Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།
   
   
   


 
previousའཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།next

འཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།


ZP04_Page_693
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་ཕྱག་འཚལ་ལོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་ལམ་ནས་གྲུབ་པ་བརྙེས་པའི་སྔོན་གྱི་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་རྟོགས་དོན་ཉམས་ལེན་གྱི་གནད་མཐར་ཐུག་པ་སྲས་ཀྱི་ཐུ་བོ་རྣམས་ལ་འདས་རྗེས། ཞལ་ཆེམས་ཀྱི་ཚུལ་དུ་གདམས་པས་རྟོགས་གྲོལ་དུས་མཉམ་ཞིང་སློབ་དཔོན་དང་དགོངས་པ་མཉམ་པར་གྱུར་པ་ཤ་སྟག་ཡིན་ལ། དེ་བཞིན་དུ་དེང་གི་སྐབས་སུ་ཡང་མཚུངས་མེད་ཆོས་ཀྱི་ཁྱབ་
བདག་འཁོར་ལོའི་མགོན་པོ་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐབས་སུ་ཐུགས་ཀྱི་སྲས་མཚུངས་པ་མེད་པ་སྤྲུལ་པའི་སྐུ་རིན་པོ་ཆེ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་འོད་གསལ་གྱི་སྣང་ཆར་རྫོགས་པ་ཆེན་པོའི་ཉམས་ལེན་གྱི་གནད་མཐར་ཐུག་པ། ཞལ་ཆེམས་འདས་རྗེས་ཀྱི་ཚུལ་དུ་གསུངས་པ་འདིའི་དོན་ཅུང་ཟད་བཀྲལ་ནས་འཆད་པ་ལ་གསུམ། །གཞི་མ་འཁྲུལ་པའི་ཆོས་ཉིད་གཉུག་མ་རང་གི་ངོ་བོ་བསྟན་པ། ལམ་མ་བཅོས་པའི་སེམས་ཉིད་རིག་སྟོང་རྗེན་བར་ཉམས་སུ་བླངས་ཚུལ། འབྲས་བུ་བླང་དོར་དང་བྲལ་བའི་ངང་དུ་འཁྲུལ་རྟོག་གི་གྲོལ་ས་བསྟན་པའོ། །དང་པོ་ནི། འདི་ལྟར་གདོད་མ་གཤིས་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་གང་ཡིན་པ་དེ་རྟོགས་ཏེ་སངས་རྒྱས་མ་བྱུང༌། མ་རྟོགས་ཏེ་སེམས་ཅན་མ་བྱུང་གི་དུས་ཙམ་ན་འཁོར་འདས་ཀྱི་སྤྱི་གཞི་སྟེ་ཆོས་ཉིད་རང་གི་ངོ་བོ་སྒྲིབ་གཉིས་ཀྱི་དྲི་མས་བསླད་མ་མྱོང་བའི་གཞི་ཀ་དག་ཆེན་པོ་དེ་ལ་གདོད་ནས་རྣམ་དག་ཅེས་བྱ་ལ། དེ་ལྟ་བུའི་ཆོས་ཉིད་དེ་བློས་རྟོག་དཔྱོད་དང་ཚིག་གིས་བརྗོད་པ་ལ་སོགས་པས་ཤེས་པར་མི་ནུས་ཤིང་བསམ་པའི་ཡུལ་ལས་འདས་པས་ན་ཀློང་དེ་ཡང་དོན་དུ་ན་དབྱིངས་སྟོང་པ་ཉིད་སྤྲོས་པའི་


ZP04_Page_694
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཐམས་ཅད་དང་བྲལ་བ་དེ་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཡིན་ནོ་ཞེས་བསྟན། དེ་ལྟ་བུའི་ཆོས་ཉིད་དེ་ཡང་གཞན་ན་མེད་དེ་རང་གི་སེམས་ཀྱི་རང་བཞིན་འོད་གསལ་བ་དང་གཉིས་སུ་མེད་པས་ན་སེམས་ཉིད། སེམས་ཀྱི་གཉུག་མ་དེ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བྱེད་པོ་ཡིན་ཞིང་ཆོས་ཐམས་ཅད་ལ་དབང་བསྒྱུར་བས་རྒྱལ་པོ། དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མེད་པས་ན་རང་བཞིན། ཆོས་ཉིད་དེའི་ཀློང་དབྱིངས་དོན་དམ་པའི་ངང་དུ་སྣང་སྲིད་གཞི་ལས་མ་གཡོས་པར་རྫོགས་པས་ན་རྫོགས་པ་ཆེན་པོ། དཔེར་ན་དངོས་པོ་ཐམས་ཅད་ལ་ནམ་མཁས་ཁྱབ་ཅིང་ནམ་མཁས་དངོས་པོ་ཐམས་ཅད་མ་སྤངས་པ་ལྟར་ཆོས་ཐམས་ཅད་ལ་ཆོས་ཉིད་རྫོགས་པ་ཆེན་པོས་ཆོས་གང་ཡང་མ་སྤང་བས་ན་གང་ཡང་མ་སྤངས། དངོས་པོའི་མཚན་ཉིད་དབྱིབས་དང་ཁ་དོག་ལ་སོགས་པ་ཐམས་ཅད་ནམ་མཁའ་ལ་མེད་ཅིང་ནམ་མཁའ་དེ་དག་གི་ཡུལ་ལས་འདས་པ་ལྟར། ཆོས་ཅན་ཐམས་ཅད་ལ་ཡོད་པའི་དངོས་པོ་དང་མཚན་མ་དང་སྨྲར་བརྗོད་ལ་སོགས་པ་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལ་མེད་ཅིང་རྫོགས་པ་ཆེན་པོ་དེ་དག་གི་ཡུལ་ལས་འདས་པས་ན་ཀུན་ལས་འདས་པའི་དོན། དེ་ལྟར་དབྱིངས་ཆོས་ཉིད་རྫོགས་པ་ཆེན་པོའི་གཞིའི་གནས་ལུགས་གཉུག་མའི་ཡེ་ཤེས་རང་གི་ངོ་བོ་བསྟན་ནས་དེ་ཉིད་ཤར་གྲོལ་གཉིས་མེད་ཀྱི་ཆོས་


