Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་མི་འགྱུར་ནམ་རྡོར་ལ་འདས་རྗེས་སུ་བབས་པ།
   
   
   
   


 
previousམཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་མི་འགྱུར་ནམ་རྡོར་ལ་འདས་རྗེས་སུ་བབས་པ།next

མཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་མི་འགྱུར་ནམ་རྡོར་ལ་འདས་རྗེས་སུ་བབས་པ།


ZP04_Page_687
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྫོགས་པ་ཆེན་པོའི་ཉམས་ལེན་གྱི་གནད་མཐར་ཐུག་པའི་རྩ་འགྲེལ་འོད་གསལ་གྱི་སྣང་ཆ་ཞེས་བྱ་བ་བཞུགས་སོ། །


ZP04_Page_688
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་ཀྱི་བདག་པོ་དྲིན་ཆེན་འཇིགས་མེད་རྒྱབ་བའི་མྱུ་གུའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཆུ་ཡོས་ཟླ་བ་དང་པོའི་ཚེས་ཉེར་ལྔ་ལ། བདག་སྤྲུལ་མིང་ཚོགས་དྲུག་རང་གྲོལ་ས་སྐྱོང་རྒྱལ་པོའི་ཚེ་སྒྲུབ་བསྙེན་སྐབས། །ནངས་པར་ཐོ་རེང་གི་ཆ་ཐུན་གྱི་འོད་གསལ་གྱི་ངང་ནས། བདག་མཆོད་རྟེན་བདེ་བྱེད་བརྩེགས་པར་སླེབས་འདུག །ཁོ་བོ་བུམ་པའི་ནང་དུ་འདུག་སྐབས། མདུན་གྱི་ནམ་མཁའ་ནས་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རོལ་མོའི་སྒྲ་མང་དུ་བསྒྲགས་ཤིང༌། དྲི་བཟང་གི་དུད་པས་ཕྱོགས་ཀུན་ཏུ་ཁྱབ་པར་རྒྱས་ཤིང༌། བདག་ལ་མཁའ་འགྲོ་ཞིག་གིས་ཕ་ཀི་རིག་འཛིན་ཆེན་པོ་


ZP04_Page_689
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་མེད་རྒྱལ་བའི་མྱུ་གུ་འཇིག་རྟེན་མི་ཡུལ་ནས་ཨོ་རྒྱན་མཁའ་འགྲོའི་ཚོགས་དཔོན་ལ་གཤེགས་སོ་ཟེར་བས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་དབུས་སུ་མཁའ་འགྲོ་མ་བཞིས་དར་དཀར་གྱི་འདོ་ལི་ཕྱོགས་བཞིར་རྡོ་རྗེ་ཕྱེད་པས་མཚན་པས་བཏེགས་པའི་སྟེང་དུ་སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣལ་འབྱོར་གྱི་ཆ་བྱད་ཅན་གཟི་བརྗིད་སྔོན་ལས་ཆེས་ཆེར་ལྷག་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཐུགས་ཀར་བསྣོལ་ཏེ་བཞུགས་པ། དར་གྱི་གྲ་བཞིར་ཤར་ལྷོ་ནུབ་བྱང་གི་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིའི་ཕྱག་གཡས་རང་རྟགས་དང་གཡོན་དར་གྱི་གྲ་བཞིའི་རྡོ་རྗེ་བཟུང་ལ་བཏེག་པ། མཁའ་འགྲོ་བཞི་གླང་ཆེན་རྟ་


ZP04_Page_690
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་རྨ་བྱ་ཤང་ཤང་རྣམས་ལ་ཞོན་པ་འཇའ་སྤྲིན་འོད་ལྔའི་ཀློང་ན་དཔའ་བོ་མཁའ་འགྲོ་རྣམས་གདུགས་རྒྱལ་མཚན་གླུ་གར་རོལ་མོའི་བྱེ་བྲག་སྣ་ཚོགས་བྱེད་པར་འདུག་པའི་མོད་ལ་ཁོ་བོས་མི་ཡུལ་དུ་འགྲོ་དོན་མཛད་པར་ཞུས་པའི་ལན་དུ། རྗེ་སྲོང་བཙན་ནས་ད་ལྟའི་བར་དག་ཏུ། །འགྲོ་དྲུག་གི་གདུལ་བྱ་བྱས་ཟིན་ཏེ། །ཁྱད་པར་དུ་མི་ཡུལ་འདི་ཉིད་དུ། །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ། །དཀར་ནག་གི་ལས་འབྲས་བླང་དོར་དང༌། །རྫོགས་ཆེན་གྱི་ཁྱད་ཆོས་ཨ་ཏི་ཡིས། །ཐམས་ཅད་ལ་འགྲོ་དོན་བྱས་ཟིན་ཏེ། །རྗེས་འཇུག་གི་བུ་སློབ་ཐམས་ཅད་ཀྱིས། །རང་ལུགས་ལས་གཞན་ན་མེད་པའི་ཆོས། །ཁོ་བོ་ཡི་རིག་འཛིན་ཆེན་པོའི་གསུངས། །དོན་མ་ནོར་བར་ཁྱོད་ལ་གདམས་པར་བྱ། །གདོད་ནས་རྣམ་དག་བསམ་ཡུལ་འདས་པའི་ཀློང༌། །སེམས་ཉིད་རྒྱལ་པོ་རང་བཞིན་རྫོགས་པ་ཆེ། །གང་ཡང་མ་སྤང་ཀུན་ལས་འདས་པའི་དོན། །གང་ཤར་ཞེན་མེད་ལྷུན་འབྱམས་རིག་པའི་ཀློང༌། །ཅོག་བཞག་རང་གྲོལ་གཅེར་མཐོང་བསམ་ཡུལ་མེད། །རང་བཞིན་བབ་ཡིན་བཅོས་བསླད་མ་བྱེད་ཅིག །རྨོངས་པ་གང་གིས་ངོ་བོ་དེ་བོར་ནས། །གཉུག་མའི་སེམས་ལ་སྒྲིན་པོའི་གཟེབ་བསྐུར་ནས། །བཅོས་ཤིང་བཅོས་ཤིང་སྙིང་པོའི་དོན་ལ་སྒྲིབ། །གྲོལ་བ་མེད་པ་དེ་ཡིས་སླར་བཅིང་བྱེད། །གང་ལ་བློ་ཡི་ཁོང་ན་ལྷོད་ཡོད་ན། །


