Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།


   
  expand section
  expand section
   
   
   
བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ།next

བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ།


ZP05_Page_635
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ་བཞུགས་སོ།། །།


ZP05_Page_636
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ། སྲིད་པའི་གྲོང་ཁྱེར་སྡུག་བསྔལ་མཛོད་གང་བའི། །གནས་ལ་སྐྱོ་བར་གྱུར་དེ་དེའི་སེམས་ཅན། །ཞི་བའི་ལམ་དུ་བྲོས་པའི་དབུགས་འབྱིན་ནི། །ཐར་པའི་གྲོང་བཟང་གཅིག་ཏུ་གནས་གྱུར་ཅིག །ཉལ། ཚོགས་བརྒྱད་སེམས་ཀྱི་སྤྲིན་ཕུང་ཆོས་སྐུའི་ཀློང་། །ཐིམ་ནས་གཉིས་འཛིན་དབང་པོའི་འཆིང་གྲོལ་བའི། །ཟུང་འཇུག་དབྱིངས་ཀྱི་མལ་ནས་མི་གཡོ་བར། །དག་པའི་དབྱིངས་ལ་འགྲོ་འདི་གཟིམ་གྱུར་ཅིག༢། རྨི་ལམ། སྲིད་འདིར་བདེན་ཞེན་འཛིན་པ་མི་དམིགས་པར། །སྣང་སེམས་དངོས་པོ་དུཿཁ་ལྟ་ཅི་ཞིག །ཡང་དག་ཡེ་ཤེས་སྒྱུ་མའི་བཀོད་པ་ཡང་། །སྣང་སྟོང་རྨི་ལམ་ལྟ་བུར་ཤེས་གྱུར་ཅིག །སད། ཡེ་ཤེས་སྣང་བས་མ་བཟུང་སྲིད་པའི་མུན། །


ZP05_Page_637
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་གཉིས་ཉི་མས་གསལ་བས་དེ་མ་ཐག །ཐེག་གསུམ་ངེས་པར་འབྱུང་བའི་ལྷའི་རྔ་སྒྲས། །འགྲོ་འདི་མ་རིག་གཉིད་ལས་སློང་གྱུར་ཅིག །ལྔ་པ། ཞི་བའི་དབྱིངས་སུ་མི་མནལ་དེའི་སྙིང་རྗེ། །སྲིད་པའི་ཁམས་འདི་སྟོང་བར་བགྱིད་སླད་དུ། །ཟུང་འཇུག་ཐབས་ཤེས་རྐང་པས་འདེགས་བཞིན་པར། །མཐའ་གཉིས་སྟན་ལས་ངེས་པར་ལྡང་གྱུར་ཅིག །གྱོན། སྡོམ་གསུམ་བདུད་རྩི་བཏུང་བའི་ལམ་པའམ། །ལམ་མིན་གཡང་ལ་འཕྱན་པ་རྒྱུད་ལྔའི་འགྲོ། །སྨད་འོས་སྡིག་ལྟུང་ལམ་ལ་ངོ་ཚ་བའི། །ཁྲེལ་ཡོད་གོས་ཀྱིས་དཀྲིས་པ་ཉིད་གྱུར་ཅིག །སྐ་རག །མི་འབྲལ་སྨོན་པའི་མདུད་པ་ལྷོད་མིན་པར། །ཡང་དག་འཇུག་པ་དམ་པའི་སྐ་རག་ནི། །སྲིད་པའི་ལམ་གྱིས་འཆིང་བ་དེ་