ZP04_Page_695
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བར་ཐག་བཅད་པ་ནི། ཐོལ་སྐྱེས་ཀྱི་རྣམ་རྟོག་ཡུལ་ལ་ཤར་བའི་ཚེ། ཤར་བའི་ཡུལ་དང་ཤར་བའི་རྣམ་རྟོག་གཉིས་ཀ་ལ་ཞེན་འཛིན་གྱི་སྤང་བླང་ཅུང་ཟད་ཀྱང་མི་བྱེད་པར་གང་ཤར་གྱི་ངོ་བོ་ལ་བལྟས་པས་རྣམ་རྟོག་རང་དག་སྟེ་རང་རིག་མ་བཅོས་པར་ཤར་བ་དེ་ལྷུན་གྲུབ་སྐུ་གསུམ་གྱི་ངང་དུ་འབྱམས་པའི་རིག་པ་ཡེ་ཤེས་ཀྱི་ཀློང་ཆེན་པོ་ཡིན་པས་ན། གང་ཤར་ཞེན་མེད་ལྷུན་འབྱམས་རིག་པའི་ཀློང༌། །དེ་ལྟར་ལྟ་བའི་རང་ངོ་མཐོང་བ་དེའི་ངང་དུ་སེམས་མ་བཅོས་པར་ཅོག་གེ་བཞག་པས་རྣམ་རྟོག་རང་དག་སྟེ་རང་བཞིན་བབས་ཀྱི་བསམ་གཏན་ལ་གནས་པ་ནི་ཅོག་བཞག །དེའི་ཚེ་སྐྱེ་མེད་ཀྱི་ངང་ནས་འགགས་མེད་རིག་རྩལ་སྣ་ཚོགས་སུ་ཤར་ཡང་ཞེན་མེད་ཀྱི་ངང་དུ་གྲོལ་བས་ན་རང་གྲོལ། རྣམ་རྟོག་གང་སྐྱེས་ཀྱི་ངོ་བོ་ལ་གཅེར་གྱིས་བལྟས་པས་རྣམ་རྟོག་རང་ཡལ་བའི་ཚེ་གཉུག་མའི་ངོ་བོ་ལྷག་གིས་མཐོང་བ་ནི་གཅེར་མཐོང༌། དེ་ལྟ་བུའི་སྒོམ་དེ་ཡང་བདེ་གསལ་མི་རྟོག་ལ་སོགས་པའི་ཉམས་ཀྱི་ཞེན་པ་ཐམས་ཅད་དང་བྲལ་ཏེ་རང་བཞིན་འདི་ལྟ་བུ་ཞིག་གོ་ཞེས་བློས་བསམ་པའི་ཡུལ་ལས་འདས་པས་ན་བསམ་ཡུལ་མེད། སེམས་མ་བཅོས་པ་འདི་རང་ངོ་རང་ཤེས་དྲན་པས་སྐྱོང་བ་ཙམ་ཉམས་ལེན་གྱི་གནད་འགག་ཡིན་པས་ན་རང་བཞིན་རང་བབས་ཡིན་པའི་ཕྱིར་བློས་ནན་གྱིས་བཟུང་ནས་སེམས་ལ་བཟོ་བཅོས་ན་ཅི་


ZP04_Page_696
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་བཅོས་པ་དེ་ཙམ་ལམ་གོལ་དུ་འགྲོ་བས་ན་བཅོས་བསླད་མ་བྱེད་ཅིག །དེ་ལྟར་མ་བཅོས་པའི་ཆོས་ཉིད་རང་ངོ་མ་ཤེས་པ་རྣམས་ནི་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་རྨོངས་པ་ཡིན་པས་ན་རྨོངས་པ་གང་གིས་དེ་ལྟ་བུའི་རྨོངས་པ་རྣམས་ཀྱི་སེམས་ཀྱི་ངོ་བོ་མ་བཅོས་པ་དེ་བོར་ཞིང༌། བཅོས་མ་ལ་ལམ་དུ་བྱེད་པས་ན་ངོ་བོ་དེ་བོར་ཏེ། གཉུག་མའི་སེམས་ཡེ་གྲོལ་དུ་གནས་པ་ཉིད་ལ་རིག་པ་སྒྲིམ་པོའི་རྟོག་དབྱེད་སྣ་ཚོགས་བཏང་ནས་རེ་དོགས་ཀྱི་གཟེབ་ཏུ་ཚུད་པས་ན། གཉུག་མའི་སེམས་ལ་སྒྲིམ་པོའི་གཟེབ་བསྐུར་ནས། །དེ་ལྟར་རེ་དོགས་ཀྱི་གཟེབས་སུ་ཚུད་པ་འདི་ནི་ཡིན་ནོ་འདི་ནི་མིན་ནོ་སྙམ་དུ་བློས་ཡང་དང་ཡང་དུ་བཅོས་ཤིང་བཅོས་ཤིང་ཅི་ཙམ་བཅོས་པ་དེ་ཙམ་དུ་སྙིང་པོའི་དོན་མི་མཐོང་ཞིང་བློས་བྱས་ཀྱི་ལྟ་སྒོན་གྱིས་ས་མི་ཆོད་པས་ན་སྙིང་པའི་དོན་ལ་སྒྲིབ། །ནམ་མཁའ་ལ་ཡེ་ནས་མདུད་པ་བྱར་མེད་པས་ན་བཀྲོལ་རྒྱུ་ཡང་མེད་པ་ལྟར་སེམས་ཉིད་ཡེ་གྲོལ་དུ་གནས་པ་ལ་གཟོད་འབད་པས་གྲོལ་བར་རློམ་པས་མི་གྲོལ་བས་ན་གྲོལ་བ་མེད། དེ་ལྟར་འབད་ནས་བཅོས་པས་གྲོལ་བར་འདོད་པ་རྣམས་ནི་སྲིན་བུའི་ཁ་ཆུས་རང་ཉིད་བཅིང་བ་ལྟར་ཞེ་འདོད་ཀྱི་གྲུབ་མཐས་སླར་བཅིང་བས་ན་དེ་ཡིས་སླར་འཆིང་བྱེད། དེ་དག་གི་གནད་དོན་ཧྲིལ་དྲིལ་ན་ད་ལྟ་ཐ་མལ་གྱི་ཤེས་པ་བློའི་བཟོ་བཅོས་གང་ཡང་མ་སོང་བ་འདི་ཀ་གཞི་གནས་ཀྱི་རིག་པ་ཡང་ཟེར།


