདྲེར་འཛིན་རྩད་ནས་ཆོད་པར་འགྱུར་རོ། །འབྱུང་བ་ལུས་འཁྲུགས་ཀྱི་གེགས་ཀྱང་ལྡན་འདུས་ཀྱི་ནད་དུ་སྣང་བ་རྣམས་ནི་རབ་ཆིག་ཆོད་ཀྱི་ལྟ་བ་བསྐྱངས། རོ་སྙོམས་ཀྱི་སྤྱོད་པ་བྱེད། ན་དགའ་ཤི་སྐྱིད་དུ་བཞག་པས་རང་སར་གྲོལ། འབྲིང་རླུང་དང་དམིགས་པ་འཁྲུལ་འཁོར་གྱིས་བསལ་ཏེ་དཀའ་བ་མེད་དོ། །ཐ་མ་སྨན་དཔྱད་ཀྱིས་སྐྱེ་བོ་ཐ་མལ་པ་ལྟར་བཅོས་པ་ཡིན་ནོ། །སྤྱིར་བརྩོན་འགྲུས་དྲག་པོས་ཉམས་ལེན་བྱེད་པའི་ཚེ། ཚེ་སྔོན་བསགས་སྦྱངས་རྒྱ་ཆེར་སོང་ཞིང་ཚེ་འདིར་ལས་ངན་མ་བསགས་པ་རྩ་རླུང་ཐིག་ལེ་བཟང་བའི་རིགས་ལ་ཉམས་རྟོགས་ནམ་ཟླའི་དྲོད་བཞིན་འཕེལ་སླ་ཡང་དེ་ལ་རློམ་སེམས་དང་ང་རྒྱལ་དང་ཆོག་ཤེས་མེད་པ་གལ་ཆེ། གང་ཟག་ཁ་ཅིག་ཚེ་རབས་དུ་མར་ལས་ངན་བསགས་པའི་བག་ཆགས་ཀུན་གཞིའི་སྟེང་ན་ས་བོན་ཀྱི་ཚུལ་དུ་ཡོད་པ་ཐམས་ཅད་བག་ཉལ་དུ་བསྡད་དབང་མེད་པར་ལྷོངས་ནས་ལུས་ལ་མཛེ་ནད་དང་ཤིག་ནད་སོགས་ནད་དྲག་པོ་དང་། །


ZP04_Page_617
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱི་ཆོ་འཕྲུལ་དང་། མི་ཁ་དང་གཏམ་ངན། གཞན་གྱིས་བརྡུང་བརྡེག །སེམས་མི་བདེ་ཞིང་སྙིང་པ་ཕྱོ་བ། མྱ་ངན་དང་སྨྲེ་སྔགས་འདོན་པ་སོགས་གེགས་ཀྱི་རྣམ་པར་མངོན་སུམ་དུ་ལྟོངས་ནས་འོང་ཏེ། དེའི་ཚེ་ནད་དུ་བཟུང་ནས་བཅོས་པ་དང་། གདོན་དུ་བཟུང་ནས་གསོལ་བ་དང་བརྡུང་པ་སོགས་བྱས་ན་ལམ་ཆོད་ཆུང་ཞིང་ཁ་འགྱང་པར་འགྱུར་བས་མི་བདེ་བ་ཅི་བྱུང་ཡང་། ངའི་སྡིག་སྒྲིབ་ཚོ་འདག་གི་ཡོད་པའི་རྟགས་སུ་འདུག་སྙམ་དུ་དགའ་བ་བསྒོམ། ཟས་གོས་སོགས་མ་འཛོམ་པ་མ་རྙེད་པ་མ་འབྱོར་པ་ཅི་བྱུང་ཡང་ལྷག་པར་དགའ་བ་བསྐྱེད། སྔོན་གྱི་སྡིག་སྒྲིབ་འདག །འཕྲལ་དུ་ང་རྒྱལ་འཇོམས། ལྷའི་བུའི་བདུད་ཀྱིས་མི་འཁྱེར་བས་དཀོན་མཆོག་གི་བཀའ་དྲིན་བླ་མའི་བྱིན་རླབས་སུ་ཤེས་པར་བྱས་ལ་དགའ་སྤྲོ་གོང་འཕེལ་དུ་གཏོང་། །སྒྲུབ་པ་ཉམས་ལེན་གྱི་སྐབས་སུ་རབ་ཀྱིས་ཚེ་འདི་བློས་བཏང་སྟེ་ཟང་ཟིང་གི་ཕྱིར་དུ་གོམ་པ་མི་བསྒྱུར་བར་བཅུད་ལེན་དང་སྔོ་ལྡུམ་སོགས་ལ་བརྟེན། ཐ་མས་བསོད་སྙོམས་སམ་སྦྱིན་བདག་གི་རྫས་ལ་བརྟེན་དགོས་ཀྱང་ཡོགས་ཟས་མི་བྱ། རྩ་རླུང་པ་རྣམས་ཀྱིས་རིགས་དྲུག་གི་གནས་སྦྱོང་བྱུང་ན་ཕྱིས་རིགས་དྲུག་གི་རྒྱུ་མི་སྐྱེ་ཟེར་ཡང་དེར་མ་ངེས་ཏེ། རིགས་དྲུག་དངོས་སུ་སྐྱེས་ཀྱང་སྐྱེ་གནས་མི་ཁེགས་པར་གདའ་ན་སྙམ་སྣང་དུ་སྐྱེས་བས་ཁེགས་མི་ཁེགས་ཅི་ཆ། མངོན་སུམ་དུ་སྡུག་


ZP04_Page_618
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དྲག་པོས་རྣམ་པར་སྨིན་པ་འདི་ནི་ངན་འགྲོའི་རྒྱུ་དཔག་མེད་འཛད་དེ་མདོ་ལས། ཞིང་འདིའི་བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་དཔག་ཏུ་མེད་པར་དམྱལ་བ་ཆེན་པོ་མྱོང་འགྱུར་གྱི་ལས་ཀྱང་སྔ་གྲོ་གཅིག་ཀླད་པ་ན་བ་ཙམ་གྱིས་མཛད་པར་གསུངས་པ་དང་། རྡོ་རྗེ་གཅོད་པར་ཡང་བསྐལ་པ་དཔག་མེད་དུ་ངན་འགྲོ་མྱོང་འགྱུར་གྱི་ལས་ཚེ་འདིར་དྲངས་ཏེ་མནར་བར་འགྱུར་གསུངས་པ་ལྟར་མི་བདེ་བ་ཅི་བྱུང་ཡང་སྡིག་སྒྲིབ་འདག་པའི་ལྷོངས། དཀོན་མཆོག་གི་བྱིན་རླབས། ས་ལམ་གྱི་དྲོད་རྟགས་སུ་ཤེས་པར་བྱས་ལ་དགའ་བསྒོམ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཀྱང་བདག་གི་མི་བདེ་བ་འདིའི་སྟེང་དུ་བླངས་ལ་བདེ་དགེ་སེམས་ཅན་ལ་སྟེར་མི་བདེ་དེ་ཉིད་བླ་མར་བསྒོམས་ལ་གསོལ་བ་གདབ། ཡི་དམ་དུ་བསྒོམ་ལ་དངོས་གྲུབ་བླངས། ཆོས་སྐྱོང་དུ་བསྒོམས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཐུལ་ཅིག་ཕྲིན་ལས་བཅོལ། མི་བདེ་བ་དེ་ལ་ངོ་བོ་ཅི་འདྲ་ཞིག་འདུག་བལྟས་ལ་རང་ཐོག་ཏུ་བཞག །མི་བདེ་བ་དེ་ཀ་བརྒྱ་འགྱུར་སྟོང་འགྱུར་དུ་བསྐྱེད་དེ་ནམ་མཁའ་ཁྱབ་པར་བྱས་ལ་ཅི་ཙམ་ཆེར་སོང་ལྟ། རང་སེམས་རྡོའམ་ཤིང་ལ་སོགས་ལ་བསྟིམ་སྟེ་ལུས་རོ་བཞིན་དུ་བཞག་དེ་ལྟར་སྣ་ཚོགས་ཀྱིས་ཉམས་སུ་བླངས་པས་སྐྱོན་དུ་བཟུང་བ་ཡོན་ཏན་དུ་འཆར། བར་ཆད་དུ་བཟུང་བ་དངོས་གྲུབ། བགེགས་སུ་བཟུང་བ་དྲོད་རྟགས་སུ་རིག་ཏེ་ལམ་