ZP05_Page_638
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི། །ཕུན་ཚོགས་དགེ་བའི་གནས་ལ་འབྲེལ་གྱུར་ཅིག །འདུག །གཉིས་འཛིན་རྐང་པས་མི་འདེགས་ཡེ་ཤེས་ལུས། །བགྲང་ཡས་ཏིང་འཛིན་སྐྱིལ་ཀྲུང་གིས་བརྟེན་པ། །ཞི་བའི་གནས་ལ་མི་འགྱུར་རྡོ་རྗེའི་སྟན། །དེ་རུ་འགྲོ་བའི་གཡོ་བར་མ་གྱུར་ཅིག །སྟན། བཀོད་ལེགས་ལྷ་བརྒྱས་མ་བྱས་དེར་ལེགས་སྨིན། །སྣ་ཚོགས་རིན་ཆེན་དྲྭ་བས་མྱུར་དཀྲིས་པས། །བྱང་ཆུབ་ལྗོན་པའི་ཁོ་ལག་སྲིད་པའི་ཁྱོན། །ཕྲོག་དེ་ཀུ་ཤའི་སྟན་ལ་གནས་གྱུར་ཅིག །མེ་གཏོང་། སྙིང་རྗེའི་རླན་གྱིས་མ་བཟུང་ཉོན་མོངས་ཤིང་། །ཡོན་ཏན་འདབ་མ་སྐམ་པའི་ཕུང་པོ་ནི། །སྒྲིབ་བྲལ་ཡེ་ཤེས་སྣང་བའི་མེས་བཅོམ་ནས། །ཤེས་ཉོན་སོལ་བའི་ཕུང་པོའང་སྟོང་གྱུར་ཅིག །འབར། རྟོག་པའི་བུད་ཤིང་ཟོས་པའི་ཏིང་འཛིན་མེ། །སྲིད་པའི་རྒྱུད་ལ་ཞུགས་པས་དེ་མ་ཐག །མཁྱེན་གཉིས་སྣང་བ་གཅིག་པའི་དམར་འོད་ཀྱིས། །ལུས་ཅན་རྨོངས་པའི་མུན་པ་འཇོམས་གྱུར་ཅིག །གཡོས། ཞི་བའི་རྣམ་གྲོལ་ཡེ་ཤེས་བདུད་རྩིའི་ཟས། །བརྩེ་ཆེན་གཡོས་སུ་བསྐོལ་བའི་ཕྲིན་ལས་ཆུད། །ཕྱོགས་ལྷུང་གྲང་བའི་རེག་པར་མི་འཛའ་བའི། །འགྱུར་མེད་ཐབས་མཁས་རླངས་པ་འཕྱུར་གྱུར་ཅིག །བཟའ། མངོན་ཤེས་ཡེ་ཤེས་བཅུད་སྟོང་སྲིད་པའི་ལྟོར། །འཁྲུལ་པའི་བཀྲེས་སྣང་མི་གཏོང་གླལ་


ZP05_Page_639
[མ་དཔེ་གཟིགས་ན་འདིར་གནོན།]

བའང་། །རྩེ་གཅིག་བསམ་གཏན་ཟས་ཀྱིས་ཚིམ་གྱུར་ནས། །ཡོན་ཏན་ལུས་བཟང་བཀྲག་པ་ཉིད་ཐོབ་ཤོག །འགྲོ། ཀུན་རྨོངས་མུན་པ་འཐིབ་པའི་ཁོ་ར་ཁོར། །སྡང་ཞེན་ཚེར་མ་བཀྲམ་པའི་ཕྱོགས་ལྷུང་ཁྱིམ། །གཉིས་འཛིན་རིས་སུ་བཅད་པའི་རིགས་དྲུག་གི །གྲོང་ལས་སྲིད་པའི་འགྲོ་འདི་ཐར་གྱུར་ཅིག །སྐས་བབ། ཞི་བ་ཆེན་པོ་ཆོས་སྐུའི་བ་གམ་ལས། །བརྩེ་ཆེན་ཕྲིན་ལས་འཇུག་པ་མི་གཡེལ་བའི། །ཐབས་མཁས་ཐེམ་པ་བརྩེགས་པའི་རྐང་སྟེགས་ལས། །བབ་ནས་འགྲོ་དོན་སྲིད་ན་བགྱི་གྱུར་ཅིག །སྒོ་འབྱེད། སྣ་ཚོགས་ཐེག་པའི་སྒོ་འཕར་བརྒྱ་ཕྲག་ནི། །ཕྱེ་ནས་ཡང་དག་ཐར་པའི་ཁྱིམ་གཅིག་པུར། །འཇུག་པའི་ཐབས་ཤེས་སྦུས་འབྱེད་བླ་མེད་སྒོ། །བྱང་ཆུབ་སེམས་ཀྱིས་འབྱང་ལས་ཐར་གྱུར་ཅིག །གཅོད། །བཟོད་དཀའ་བསྲེག་གྲང་བཀྲེས་རྨོངས་དུཿཁ་བརྒྱར། །མི་གཏོང་ངན་འགྲོའི་གྲོང་འཕྱན་དུག་གསུམ་སྒོར། །ཞུགས་ཤེས་ཡང་དག་སྤང་པའི་སྒོ་གླེག་གིས། །ཉེས་སྤྱོད་མི་དགེའི་བུག་པ་གཅོད་གྱུར་ཅིག །ལམ་ཞུགས། ཡང་དག་ལྟ་དང་རྟོག་དང་ངག་ལས་མཐའ། །འཆོ་རྩོལ་ཏིང་འཛིན་དྲན་ཤེས་མ་རྒལ་བའི། །འཕགས་པའི་གང་ཟག་བགྲོད་པའི་ལམ་གཅིག་པུར། །འཁོར་བའི་གྲོང་དུ་ངེས་པར་འཇུག་གྱུར་ཅིག །གྱེན་ལ། སྲིད་