ZP04_Page_697
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་ཡང་ཟེར། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ། །དབུ་མ་ཆེན་པོ། །སྤྲོས་པ་དང་བྲལ་བ། སྐྱེ་བ་མེད་པ་ལ་སོགས་མིང་ཅི་བཏགས་ཀྱང་དོན་དུ་ཐ་མལ་གྱི་ཤེས་པ་རང་རིག་རྗེན་པ་འདི་ཀ་ཡིན་པས་དེ་རང་ངོ་ཤེས་པ་ལ་ལྟ་བ་ཟེར་བ་ཡིན་ཏེ་དེ་ཡན་གྱིས་ས་བཅད་དང་པོའོ། །གཉིས་པ་ནི། དེ་ལྟར་རང་ངོ་ཤེས་པའི་ལྟ་བའི་གནས་ཚུལ་མ་བཅོས་པ་དེ་ཀའི་ངང་དུ་སེམས་བཅོས་མ་དང་བྲལ་བར་ལྷོད་དེ་འཇོག་པ་ནི་བསྒོམ་པ་ཡིན་པས་ན། གང་ལ་བློ་ཡི་ཁོངས་ན་ལྷོད་ཡོད་ན། །དེ་ལྟར་རང་བབས་ཀྱི་ངང་དུ་མ་ཡེངས་ཙམ་དུ་བཞག་ན་རིག་པ་ལ་རང་གནས་ཀྱི་བསམ་གཏན་ཡོད་པས་རང་བཞིན་ཉིད་དེ་དེ་ལ་བཅོས་མི་དགོས། དེ་ལྟར་རང་བབས་སུ་བཞག་པས་དེ་རྩལ་གྱི་རྣམ་རྟོག་སྣ་ཚོགས་ཡུལ་ལ་འཕྲོ་ཞིང་འགྱུ་བའི་ཚེ། དང་པོ་རྣམ་རྟོག་འགྱུ་བ་དེ་ངོ་ཤེས། དེ་ནས་རང་ངོ་མཐོང་བའི་ངང་དུ་བཞག་པས་རྣམ་རྟོག་རང་སར་དག་སྟེ་ཤར་གྲོལ་རྗེས་མེད་དུ་འགྲོ་བས་ན་འགྱུ་མཐོང་རང་དག །དེ་ཡང་བཟང་རྟོག་དགེ་བའི་རྣམ་པ་ཅི་ཤར་ཡང་འདི་ནི་བཟང་པོ་ཡིན་ནོ་སྙམ་དུ་དེ་ལ་ཞེན་འཛིན་གྱི་འཁྲི་ས་མི་གདགས་པར་ཞེན་མེད་དུ་བཞག་པས་རང་ཡལ་བས་ན་གཉེན་པོས་མ་བསླད་ཅིང༌། ངན་རྟོག་ཆགས་སྡང་དང་ཆོས་བརྒྱད་ཀྱི་རྟོག་པ་ཤར་ཡང་འདི་ནི་ངན་པ་ཡིན་ནོ་སྙམ་ནས་འགྱོད་པ་དང་དགག་པ་སོགས་མི་བྱ་བར་རང་


ZP04_Page_698
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གྱི་གཤིས་ལ་བཞག་པས་ན་སྤང་བྱས་མ་བསྒྱུར། དེ་ལྟར་བཟང་རྟོག་དགེ་བའི་རྣམ་པར་ཤར་ཡང་སེམས་ཀྱི་རང་ངོ་ལ་བཟང་པོར་བསྒྱུར་དུ་མེད་ཅིང༌། ངན་རྟོག་མི་དགེ་བའི་རྣམ་པར་ཡང་ངན་པར་བསྒྱུར་དུ་མེད་ལ་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་སེམས་ཀྱི་གཤིས་ལ་ཁྱད་པར་མེད་པས་གཤིས་དེ་རྫོགས་པ་ཆེ། དེ་ལྟ་བུའི་རང་བཞིན་རྟོགས་ན་གང་སྤང་བླང་མེད་པའི་ངང་དུ་ངོ་མཉམ་སྟེ་ད་ལྟའི་བླང་དོར་དང་རེ་དོགས་དགག་སྒྲུབ་དང་ཆགས་སྡང་འདི་ནི་ཡིན་ནོ། །འདི་ནི་མིན་ནོ་སྙམ་དུ་བདེན་ཞེན་གྱིས་བཅིང་བའི་ཆོས་དང་ཁྲིགས་སྣ་ཚོགས་སུ་ཡོད་པ་དེ་ཐམས་ཅད་མེད་པར་རང་རིག་ཟང་ཐལ་ཡུག་འབྱམས་ཀྱི་ངང་དུ་ཐམས་ཅད་སྤང་བླང་མེད་པར་དག་པས་ན་ཡོད་ནི་མེད་ལ། དེའི་ཚེ་ཉམས་ལེན་རང་རིག་རྗེན་པ་དེ་ཡང་དེའི་རང་བཞིན་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས། བདེ་ལྷང་ངེ་བ་དང༌། གསལ་སང་ངེ་བ་དང༌། མི་རྟོག་པའི་ངང་དུ་ཆམས་སེ་བ་ལ་སོགས་གང་ཡང་མིན་པས་ཚིག་གི་བརྗོད་པ་དང་བློས་བསམ་པའི་ཡུལ་དུ་མེད་ལ་རྣལ་འབྱོར་བ་ལ་དུས་ཐམས་ཅད་དུ་རང་རིག་ཟངས་མ་ཐལ་བྱུང་དུ་ལྷག་གེར་ཤར་བ་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པས་མེད་ལ་ཡོད་པའི་མཐའ། དེ་ལྟར་སེམས་ཉིད་མ་བཅོས་པའི་ངང་དུ་དངོས་པོ་བདེན་ཞེན་གྱི་ཆ་ཐམས་ཅད་རང་ཞིག་པས་ན་དངོས་ཀུན་བཤིགས་པས།