ZP04_Page_619
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་ཆོད་དུ་འགྲོ་བ་ཡིན་ནོ། །སྤྱིར་ཡང་བདེ་གསལ་མི་རྟོག་པ་སོགས་ཡོན་ཏན་ལྟར་སྣང་བ་དང་། ནད་གདོན་སོགས་གེགས་ལྟར་སྣང་བ་འདི་གཉིས་པོ་ཉམས་སུ་བླངས་པའི་དྲོད་རྟགས་སུ་ཁྱད་མེད། ཡོན་ཏན་དུ་སྣང་བ་དེ་རློམ་སེམས་སོགས་བསྐྱེད་པས་སྐྱོན་དུ་འགྱུར་ལ་ཉེ་ཞིང་། སྐྱོན་དུ་མ་སོང་ཀྱང་ལམ་ཆོད་ཆེན་པོར་འགྱུར་མི་ཐུབ། སྐྱོན་དུ་སྣང་བ་འདི་རྣམས་ལ་སྐྱོན་དུ་མ་བཟུང་། གྲགས་འདོད་ཀྱི་རེ་དོགས་མ་ཞུགས་པར་ལམ་དུ་ཁྱེར་ན་བསྐལ་པ་མང་པོའི་ལམ་སྐད་ཅིག་རེས་བཟླུམ་པས་ནད་གདོན་སོགས་བྱུང་ན་དྲོད་རྟགས་ཀྱི་མཆོག་ཏུ་ཤེས་པས་གཅེས་འཛིན་བློས་བཏགས་དྲག་ཏུ་རེ་བ་སྤུ་ཙམ་ཡང་མེད་པར་ལིང་བསྐྱུར་གྱིས་ལམ་དུ་ཁྱེར་བ་གནད་དུ་ཆེའོ། །ཞལ་གཟིགས་ལུང་བསྟན་སོགས་བྱུང་བ་ལ་སྐྱོན་ཡོན་བརྟག་པ་བྱེད་ཚུལ་སོགས་ཡོད་ཀྱང་། བརྒྱུད་པ་འདིར་ནི་བཟང་ངན་ཅི་མཐོང་ཡང་བཟང་ངན་དུ་མི་འཛིན། སྐྱོན་ཡོན་དུ་མི་བལྟ། ཆུ་ནང་དུ་ཤར་བའི་ཉི་ཟླའི་གཟུགས་བརྙན་ལ་ཚ་གྲང་ཁྱད་མེད། མེ་ལོང་དུ་རྟ་གླང་དང་གསེར་སྐུའི་གཟུགས་བརྙན་ཤར་བ་ལ་བཟང་ངན་མེད་པ་ལྟར་སྣང་ཙམ། མེད་བཞིན་དུ་སྣང་བ་བདེན་རྫུན་གྱིས་སྟོང་པ། སུས་ཀྱང་མ་བསྟན་པ། ཅི་ཡང་མ་ཡིན་པའི་གནད་ཤེས་པར་བྱས་ཏེ་སྣང་ཐོག་དེ་ཉིད་དུ་གཞི་རྩ་དང་བྲལ་བར་བཞག་པས་སྐྱོན་རང་དག །ཡོན་ཏན་གོང་འཕེལ་


ZP04_Page_620