ZP05_Page_640
[མ་དཔེ་གཟིགས་ན་འདིར་གནོན།]

ན་ངན་འགྲོའི་དུཿཁས་གང་མནར་པ། །གྱེན་དུ་མཐོ་རིས་དམ་པའི་ལམ་སྙེགས་ནས། །གོང་ནས་གོང་དུ་ཞི་བའི་ལམ་བགྲོད་དེ། །ཐར་བའི་རི་དབང་རྩེ་ནས་མཐོང་གྱུར་ཅིག །ཐུར་དུ། དེ་ན་སྤྱིའུ་ཚུགས་དང་སྣྲེལ་གཞི་ཡི། །འགྲོ་བའི་ལམ་ངན་དེར་སོང་གང་དང་གང་། །ཆགས་དང་ཞེ་སྡང་མི་བཟོད་རྨོངས་པའི་རྒྱུ། །སྤོང་ནས་ཐར་ལམ་འདྲེན་པ་དེར་གྱུར་ཅིག །འཕྲད་ན། སྒྲིབ་བྲལ་ཡེ་ཤེས་ཀྱིས་མཚོན་མཚན་དཔེའི་སྐུ། །མཐོང་ན་མི་མཐུན་མེད་པའི་ཁྱད་ཆོས་ཅན། །ཞི་གྱུར་རྫོགས་པའི་སངས་རྒྱས་དེ་ཁོ་ན། །རྟག་པར་ལྷར་བཅས་འགྲོ་འདིས་མཇལ་གྱུར་ཅིག །རྐང་མགྱོགས། སྲིད་པའི་རྒྱ་མཚོར་སྲེད་པའི་ཆུ་སྲིན་ཅན། །རྨོངས་པའི་འདམ་ན་སྡུག་བསྔལ་རླབས་གཡོ་དུས། །འགྲོ་འདི་སྒྲོལ་ལ་མཐུན་པར་རྐང་མགྱོགས་ཞིང་། །གཞན་དོན་བརྩོན་པ་ནམ་ཡང་ཉམས་མ་གྱུར། །རྐང་འདེགས། ཐབས་མཁས་རྐང་པ་ཤེས་རབ་མཐུས་འདེགས་པས། །སྨོན་པའི་ལམ་དུ་སྟོབས་ཀྱིས་དབང་བྱས་ཏེ། །དག་པའི་ཡེ་ཤེས་རྙོགས་པ་མི་མངའ་བའི། །འགྲོ་ཀུན་འཁོར་བའི་འདམ་ནས་འདོན་གྱུར་ཅིག །རྒྱན་ལྡན། གྲངས་མེད་ལས་བྱས་གྲངས་མེད་བསྐལ་གོམས་པའི། །ཟོང་འདི་བཀྲམ་ནས་ལྷ་དབང་མཛོད་བདལ་ནས། །སུས་ཀྱང་བཙོང་མིན་མཚན་དཔེའི་མཆོག་གི་རྒྱན། །སྲིད་པའི་


ZP05_Page_641
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་འདིས་རང་དབང་བགྱིད་གྱུར་ཅིག༢༤། རྒྱན་མེད། འཕྱོར་ཕྱིར་མ་ཡིན་ངོ་ཚ་ཤེས་པའི་གོས། །རྒྱལ་བས་གནང་བའི་ཆོག་ཤེས་ཕྱགས་དར་ཁྲོད། །སྦྱངས་པའི་ཡོན་ཏན་དམ་པའི་ལམ་གནས་པ། །རྒྱགས་པས་བརྒྱལ་བའི་རྒྱན་དང་བྲལ་གྱུར་ཅིག །གང་བ། ལས་དང་ཉོན་མོངས་བགྲང་ཡས་སྲིད་པའི་རྒྱུད། །སྟོབས་དང་མི་འཇིགས་མ་འདྲེས་མཚན་དཔེ་བྱད། །འབྲས་བུ་ཡོན་ཏན་ཕ་མཐར་མི་དཔོགས་པས། །གང་བ་ཁོ་ན་ཀུན་གྱི་རྒྱུད་བགྱིད་ཤོག །སྟོང་པ། ལས་དང་ཉོན་མོངས་བགྲང་ཡས་སྲིད་པའི་རྒྱུར། །འགྱུར་དང་འདུ་བྱེད་མི་ཟད་སྣོན་འགྱུར་བའི། །འཁོར་བའི་སྐྱོན་ཉིད་ངེས་པར་ཟད་བྱེད་ཅིང་། །འགྲོ་བའི་སེམས་སྣོད་སྟོང་སྟེ་གང་མ་གྱུར། །དགའ་བ། ཐུབ་པའི་ལམ་ཉིད་ཐར་པའི་མཆོག་སྦྱིན་པའི། །ཐེག་པ་གཅིག་ཏུ་ཐོགས་པ་མེད་བགྲོད་པ། །ཐུགས་རྗེ་མངའ་བ་རྒྱལ་དང་རྒྱལ་སྲས་ཀྱི། །ཐབས་ཤེས་ཆོས་ལ་ཀུན་ཀྱང་དགའ་གྱུར་ཅིག །མི་དགའ། འདུས་བྱས་ཁམས་འདི་འཇིག་པར་འགྱུར་བ་སྟེ། །བྱས་དང་མི་རྟག་དངོས་པོ་རུ་གཅིག་པས། །བསླུ་བའི་སྒྱུ་འདིའི་རང་མཚང་གཏིང་མཐོང་ནས། །བྱིས་པའི་ལམ་ལ་དགའ་བར་མ་གྱུར་ཅིག །བདེ་བ། བདེ་བའི་ལམ་ལས་བདེ་བར་འགྲོ་གྱུར་པ། །བདེ་འགྲོ་ཙམ་མིན་བདེ་མཆོག་རྒྱལ་སྲས་ཏེ། །སྲིད་


ZP05_Page_642
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཙམ་མིན་བདེ་ལྡན་ཞིང་བཞིན་དུ། །བདེ་གཤེགས་ལམ་ལས་བདེ་ཆེན་ཐོབ་གྱུར་ཅིག །སྡུག་བསྔལ། སྡུག་གུར་ཞེན་ལས་སྡུག་བསྔལ་མཚོར་ལྷུང་ཞིང་། །སྡང་བར་བལྟས་ལས་དགྲ་དང་འཕྲད་གྱུར་ལ། །འདོད་པ་མི་འགྲུབ་མི་འདོད་དེར་འདུ་བས། །སྡུག་བསྔལ་སྡོང་པོའི་རྩ་བ་གཅོད་གྱུར་ཅིག །ནད་པ། དུག་ལྔའི་དུག་དེས་འདུ་བ་བསྐྱེད་དཀྲུགས་པས། །སྒྲིབ་པའི་ལུས་ལ་གནོད་པའི་ནད་ཞུགས་པ། །ཡེ་ཤེས་སྨན་གྱིས་འཁོར་བའི་དུག་བཅོམ་ནས། །ནད་མེད་ཉི་མ་སངས་རྒྱས་དེ་མཐོང་ཤོག །དྲིན་གཟོ། རྒྱལ་བས་རྒྱལ་བའི་ལམ་བསྟན་དེའི་སྲས་པོ། །ལམ་དེ་ལེགས་པར་ལེན་ནས་གཞན་དོན་དུ། །དཀའ་བས་དཀོན་སར་ཕྱིན་ནས་དཀར་པོའི་ཆོས། །བསྟན་པ་བསྟན་པའི་དྲིན་གཟོ་དྲན་གྱུར་ཅིག །མི་གཟོ། །དོན་དམ་སྟོང་སྟེ་སྣང་བའི་རྒྱུ་འབྲས་ལས། །འདའ་བར་མི་འགྱུར་ཐུབ་དེའི་མཁྱེན་པ་སྟེ། །གཞན་དུ་སྟོན་གཞན་ལོག་པའི་ལམ་ཡིན་པར། །ཤེས་ནས་སུ་ཡང་དྲིན་གཟོར་མ་གྱུར་ཅིག །རྒོལ་བ། །ལོག་པའི་ལམ་ནི་ལེགས་པ་ལ་སྡང་སྟེ། །ལུགས་གཉིས་མཐུན་པར་རྒོལ་བའི་ལོངས་སྤྱོད་ལ། །རྒྱལ་བའི་བ་དན་རྒྱལ་བ་ཐུབ་པའི་རྗེས། །ངེས་པར་བསྒྲེང་ནས་ཆོས་སྒྲ་སྒྲོགས་གྱུར་ཅིག །བསྟོད་པ། ཡོན་ཏན་མཆོག་