ZP04_Page_699
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཞེན་གྱི་འཆིང་བ་དང་བྲལ་བའི་རང་བབ་དེ་ཀ་རིག་སྟོང་གཉིས་སུ་མེད་པའི་སྟོང་ཉིད་ཡིན་པས་བློའི་ཡུལ་དུ་བྱས་པའི་སྟོང་ཉིད་ལོག་ནས་ཚོལ་མི་དགོས་པས་ན་སྟོང་པ་རྫོགས་པ་ཆེ། དེ་ལྟར་མ་ཤེས་པར་ཡོད་དཔྱོད་ཀྱི་སྟོང་པ་ལ་རེ་བ་རྣམས་སྣང་ཐོག་ཏུ་སྟོང་པ་ལོག་ནས་བཙལ་ཏེ་སྟོང་འཛིན་གྱི་ཞེན་པས་བཅིངས་ནས་བཅོས་ཤིང་བཅོས་ཤིང་བརྟག་པའི་སྟོང་པ་ཡིན་ནོ་སྙམ་པའི་བློས་གྲོལ་བར་འདོད་པས་ན། བཅོས་ཤིང་བཅོས་ཤིང་གྲོལ་བར་འདོད་པའི་མི། །དེ་ལྟ་བུ་དེ་ནི་སྣང་ཚོད་ལ་སྐུར་པ་བཏབ་ནས་སྟོང་པ་བཤིགས་པས་ཆད་པའི་མཐར་ལྟུང་ལ། སྟོང་པ་ལ་མཆོག་ཏུ་བཟུང་ནས་བདེན་པར་ཞེན་པས་རྟག་པའི་མཐར་ལྟུང་སྟེ། རྟག་ཆད་ཀྱི་གཡངས་ས་ལས་མི་ཐར་བས་ན། རྟག་ཆད་གཉིས་ཐར་པ་ཡོད་དམ་ཅི། །དཔེར་ན། འབྱུང་བཞིས་བསྡུས་པའི་སྣོད་བཅུད་ཐམས་ཅད་ནམ་མཁའ་ལ་བརྟེན་ནས་གནས་ཀྱང་ནམ་མཁའ་གང་ལའང་བརྟེན་ས་མེད་པ་ལྟར་ཆོས་ཐམས་ཅད་ཆོས་ཉིད་རྫོགས་པ་ཆེན་པོ་ལ་བརྟེན་ཀྱང་ཆོས་ཉིད་རྫོགས་པ་ཆེན་པོ་ནི་གང་ལ་ཡང་མི་བརྟེན་ཏེ། བརྟེན་པའི་གཞི་མེད་པས་ན་གཞི་མེད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་མེད་ཀྱང་ཆོས་ཉིད་རྫོགས་པ་ཆེན་པོ་ནི་གང་གིས་ཀྱང་བསྐྱེད་པའི་རྩ་བ་མེད་པས་ན་རྩ་བྲལ། །གཞི་རྩ་མེད་པའི་ཆོས་


ZP04_Page_700
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ་ནི་དུས་ཐམས་ཅད་དུ་བཅོས་བསླད་མེད་པར་ཡེ་ནས་གནས་པས་ན་ཡེ་གནས་རྫོགས་པ་ཆེ། དེ་ལྟར་ཡེ་གནས་གཉུག་མའི་ཆོས་ཉིད་རང་བབས་སུ་གནས་པ་མི་ཤེས་པ་རྣམས་ཁ་ཅིག་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་སྙམ་དུ་སྟོང་འཛིན་ལ་ཆེད་དུ་གཉེར་ནས་བསྒོམ། ཁ་ཅིག་ནི་སྣང་ཆ་གཟུགས་ཀྱི་རྣམ་པ་ལ་དོན་དུ་འཛིན་ཞིང་ལྷ་དང་ཐིག་ལེ་ལ་སོགས་མཚན་བཅས་ཀྱི་སྒོམ་ལ་རེ། ཁ་ཅིག་ནི་ཆོས་ཉིད་དོན་དམ་པ་དེ་ནི་འདི་དང་འདི་ལྟ་བུ་ཡིན་ནོ་ཞེས། བདེན་བདེན་རྟག་རྟག་ཨ་འཐས་སུ་བཟུང་ནས་བློས་གཏད་སོལ་སྒོམ་དུ་བཟུང་ནས་ཡོད་པར་སྒྲོ་འདོགས། ཁ་ཅིག་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་འཁོར་བ་མེད་མྱང་འདས་མེད། ལས་འབྲས་མེད་ཅང་མེད་ཆད་པར་སྒོམ་ཞིང་མེད་པར་སྐུར་པ་འདེབས་པ། དེ་ལྟར་མ་རྟོགས་པ་རྣམས་རང་རང་གི་ཞེ་འདོད་སྣ་ཚོགས་ལ་དམ་པའི་དོན་དུ་འཛིན་ཞིང་བསྒོམ་པས་ན། སྟོང་དང་སྣང་དང་ཡོད་དང་མེད་པའི་སྒོམ། །དེ་ལྟར་བློས་བྱས་གཉིས་འཛིན་གྱི་སྒོམ་པ་སུ་ལ་ཡོད་པ་དེ་ལ་ཞེ་འདོད་གྲུབ་མཐའི་ལྟ་བའང་ཡོད། བླང་དོར་ཕྱོགས་རིས་ཀྱི་སྤྱོད་པའང་ཡོད་པས་ན། གང་ལ་བསྒོམ་ཡོད་ལྟ་དང་སྤྱོད་པ་ཡོད། །དེ་ལྟར་བློས་བྱས་བཅོས་མའི་ལྟ་སྒོམ་ལ་རེ་བ་རྣམས་ལ་ཡེ་གྲོལ་སྤང་བླང་དང་བྲལ་བའི་གནད་མེད་པས་འཁོར་འདས་ལ་བཟང་