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་ལ་དེ་བཞིན་དུ་ཆོས་གསུང་པ་དང་ལུང་སྟོན་པ་སོགས་བྱུང་རུང་དེ་ལྟར་དུ་རྗེས་སུ་མི་འབྲང་བར་གློད་དེ་བཞག་པས་ཉམས་ཡིན་ན་འཕེལ་འགྲིབ་མེད། བདུད་ཀྱི་བར་ཆད་ཡིན་ན་ཚུགས་མི་ཐུབ་བར་ཡལ་ཞིང་འཇིག །ཡང་དག་པ་ཡིན་ན་གཉུག་མའི་ཤེས་པ་དང་དབྱེར་མེད་གཅིག་ཏུ་སོང་སྟེ་བཞག་བྱ་འཇོག་བྱེད་ཀྱང་ལྷག་པར་མི་ལུས་པར་ཆོས་ཉིད་ཀྱི་རྒྱལ་ཁམས་གཅིག་ཏུ་འགྲོའོ། །ལམ་འཁྱེར་འདི་ཚོ་མེད་ན་རྩ་རླུང་བཟང་བ་གསལ་ཉམས་དང་རྟོག་དཔྱོད་ཤས་ཆེ་བའི་གང་ཟག་ལ་བདུད་ཀྱིས་བསླུས་པ་སྲིད་པས་འདི་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །མདོར་ན་རྟེན་གྱི་གང་ཟག་དབང་པོ་རྣོན་པོས་བརྒྱུད་པ་འདིའི་བླ་མ་མཚན་ལྡན་ཚུལ་བཞིན་དུ་བསྟེན། མྱོང་ཁྲིད་ཚུལ་བཞིན་དུ་བྱས། གདམས་ངག་གི་གནད་ཟིན། མྱོང་བ་ལེགས་པར་སྐྱེས་ནས་དབེན་པའི་རི་ཁྲོད་དུ་གྱོང་ལྟོ་གོས་ལ་བསྐུར་ཏེ་རྩེ་གཅིག་ཏུ་བསྒྲུབ། ཅི་བྱེད་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཅི་བྱ་ཚང་རླག་པ་ལྟ་བུའི་སྙིང་རྗེ་ཆེན་པོ་ནས་གཞི་བཟུང་། འོན་ཀྱང་སྲིའུ་གསོ་འབེབས། གཏོར་མ་གྲོང་ཆོག་སོགས་ཀྱིས་དུས་མིན་གྱི་གཞན་དོན་རྣམས་མི་རྩོམ། སྣང་གྲགས་ཐམས་ཅད་ལྷ་སྔགས་བདེ་ཆེན་སྒོ་གསུམ་ཡི་དམ་གྱི་སྐུ་གསུང་ཐུགས་སུ་ཤེས་པ་དང་མ་བྲལ་བར་བྱེད། དེ་ཐམས་ཅད་རང་ངོ་བཅོས་བསླད་དང་བྲལ་བའི་གཉུག་མའི་ཕྱག་རྒྱ་ཆེན་པོ་ཆིག་ཆོད་དུ་བྲི་གང་མེད་པར་


ZP04_Page_621
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱངས། བསམ་ངན་མང་པོ་ཤར་བའི་ཚེ། །སྒོམ་དུ་ཤར་ཡང་ལྷོད་ན་ཞོག །ཅེས་པ་ལྟར་ཚེ་འདིའི་ཆོས་བརྒྱད་དང་ཉོན་མོངས་པ་དང་ལུང་མ་བསྟན་གྱི་ལས་ཀྱི་རྣམ་རྟོག་གང་བྱུང་ཡང་རྡེ་ནག་བཞག་སྟེ་སྐྱེ་མེད་དུ་གཞི་རྩ་བཅད་ནས་ཕྱིས་མི་སྐྱེ་བར་བྱེད། དད་སོགས་དགེ་བའི་རྟོག་པ་སྐྱེ་བ་ཐམས་ཅད་ཀྱང་སོ་སོ་རང་ངོ་ཤེས་པར་བྱས་ཏེ་ཚོགས་གཉིས་དབྱེར་མེད་དུ་གྱུར། སྙིང