ZP04_Page_691
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཉིད་དེ་དེ་ལ་བཅོས་མི་དགོས། །འགྱུ་མཐོང་རང་དག་གཉེན་པོས་མ་བསླད་ཅིང༌། །སྤངས་བྱས་མ་བསྒྱུར་གཤིས་དེ་རྫོགས་པ་ཆེ། །ཡོད་ཉིདྨེད་ལ་མེད་པ་ཡོད་པའི་མཐའ། །དངོས་ཀུན་ཞིག་པའི་སྟོང་པ་རྫོགས་པ་ཆེ། །བཅོས་ཤིང་བཅོས་ཤིང་གྲོལ་བར་འདོད་པའི་མི། །རྟག་ཆད་གཉིས་ལས་ཐར་པར་ཡོད་དམ་ཅི། །གཞི་མེད་རྩ་བྲལ་ཡེ་ནས་རྫོགས་པ་ཆེ། །སྟོང་དང་སྣང་དང་ཡོད་དང་མེད་པའི་སྒོམ། །གང་ལ་བསྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལ་སྲིད་ཡོད་འཁོར་བའི་སྡུག་བསྔལ་ཡོད། །གང་ལ་ཆོས་ཡོད་ཐེག་པའི་ཞེན་འདོད་ཡོད། །དེ་ལ་ཉོན་མོངས་གཉེན་ཡོད་འཆིང་བ་ཡོད། །གཞི་བྲལ་ལམ་འགགས་འབྲས་བུ་ཞེན་པ་གང༌། །ཐེག་པའི་འདོད་ཞེན་རྡུལ་ཙམ་མི་གནས་པ། །དེ་ལ་ལས་མེད་རྣམ་སྨིན་གོས་པ་མེད། །སྲིད་ཞིར་མི་གནས་ནམ་མཁའི་ངང་དུ་འགྲོ། །ཡུལ་གྱི་མཁའ་ལ་རིག་པའི་རྩལ་འཕྱོ་བར། །གཏད་མེད་རྒྱལ་པོ་འཛིན་མེད་ཤར་བའི་མི། །ཡུལ་དང་ཡུལ་ཅན་སྲིད་ལས་རང་གྲོལ་ཆོས། །དུས་གསུམ་འཕོ་འགྱུར་མེད་པའི་ངང་དུ་གནས། །རིག་པའི་རྒྱལ་པོ་སྟོང་གསལ་ཆོས་སྐུའི་གདེང༌། །མི་འགྱུར་ལྷུན་གྲུབ་གཞི་རྩ་བྲལ་བའི་གདེང༌། །གདེང་དང་ལྡན་པ་གདོད་མའི་ཀློང་དུ་ཨཿ །ཞེས་གསུངས་ཤིང་སྐད་ཅིག་ཉིད་ལ་རྔ་ཡབ་དཔལ་རིའི་གྲོང་ཆེན་པོའི་དབུས་སུ་རིག་


ZP04_Page_692
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བླ་མ་དེ་གནས་འགྱུར་ནས་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་གར་གྱི་ཉམས་དགུ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ་འཁོར་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐམས་ཅད་ལམ་གྱིས་ཤར་བྱུང༌། །ཁོ་བོའི་དབང་བསྐུར་བའི་གསོལ་བ་བཏབ་པའི་ཉམས་བྱུང༌། ཡང་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཐམས་ཅད་གཙོ་བོ་ལ་ཐིམ། དཔལ་ཆེན་པོ་ཡང་འོད་སྔོན་པོའི་རྣམ་པར་གྱུར་ཏེ་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ། དེ་མ་ཐག་ཏུ་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་བཛྲ་གུ་རུའི་སྒྲ་འབའ་ལྡིར་བཟླས་པའི་རྐྱེན་གྱིས་སད་པས་ཁོ་བོ་རང་མལ་དུ་ཡོད་འདུག །ཉེར་ལྔའི་ཉིན་དེར་རིག་འཛིན་ཆེན་པོ་བླ་མ་དུས་དྲན་གྱི་ཚུལ་དུ་བླ་སྒྲུབ་རིག་འཛིན་འདུས་པའི་ཚོགས་བརྒྱ་ཞིག་ཕུལ་ལོ།། དགེའོ།། །།


previousམཚམས་པ་འཇིགས་མེད་རྒྱལ་བའི་མྱུ་གུའི་མི་འགྱུར་ནམ་རྡོར་ལ་འདས་རྗེས་སུ་བབས་པ།next