ZP05_Page_643
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ངེས་པར་གང་ཆེན་མཚོ། །ཐུབ་དང་དེ་སྲས་ཡོན་ཏན་རྒྱ་མཚོ་སྟེ། །ཡོན་ཏན་མཐོང་ནས་སྲིད་པའི་འགྲོ་ཀུན་ཀྱང་། །ཡོན་ཏན་བསྔགས་པ་ངེས་པར་སྒྲོགས་གྱུར་ཅིག །ཆོས་གཏམ། བགྲང་ཡས་བསྐལ་པར་ཆོས་ཀྱི་ཚུལ་གཅིག་ལས། །ངེས་པར་བརྩམ་སྟེ་མངོན་པར་འཆད་གྱུར་ཀྱང་། །ཟད་པར་མི་འགྱུར་ཡང་དག་རིག་པ་བཞིའི། །སྤོབས་པའི་མཛོད་བཟང་རྒྱལ་དང་མཉམ་གྱུར་ཅིག །སྐུ་གཟུགས། སྲིད་པའི་ལུས་ཅན་སྒྲིབ་པའི་ལིང་ཏོག་ལ། །ཡེ་ཤེས་མཐོང་བ་དག་པའི་སྨན་བཙལ་ནས། །ལྷར་བཅས་དྲེགས་ལྡན་སྤྱི་བོའི་ལ་ཐོད་ཆེས། །གང་ལ་བཏུད་ཀྱང་སྙེམས་པར་འགྱིང་མིན་ཏེ། །སྲིད་པའི་བསོད་ནམས་ཟོད་ལ་དེས་བསྐྱེད་པའི། །འགྲོ་བའི་མཆོད་རྟེན་རྒྱལ་བ་དེར་གྱུར་ཅིག །ཚོངས་པ། ལེགས་སྨོན་ཟོང་གིས་རྙེད་གྱུར་འཕགས་པའི་ནོར། །མཐའ་ཡས་མི་ཟད་དད་གཏོང་ཚུལ་ཁྲིམས་དང་། །ཐོས་དང་ཁྲེལ་ཡོད་ངོ་ཚ་ཤེས་ལྡན་ཞིང་། །ཤེས་རབ་ཕུན་ཚོགས་ཀུན་ལ་འབྱོར་གྱུར་ཅིག །ཕྱག་འཚལ། རྫུ་འཕྲུལ་ལུས་དང་གནས་ཀྱིས་མངོན་མཐོ་བའི། །དྲེགས་པས་ལྟ་བས་ལྟ་ཅི་དེའི་སྤྱི་གཙུག །མཐོང་བས་ས་བཅུའི་དབང་ཕྱུག་ཀྱང་མིན་པའི། །རྒྱལ་བའི་མཚན་བཟང་དེ་འདྲས་ཀུན་མཛེས་ཤོག །དགེའོ། །


previousབྱང་ཆུབ་སེམས་དཔའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྨོན་ལམ་ཚིགས་སུ་བཅད་པ།next