ZP04_Page_701
[མ་དཔེ་གཟིགས་ན་འདིར་གནོན།]

ངན་དུ་འཛིན་པས་ན་དེ་ལ་སྲིད་ཡོད། དེ་ལྟར་སྲིད་པ་བདེན་པར་བཟུང་ནས་སྤང་བྱར་བྱེད་པ་དེས་ནི་སྲིད་པ་སྤངས་མི་ནུས་ཏེ་དཔེར་ན་ལུས་མ་སྤང་པར་གྲིབ་མ་སྤང་མི་ནུས་པ་ལྟར། འཁོར་བའི་རྩ་བ་བདེན་ཞེན་མ་སྤང་པར་འཁོར་བའི་སྡུག་བསྔལ་སྤངས་མི་ནུས་པས་ན་འཁོར་བའི་སྡུག་བསྔལ་ཡོད། དེ་བཞིན་དུ་གཉིས་འཛིན་ཕྱོགས་རེ་ལ་ཞེན་པ་རྣམས་ཆོས་དང་ཐེག་པའི་ཞེན་འདོད་སྣ་ཚོགས་ཀྱིས་བཅིངས་ཏེ་འདི་ནི་བཟང་པོའོ། །འདི་ནི་ངན་པའོ། །འདི་ནི་རང་ལུགས་སོ། །འདི་ནི་གཞན་ལུགས་སོ། །ངེད་ནི་མཆོག་གོ །གཞན་ནི་དམན་ནོ་ཞེས་ཆགས་སྡང་དང་རྩོད་པ་མངོན་པར་འཕེལ་བས་ན། གང་ལ་ཆོས་ཡོད་ཐེག་པའི་ཞེ་འདོད་ཡོད། །དེ་ལྟ་བུ་དེ་ནི་རང་གཞན་གཉིས་འཛིན་གྱི་རྗེས་སུ་འབྲང་ནས་ཉོན་མོངས་པའི་གཟེབ་ཏུ་ཆུད་ཅིང་འཁོར་བའི་འཆིང་བ་ཐམས་ཅད་ཀྱིས་བཅིང་བ་ཡིན་པས་ན། དེ་ལ་ཉོན་མོངས་གཟེབ་ཡོད་འཆིང་བ་ཡོད། །འདི་ལྟ་བུ་འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རིན་ཆེན་ཕྲེང་བ་ལས་གསུངས་ཏེ། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །ཞེས་སོགས་གསུངས་པ་ལྟར་རོ། །གཤིས་ཀ་དག་གི་ངང་དུ་ཡེ་སྟོང་རྩ་བ་བྲལ་བས་གཞི་འཛིན་པ་དང་བྲལ། རང་རིག་ཟང་ཐལ་རྗེན་པར་སྩོལ་


ZP04_Page_702
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་སྒྲོག་ལས་གྲོལ་བས་ལམ་གྱི་གོ་རིམ་འགག །ཐམས་ཅད་ཡེ་གྲོལ་དུ་ཤེས་པས་བསྒྲུབ་བྱའི་འདོད་པ་མེད་པས་འབྲས་བུ་ཞེ་འདོད་ཟད་པས་ན། གཞི་བྲལ་ལམ་འགག་འབྲས་བུ་ཞེ་འདོད་ཟད། ཆོས་ཟད་ཀྱི་རིག་པ་མཚོན་བརྗོད་ལས་འདས་ཏེ་ཐེག་པའི་ཚིག་གིས་ཇི་བཞིན་པ་མཚོན་མི་ནུས་ཤིང་ཕྱོགས་རེ་ནས་གཞལ་ན་ཐེག་པ་ཐམས་ཅད་ཀྱང་འཐད་པས་ཐེག་པ་དང་གྲུབ་མཐའི་ལྟ་གྲུབ་ལ་མཆོག་དམན་གྱི་འདོད་ཞེན་དང་བྲལ་བས་ན། ཐེག་པར་འདོད་ཞེན་རྡུལ་ཙམ་མི་གནས་པ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་རང་རིག་ཟང་ཐལ་དུ་རྟོགས་པས་རྣམ་རྟོགས་ཐམས་ཅད་ཤར་གྲོལ་དུས་མཉམ་དུ་དག་སྟེ་ཆུ་ལ་རི་མོ་བྲིས་པ་ལྟར་སྐད་ཅིག་གིས་ཞིག་པས་ལས་མི་གསོག་པས་ན་དེ་ལ་ལས་མེད། ལས་མི་གསོག་པའི་ལྟ་སྣང་གི་རྟོག་པ་ཆགས་སྡང་ལྟར་སྣང་ཡང་དེའི་ཕན་གནོད་གང་ཡང་མེད་པས་ན་རྣམ་སྨིན་གོས་པ་མེད། འཁོར་བ་མེད་སྣང་དུ་ཤེས་པས་སྲིད་པའི་མཐའ་ལ་མི་གནས་ཤིང་སྐུ་གསུམ་ལམ་སྣང་དུ་རྫོགས་པས་ཞི་བ་ཕྱོགས་གཅིག་ཏུ་མི་ལྟུང་བས་ན་སྲིད་ཞིར་མི་གནས། ཆོས་ཉིད་ནམ་མཁའ་ལྟ་བུའི་ངང་དུ་གཉུག་མ་རྒྱུན་ཆད་མེད་པས་ནམ་མཁའི་ངང་དུ་གྲོལ། ཕྱི་ཡུལ་འབྲུལ་བའི་སྣོད་བཅུད་ལྟར་སྣང་བ་ཐམས་ཅད་ཀྱང་སྟོང་གཟུགས་སྒྱུ་མའི་རྣམ་པར་ཤར་བས་ན་ཡུལ་གྱི་མཁའ་ལ་རིག་རྩལ་སེམས་ཀྱི་རྣམ་རྟོག་ཡད་ཡུད་དུ་འཕྱོ་བ་ཡང་ཤར་གྲོལ་རྒྱུན་མི་