་རྗེ་དང་སྨོན་ལམ་རྒྱ་ཆེན་པོ་ནས་གཞན་དོན་གྱི་རྟེན་འབྲེལ་སྒྲིག་པར་བྱའོ། །ལམ་འདི་ལ་གནས་ན་ཐེག་པ་མ་ལུས་པའི་དོན་ཉམས་སུ་བླངས་པ་ཡིན་ཏེ། དཀར་ནག་གི་ལས་ལ་བླངས་དོར་སྲོག་བཞིན་བྱེད་པས་མངོན་མཐོའི་ཐེག་པ་དང་སྐྱེས་བུ་ཆུང་ངུའི་ལམ་ཚང་། ཚེ་འདི་བློས་བཏང་འཁོར་བ་ལ་ཞེན་པ་ལོག་བདག་འཛིན་འདུལ་བའི་ཆ་ནས་ཉན་ཐོས་དང་རང་རྒྱལ་གྱི་ལམ་ཚང་། རང་ཉིད་ཀྱི་ཞི་བདེ་བློས་བཏང་བྱམས་སྙིང་རྗེ་ཆེན་པོ་ནས་ཅི་བྱེད་སེམས་ཅན་གྱི་གཏན་དོན་དུ་བྱེད་ཅིང་ཐམས་ཅད་ཀྱི་སྡུག་བསྔལ་བདག་ལ་ལེན། བདེ་དགེ་ཐམས་ཅད་སེམས་ཅན་ལ་སྟེར་བས་ཀུན་རྫོབ་བྱང་སེམས་ཀྱི་བློ་སྦྱོང་ཚང་། ཆོས་ཐམས་ཅད་ཀྱང་བདེན་རྫུན་དང་བྲལ་བ་སྒྱུ་མ་ལྟ་བུའི་རྨི་ལམ་སྟོང་ཉིད་སྤྲོས་བྲལ་དུ་ཤེས་པས་དོན་དམ་བྱང་སེམས་ཀྱི་བློ་སྦྱོང་ཚང་སྟེ་ཕར་ཕྱིན་ཐེག་པའི་ལམ་


ZP04_Page_622
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་། ལྷ་དང་དཀྱིལ་འཁོར་དང་དཀོན་མཆོག་ཐམས་ཅད་བླ་མ་འབའ་ཞིག་ཏུ་ཤེས། བླ་མ་གཅིག་པོར་བསྡུས་ཏེ་མོས་གུས་གྱི་གསོལ་འདེབས་ལ་རྒྱུན་ཆད་མེད། བྱིན་རླབས་ཀྱི་དབང་བཞི་ལ་རྒྱུན་ཆད་མེད་པས་དབང་གི་ཆུ་བོ་མ་ནུབ་པའི་ཡང་རབ་ཡིན། རྐྱེན་ལ་བཟང་ངན་མེད། བར་ཆད་དངོས་གྲུབ་ཏུ་མི་ཕྱེད་གང་བྱུང་ཆོས་ཉིད་ཀྱི་ལམ་དུ་འཁྱེར་བ་ནགས་ཆེན་པོ་ལ་མེ་མཆེད་ན་བུད་ཤིང་ཡིན་མིན་འབྱེད་དུ་མེད་པ་ལྟར་ཉམས་སུ་ལེན་པས་གདམས་ངག་གི་སར་ག་མ་ལོག་པའི་ནང་ནས་ཡར་རབ་ཡིན། སྣང་ཚད་ལྷ་གྲགས་ཚད་སྔགས་སུའང་བཞིན་གྱིས་ཤེས་པས་བསྐྱེད་རིམ་དབྱིབས་ཀྱི་སྒོམ་པ་ལ་མི་ལྟོས། སྒོ་གསུམ་རྡོ་རྗེ་གསུམ་དུ་རང་ཆས་སུ་ཤེས་པས་བསྐྱེད་རིམ་ལ་རྒྱུན་ཆད་མེད། སེམས་ཉིད་ཀྱི་ཡིན་ལུགས་སྐྱེ་འགགས་མཚན་མ་དང་བྲལ་བ་བཅོས་སླད་དང་བྲལ་བ་ལ་ཡིད་ཆེས་ཐེ་ཚོམ་མི་ཟ་བས་མི་སྐྱེ་བའི་ཆོས་ལ་བཟོད། །ལུས་དང་སེམས་དང་བདག་དང་སྣང་བ་སོགས་ཐ་དད་དུ་དབྱེར་མ་མཐོང་བས་གཉུག་མ་འོད་གསལ་བའི་དབྱིངས་རྡོ་རྗེ་ཉི་ཟླ་ཤར་བ་དང་ནུབ་པ་མེད་པར་རྟག་པ། རྡོ་རྗེའི་སྒྲ་གཅན་མི་ཤིགས་པའི་ངོ་བོར་ཆོས་ཐམས་ཅད་ལ་ཐིམ་པ། ཆོས་ཐམས་ཅད་གཟོད་མ་ནས་ལྡང་འཇུག་དང་བྲི་གང་མེད་པའི་ངོ་བོ་ཉིད་ཤེས་པས་བཅོས་བསླད་བྱར་མ་ཁོམ་ཞིང་། དམིགས་གཏད་ཀྱི་འདུ་བྱེད་ཞིག་སྟེ་རྡོ་རྗེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་


ZP04_Page_623
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོ་ཉིད་ཤུན་དང་བཅས་པ་མ་ཡིན་ཞིང་རྒྱུན་ཆད་པ་མེད་པའི་ཕྱིར་རྡོ་རྗེ་ཐེག་པའི་དབང་བཞིའི་ལམ་ཐམས་ཅད་ཀྱི་ཆུ་བོ་དབྱེར་མེད་དུ་རྫོགས་པ་ཡིན། །རྐྱེན་བཟང་ངན་ཐམས་ཅད་ལམ་དུ་བྱེད་པའི་ཕྱིར་རོ་སྙོམས། རྣམ་རྟོག་གི་འཆིང་བ་གཅོད་པས་གཅོད་ཡུལ། ལམ་དང་འབྲས་བུ་ཅིག་ཆར་དུ་རྫོགས་པའི་ཕྱིར་ལམ་འབྲས། རིག་པ་དྲི་མ་མེད་པར་གནས་པའི་ཕྱིར་ཞི་བྱེད། །མཐའ་དབུས་གང་དུའང་མི་གནས་པའི་ཕྱིར་དབུ་མ། ཆོས་ཐམས་ཅད་གཟོད་མ་ནས་ཆོས་ཉིད་ཡོངས་རྫོགས་སུ་མཐོང་བའི་ཕྱིར་རྫོགས་པ་ཆེན་པོ། སངས་རྒྱས་ཐམས་ཅད་དང་ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་གཅིག་པུ་བར་འདུག་པས་ཕྱག་རྒྱ་ཆེན་པོ་སྟེ་ཐེག་པ་ཐམས་ཅད་དང་། ལམ་དང་ཡེ་ཤེས་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུང་ཐམས་ཅད་དང་། སྤོབས་པ་ཐམས་ཅད་དང་། ཆོས་ཀྱི་སྒོ་ཐམས་ཅད་ཀྱི་ཆུ་བོ་གཅིག་ཏུ་འདུས་ཤིང་ཅིག་ཅར་དུ་ཉམས་སུ་བླངས་པར་འགྱུར་བ་ཡིན་ཏེ་སངས་རྒྱས་ཀྱི་བསྟན་པ་མཐའ་དག་གཅིག་ཏུ་གྱུར་བ་ཡིན་ནོ། །དེ་ལྟར་ཉམས་སུ་བླངས་པས་རང་འདོད་ཀྱི་འཁྲི་བ་ཟད་རྟོགས་པ་མཐར་ཕྱིན་ཇི་ལྟར་ཇི་སྙེད་ཀྱི་མཁྱེན་པ་རྒྱས། ཅི་བྱས་གཞན་དོན་དུ་འགྱུར་ཆོས་དང་ཆོས་མ་ཡིན་


ZP04_Page_624
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཟད། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཁོང་ནས་རྡོལ་བའི་ཚེ་ནི། རང་དོན་རྩེ་གཅིག་གི་སྒོམ་པ་གྲུབ་ནས། གསུམ་པ་གཞན་དོན་གྱི་དུས་ལ་སླེབ་པ་ཡིན་པས། དབང་པོ་ཡང་རབ་ཆོས་ཉིད་ཀྱི་མཐོང་བ་ལ་འགོད། འབྲིང་ཞི་ལྷག་སྒོམ་པ་ལ་འགོད། ཐ་མ་རྣམས་ཐབས་སྣ་ཚོགས་ཀྱིས་བསགས་སྦྱངས་ལ་འགོད། ཐ་ན་བྱ་དང་རི་དྭགས་ཡན་ཆད་ལ་ཡང་། བསྡུ་བ་བཞི་དང་། ཆོས་སྟོན་པ་དང་། སངས་རྒྱས་ཀྱི་མཚན་སྒྲོག་པ་སོགས་ཀྱི་འབྲེལ་པ་བཞག་སྟེ་འབྲེལ་ཚད་བླ་ན་མེད་པའི་དོན་དང་ལྡན་པར་འགྱུར་རོ། །དབང་པོ་ཐ་མས་ཞེན་ལོག་དང་མོས་གུས་སྐྱོ་ཤས་སྙིང་རྗེ་སོགས་ཀྱི་གནད་གཅུན། ལུས་ངག་གི་དགེ་སྦྱོར་དྲག་པོས་རྒྱུད་སྦྱོང་བ་གནད་ཆེ། སྔོན་འགྲོའི་གནད་གང་ཡང་རྒྱུད་ལ་མ་ཐེབ་པ་ལ་ཞི་ལྷག་གི་ཁྲིད་མི་ཐེབས་ལ། ཅུང་ཟད་རེ་ཡོང་ཡོང་ལྟར་སྣང་ཡང་གནས་པ་ལྟེང་པོ་ཞེས་བྱ་བ་བྱིང་བ་ཆེན་པོ་ལ་གནས་བརྟག་པ་དང་། ལྷག་མཐོང་ཅང་མེད་ཀྱི་ཆད་པའམ་རིག་གེ་བའི་དངོས་འཛིན་རེ་ཙམ་མ་གཏོགས་ངོ་བོ་མཐོང་མི་ཐུབ་བོ། །ནང་འཁོར་ལོ་བཞི་ལ་བརྟེན་ནས་རྫོགས་རིམ་རྩ་བའི་ཆོས་བཞི་གནད་དུ་བསྣུན་པས་གནས་སྐབས་བཞི་དག་སྟེ་སྐུ་བཞིར་འཚང་རྒྱའོ། །མར་པ་ཡབ་སྲས་ཀྱི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་མན་ངག་


ZP04_Page_625
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་གཙུག་ལག་ཕྲེང་བའི་གསུང་རི་ཆོས་གནད་ཀྱི་ལྡེ་མིག་ལས་ཞལ་བཤུས་ཐོར་བུ་ཙམ་མོ།། །།ཀུན་ལ་ཕན་པ་རྒྱ་ཆེ་བ། །རྒྱལ་དང་རྒྱལ་བའི་སྲས་རྣམས་ཀྱི། །མཛད་པའི་རྣམ་ཐར་ཇི་ལྟ་བར། །ཟིན་ཐུན་འདིས་ཀྱང་འབྱུང་བར་ཤོག །མངྒ་ལཾ།། ཤུ་བྷཾ།། །།


previousགྲུབ་ཆེན་མར་བའི་ལུགས་ཀྱི་ཕྱག་ཆེན་ཁྲིད་ཀྱི་མན་ངག་གནད་ཀྱི་ལྡེ་མིགnext