ZP04_Page_703
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཉིད་དེ་གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་བརྗོད་དུ་མེད་པའི་རང་བཞིན་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཞེས་པ་ལ་སོགས་པ་དྲངས་པས་ཀྱང་དེ་གཉིས་དགོངས་པ་གཅིག་པར་གསལ་ཞིང༌། གཞན་ཡང་འཇམ་དཔལ་མཚན་བརྗོད་ལས་ཀྱང༌། དང་པོའི་སངས་རྒྱས་རིས་མེད་པ། །ཞེས་གསུངས་པ་དང༌། དུས་འཁོར་ལས་ཀྱང༌། །མཆོག་གི་དང་པོའི་སངས་རྒྱས་ཞེས་བཤད་པ་དང༌། རྒྱུད་གཞན་ལས་ཀྱང༌། སངས་རྒྱས་སངས་རྒྱས་སྔར་སངས་རྒྱས། །ཞེས་བཤད་པ་དང༌། མདོ་པདྨ་དཀར་པོ་ལས་ཀྱང༌། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་དེ་ནི་ངས་རྙེད་དེ། །ང་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་པ་འདི་དག་ཀྱང་མི་མཐུན་པ་མེད་པར་གནད་གཅིག་པ་ཡིན་པས་བདེ་བར་གཤེགས་པའི་གསུང་རབ་ལ་འགལ་འདུ་ཁོ་ན་སེམས་པར་མི་བྱའོ། །དེ་ལྟར་ནའང་འོག་མ་འོག་མས་ཕྱོགས་ཙམ་ལས་ཡོངས་སུ་མ་རྫོགས་པས་གོང་མ་གོང་མར་དེ་ལས་ཞལ་གསལ་ཞིང་ཞིབ་པའི་ཁྱད་ཆོས་བཞག་ཏུ་ཡོད་པའང་རྟོགས་དགོས་ཤིང༌། །དེར་མ་ཟད་སྔར་བཤད་པ་ལྟར་འཁོར་འདས་ཀྱི་གཞི་དང༌། བདེ་གཤེགས་སྙིང་པོའི་ཁམས་གཉིས་ཀྱང་ངོ་བོ་ཐ་དད་དུ་ནམ་ཡང་བསམ་པར་མི་བྱ་ཞིང༌། ལྡོག་


ZP04_Page_704
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་དབང་གིས་དབྱེ་བ། གཞི་སྣང་མཐར་ཐུག་དང་རིག་པ་འོད་ཀྱི་ཁང་པར་གནས་པ་དང་མི་གནས་པ་ལ་སོགས་པ་ཕྲ་རག་གི་ཁྱད་ཆོས་རྣམས་ཀྱང་ལེགས་པར་ཤེས་པར་བྱ་དགོས་པ་ཡིན་ནོ། །གསུམ་པ་དེ་ལ་རྩོད་པ་སྤང་བ་ནི། དེ་ཡང་ལྟ་བ་ཕྱོགས་རེ་ལ་ཞེན་ཆེ་ཞིང་བཟང་ངན་གཉིས་འཛིན་གྱི་སྒྲོག་གིས་བཅིང་པ་དག་འདི་སྐད་ཅེས་དོན་དམ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ནི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཀྱི་རང་བཞིན་འབའ་ཞིག་པས་གྲོལ་གཞི་ཁོ་ན་ཡིན་གྱི་དེ་འཁོར་འདས་གཉིས་ཀའི་སྤྱི་གཞིར་བཤད་པ་ནི་ནམ་ཡང་མི་འཐད་དོ་ཞེ་ན། དེ་ལ་འདི་སྐད་ཅེས་བཤད་པར་བྱ་སྟེ། དབྱིངས་བདེ་གཤེགས་སྙིང་པོ་རང་ངོས་ནས་འཁོར་བའི་འཁྲུལ་སྣང་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པ་མ་ཡིན་ཡང༌། དེ་ལས་ཤར་བ་གཞི་སྣང་གི་དུས་ན་རང་ངོ་ཤེས་མ་ཤེས་ལས་གྲོལ་འཁྲུལ་གཉིས་སུ་འབྱུང་བ་ཡིན་པས་བདེ་གཤེགས་སྙིང་པོ་སྤྱི་གཞིར་བཤད་པ་ལ་འགལ་བ་ཅུང་ཟད་ཀྱང་མེད་དེ། ཡིད་བཞིན་མཛོད་རྩ་འགྲེལ་ལས། གཞི་དེ་ཡང་འཁོར་བ་ལ་ལྟོས་པས་རྟེན་གཞི་ནམ་མཁའ་ལྟར་གདོད་མ་ནས་སྟོང་ཞིང༌། ངོ་བོ་ཉིད་ཀྱིས་བདག་མེད་པ། ཉི་ཟླ་ལྟར་འོད་གསལ་ཞིང་ལྷུན་གྱིས་གྲུབ་པ་སྟེ། ཐོག་མ་མེད་པ་ནས་གནས་པས་འཕོ་འགྱུར་མེད་པ་སྤྲོས་པའི་མཐའ་ལས་འདས་པས་ངང་གིས་འོད་གསལ་བ་སྐུ་དང་ཡེ་ཤེས་འདུ་འབྲལ་


ZP04_Page_705
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དབྱིངས་སུ་གནས་པའི་བདེ་བར་གཤེགས་པའི་སྙིང་པོ་འཁོར་འདས་ཀྱི་ཆོས་རྣམས་བརྟེན་པའི་གནས་ལུགས་དོན་གྱི་ཀུན་གཞི་ཞེས་བྱ་སྟེ་འདུས་མ་བྱས་ཤིང་ཡེ་ནས་རྣམ་དག་ཆེན་པོར་གནས་པའོ། །དེ་ཡང་འཁོར་བའི་ཆོས་ལས་དང་ཉོན་མོངས་པ་རྣམས་རྟེན་པ་མེད་པའི་ཚུལ་གྱིས་བརྟེན་པ་ནི། ཉི་མཁའི་ངོས་ན་སྤྲིན་ཕུང་བརྟེན་པ་ལྟར། གཞི་ལ་མ་རེག་མ་འབྱར་ལ་དེའི་ངང་ན་གནས་པ་སྟེ། དོན་ལ་རང་བཞིན་མེད་པས་རྟེན་དང་བརྟེན་པར་མ་གྲུབ་བཞིན་དུ་བརྟེན་པར་སྣང་བས་བཏགས་པ་སྟེ། མྱ་ངན་ལས་འདས་པའི་ཆོས་རྣམས་ཉི་མ་དང་ཟེར་ལྟར་དབྱེར་མེད་དུ་བརྟེན་ཏེ་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཕྱིར་རོ། །ཞེས་དང༌། ཁྱད་པར་ཐེག་མཆོག་མཛོད་དུ། ཐོག་མའི་གཞི་ལ་འཁྲུལ་པ་མེད་ཀྱང་གཞི་སྣང་དུ་ཤར་དུས་རང་ངོ་མ་རིག་པའི་ཤེས་པ་ལུང་མ་བསྟན་མ་རིག་པའི་རྩ་བ་ཅན་དེས་གཞི་སྣང་རིས་སུ་བཅད་པས་སེམས་ཅན་དུ་འཁྲུལ་སྟེ། མུ་ཏིག་ཕྲེང་བ་ལས། ཁྱད་པར་ཆེན་པོའི་སྣང་བ་ལས། ཡོད་དང་མེད་པ་གཉིས་འབྱུང་སྟེ། །སྤྱི་ལ་འཁྲུལ་གཞི་ཞེས་བྱ་སྟེ། །མ་རིག་ཉིད་དང་སྦགས་པའི་ཕྱིར། །ཤེས་བྱ་ཉིད་ཀྱང་ཕྲི་བར་སྣང༌། །ཞེས་པ་དང༌། ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་སེམས་ཅན་སྤྲིན་གྱིས་བསྒྲིབ། །མ་འཁྲུལ་པ་ཡི་ཆོས་ཉིད་ཀྱང༌། །བློ་ལ་འཁྲུལ་བའི་ཚུལ་དུ་སྣང༌། །ཞེས་དང༌། རྡོ་རྗེ་སེམས་དཔའ་


ZP04_Page_706
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་མེ་ལོང་ལས། །ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི། །གཞི་ཅི་ཡང་མ་ཡིན་པ་ལས་འཁྲུལ་ལོ། །ཞེས་དང༌། རྡོ་རྗེ་སེམས་དཔའ་འཁྲུལ་པ་མི་མངའ་ཡང༌། །སེམས་ཅན་ལ་འཁྲུལ་པའི་ཚུལ་སྟོན་པའོ། །ཞེས་སོགས་དྲངས་ནས་གསུངས་ཤིང༌། ཁྱད་པར་རྐྱེན་གྱིས་སྐྱོན་ཡོན་ཆར་དབྱེ་བ་འདི་ལྟར་གསུངས་ཏེ། ག་བུར་དེ་ཚད་ནད་དུ་ཡོན་ཏན་སྣང་ལ། གྲང་ནད་ལ་སྐྱོན་དུ་ཤར་ཡང༌། ག་བུར་གྱི་ངོ་བོ་ལ་སྐྱོན་དང་ཡོན་ཏན་མ་གྲུབ་པ་བཞིན་དུ་གཞི་དང་གཞི་སྣང་གི་འཆར་ཚུལ་དེ་ཡང་རང་ངོ་ཤེས་པ་རྣམས་ལ་གྲོལ་རྐྱེན་ལྟར་དུ་སྣང་བས་ཡོན་ཏན་ལྟར་ཤར་ལ། མ་ཤེས་ན་ཆ་དེས་འཁྲུལ་པའི་གཞི་བྱེད་པའི་སྐྱོན་ལྟར་སྣང་ཡང༌། གཞི་དེ་དང་དེས་སྣང་བ་སྐྱོན་ཡོན་ཏུ་གྲུབ་པ་མེད་དོ་ཞེས་སོགས་གསལ་བར་བཤད་པ་ལྟར་ཡིན་ཞིང༌། དེར་མ་ཟད་འཁྲུལ་སྣང་འཁོར་བ་ལྟར་སྣང་བའི་དུས་ནའང༌། རང་ངོ་གདོད་མའི་གཞི་ལས་གཞན་དུ་གཡོ་བ་ཅུང་ཟད་ཀྱང་མེད་ལ་གཞི་སྣང་ཆོས་ཉིད་ཀྱི་རྩལ་ལས་ཤར་བའི་འཁོར་འདས་གཉིས་ཀྱང་བཟང་ངན་སྐྱོན་ཡོན་ཏུ་འབྱེད་པ་ཅུང་ཟད་མེད་དེ། དག་མཉམ་སྤྲོས་པ་དང་བྲལ་བར་གཏན་ལ་འབེབས་པ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པ་ཡང་དག་གི་ལྟ་བ་ཡིན་ཏེ། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། ལྟ་དང་ལྟ་མིན་གཉིས་ཀ་ཚུལ་གཅིག་སྟེ། །མཉམ་དང་


ZP04_Page_707
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཉམ་དེ་བཞིན་མཉམ་པ་ཡིན། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །ཞེས་དང༌། ཀུན་བྱེད་ལས། སངས་རྒྱས་སེམས་ཅན་ལས་དང་བག་ཆགས་དང༌། །བྱང་ཆུབ་སེམས་ལས་མ་གཏོགས་ཆོས་གཞན་མེད། །ཅེས་པ་ལ་སོགས་རྒྱ་ཆེར་བཤད་པ་ཡིན་ནོ། །དེས་ན་གདོད་མའི་གཞི་བདེ་གཤེགས་སྙིང་པོ་གཅིག་གི་རྩལ་དང་རོལ་པ་ལས་ཤར་བའི་འཁོར་འདས་གཉིས་ལ་བཟང་ངན་སྤང་བླང་དུ་འབྱེད་པ་ནི་ཅི་ཡང་མེད་དོ། །དེ་ལྟར་མ་ཡིན་པར་ཆོས་ཉིད་བདེ་གཤེགས་སྙིང་པོ་མ་ཡིན་པའི་འཁོར་འདས་སྤྱི་མཚན་ལ་ལྟོས་པའི་ཡེ་གཞི་ཟུར་པ་ཞིག་འདོད་ན་དེ་ལ་འདི་སྐད་དྲི་སྟེ། དེ་ལྟ་བུའི་གཞི་དེས་སེམས་ཅན་ཐམས་ཅད་ལ་ཁྱབ་བམ་མ་ཁྱབ། ཁྱབ་ན་བདེ་གཤེགས་སྙིང་པོ་ལས་གཞན་པའི་སྤྱི་གཞི་ཞིག་ཁྱབ་བྱེད་དུ་ཡོད་ན་སེམས་ཅན་ཐམས་ཅད་ཀྱང་རྒྱུད་གཅིག་ཏུ་གྱུར་པ་དང༌། །ཡང་སེམས་ཅན་རེ་རེ་ལ་རྒྱུད་གཉིས་གཉིས་ཡོད་པར་འགྱུར་བ་དང་གཅིག་གྲོལ་དུས་ཐམས་ཅད་གྲོལ་བར་འགྱུར་བ་ལ་སོགས་པའི་སྐྱོན་འདུག་ཅིང་མུ་སྟེགས་གསང་བ་པ་རྣམས་འདོད་པའི་མཁའ་ལྟར་ཁྱད་པར་དགུ་ལྡན་དང་དབྱེ་བ་ཅུང་ཟད་མེད་པར་འགྱུར་ལ། །མ་ཁྱབ་ན་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པར་གནས་པའི་གོ་སྐབས་


ZP04_Page_708
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་རྙེད་ལ། འཁྲུལ་ཟིན་ནས་གྲོལ་བའང་མི་རིགས་ཤིང༌། བར་དོ་ལ་སོགས་པར་གཞི་སྣང་འཆར་བར་བཤད་པའང་མི་འཐད་ལ། དེ་ལྟ་བུའི་གཞི་བཤད་པ་ལ་དོན་མ་མཆིས་པར་འགྱུར་བ་ལ་སོགས་འགལ་འདུ་ཆར་ལྟར་འབབ་བར་འགྱུར་རོ། །དེ་ལྟར་གཞིའི་འཆད་ཚུལ་ལ་གཞུང་གཞན་དང་རྫོགས་པ་ཆེན་པོ་གཉིས་ཁྱད་པར་ཅུང་ཟད་ཀྱང་མེད་དམ་ཞེ་ན། གདོད་མའི་ཡེ་གཞི་རང་གི་ངོ་བོ་འཆད་པ་ནི་ཁྱད་པར་ཅུང་ཟད་ཀྱང་མེད་ལ། དེ་ལས་འཁོར་འདས་སུ་སྣང་བའི་དུས་ན་གཞི་སྣང་ལྷུན་གྲུབ་རིན་པོ་ཆེ་སྒོ་བརྒྱད་ཀྱི་འཆར་ཚུལ་ཞིབ་པར་བཤད་པ་ནི་མདོ་རྒྱུད་གཞན་ན་ཤིན་ཏུ་གབ་པ་ཡོད་པ་ཉིད་རྫོགས་པ་ཆེན་པོར་རྩལ་དུ་བཏོན་ནས་བཤད་པའི་ཁྱད་ཡོད་པ་ཡིན་ལ། གནད་དེའི་དབང་ལས་ལམ་ཉམས་སུ་ལེན་པའི་གནས་སྐབས་ན་ཡང་རབ་ཚེ་འདིར་གྲོལ་བ་འོད་གསལ་ཐོད་རྒལ་གྱི་གདམས་པ། འབྲིང་བར་དོར་གྲོལ་བ་ཆོས་ཉིད་རང་སྣང་གི་བར་དོ་གཞི་སྣང་གི་འཆར་ཚུལ་དང༌། ཐ་མ་སྲིད་པའི་བར་དོར་གཞི་སྣང་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བ་ལ་སོགས་པའི་ཁྱད་ཆོས་གཞུང་འདིར་ཡོད་པ་གཞན་ལ་མེད་པ་ནི་ཤེས་པར་བྱ་བ་ཡིན་ནོ། །མཁས་པ་ཤྲཱི་རྒྱལ་པོས་གསུངས་སོ། །དགེའོ། །དགེའོ། །དགེའོ།། །།


previousའཇིགས་མེད་རྒྱལ་བའི་མྱུ་གུའི་འདས་རྗེས་ཞལ་ཆེམས་ཀྱི་འགྲེལ་བ་སེམས་ཉིད་གཅེར་མཐོང་།next