Nitartha Digital Library
Tibetan
དཔལ་སྤྲུལ་གསུང་འབུམ།

1 occurrence of ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས་
[Clear Hits]


  
collapse section
 
  
  
  
  
 expand section
  
  
  
  
  
  
  
  
རྒྱལ་བའི་རྒྱལ་ཚབ་སོགས་ཞབས་བརྟེན་ཁག
  
  
  
  
  
  
  
  
  
  
  
  
  


1 occurrence of ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས་
[Clear Hits]

 
previousརྒྱལ་བའི་རྒྱལ་ཚབ་སོགས་ཞབས་བརྟེན་ཁགnext

རྒྱལ་བའི་རྒྱལ་ཚབ་སོགས་ཞབས་བརྟེན་ཁག


ZP05_Page_669
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་བླ་མ་མཆོག །སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྡལ་བ་དང་། །ཕྲིན་ལས་རྣམ་བཞི་གསེར་གྱི་འཁོར་ལོ་ཡིས། །གླིང་བཞིའི་ཁྱོན་ཀུན་ཁྱབ་པར་དབང་བསྒྱུར་གསོལ། །མངྒ་ལཾ། ༈ བླ་མ་དཀོན་མཆོག་ཐུགས་རྗེའི་བྱིན་རླབས་ཀྱིས། །རྒྱལ་བའི་མྱུ་གུ་ཡུན་རིང་འཚོ་བཞེས་ཤིང་། །འབྲེལ་ཚད་བྱང་ཆུབ་སྙིང་པོར་དབུགས་དབྱུང་བའི། །ཕན་བདེའི་ཕྲིན་ལས་མཁའ་ཁྱབ་རྒྱས་པར་གསོལ། །མངྒ་ལཾ། ༈ རྒྱལ་བའི་དབང་པོ་ཚེ་དཔག་མེད་མགོན་དང་། །རྒྱལ་ཡུམ་ཡིད་བཞིན་འཁོར་ལོའི་མཐུ་བྱིན་དང་། །བདག་གིས་མོས་གུས་དད་པས་གསོལ་བཏབ་མཐུས། །རྒྱལ་བའི་རྒྱལ་ཚབ་རིག་འཛིན་བླ་མ་རྗེ། །དབང་བཅུའི་དང་པོ་དཔེ་བྱད་རིགས་ལྔའི་རྩེར། །མ་ཆགས་པདྨ་ཅན་གྱིས་ལུང་བསྟན་པའི། །སྐུ་ཚེ་སྔ་མའི་རྟེན་འབྲེལ་འཕྲོར་གྱུར་པ། །སྐུ་ཚེ་འདི་ལ་ཕྱག་ཏུ་སོན་ནས་ཀྱང་། །ལུང་བསྟན་བདེན་པ་མངོན་དུ་འགྱུར་བར་ཤོག །མངྒ་ལཾ། ༈ རྒྱལ་བ་ཚེ་དཔག་མེད་མགོན་གྱི། །ཐུགས་བསྐྱེད་སྨོན་ལམ་མཐའ་ཡས་པའི། །བདེན་ཚིག་བསླུ་བ་མེད་པ་དང་། །བདག་གི་རྩེ་གཅིག་ཟོལ་མེད་པས། །མོས་གུས་གསོལ་བ་བཏབ་པའི་མཐུས། །རྒྱལ་བའི་རྣམ་འཕྲུལ་བླ་མ་རྗེ། །ཞབས་པད་ཡུན་ཏུ་བརྟན་པ་དང་། །ལས་ངན་བདག་ཀྱང་ཚེ་འདི་རུ། །དམ་ཚིག་ཉམས་ཆགས་ཀུན་བྱང་


ZP05_Page_670
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཆི་ཁ་གནད་གཅོད་མེད་པ་དང་། །སྐྱེ་བ་ཚེ་རབས་ཐམས་ཅད་དུ། །བླ་མ་རྗེ་དང་འབྲལ་མེད་ཤོག །མངྒ་ལཾ། ༈ རྡོ་རྗེ་འཆང་དངོས་རྡོ་རྗེའི་རིག་པ་འཛིན། །པདྨ་ལས་འཁྲུངས་པདྨའི་རྒྱལ་ཚབ་མཆོག །འཇམ་དཔལ་དབྱངས་དངོས་འཇམ་དབྱངས་མཁྱེན་བརྩེའི་ལྷ། །བསྐལ་བརྒྱར་འཚོ་གཞེས་སྐལ་བཟང་མཐོང་གྱུར་ཅིག །རྒྱལ་ཀུན་རིགས་ཀྱི་བདག་པོ་ཚེ་མཐའ་ཡས། །རྒྱལ་ཀུན་ཕྲིན་ལས་དབང་བསྒྱུར་རྣམ་རྒྱལ་མ། །རྒྱལ་ཀུན་བསྐྱེད་ཡུམ་ཡིད་བཞིན་འཁོར་ལོའི་ཞབས། །ཚེ་ཡི་ལྷ་མཆོག་གསུམ་ལ་གསོལ་བ་འདེབས། །འཆི་བ་མེད་པའི་ཚེ་ལ་མངའ་བརྙེས་ཤིང་། །རྒ་བ་མེད་པའི་ལང་ཚོར་རང་དབང་འབྱོར། །སྐྱེ་འཆི་མེད་པའི་དབྱིངས་དང་རོ་གཅིག་པ། །འཆི་མེད་ལྷ་མཆོག་གསུམ་གྱི་བདེན་སྟོབས་ཀྱིས། །དཔལ་ལྡན་བླ་མ་སྐུ་ཚེ་རབ་བརྟན་ཞིང་། །སྐུ་ཡི་དཀྱིལ་འཁོར་འབྱུང་བཞིའི་འདུ་འཁྲུགས་མེད། །གསུང་གི་ཕྲིན་ལས་མཐའ་ཀླས་འགྲོ་བ་འདུལ། །རྒྱལ་བསྟན་རིན་ཆེན་སྲོག་ཤིང་བརྟན་གྱུར་ཅིག །ལས་ངན་བདག་ཀྱང་ལུས་ངན་འདོར་བའི་ཚེ། །གནད་གཅོད་དྲག་པོའི་སྡུག་བསྔལ་མི་འབྱུང་ཞིང་། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསལ་ཏེ། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །ཤུ་བྷཾ། ༈ རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིག་པ་འཛིན། །འཇམ་དཔལ་གཞོན་


ZP05_Page_671
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་འཇམ་དབྱངས་མཁྱེན་བརྩེའི་གཏེར། །པད་སྡོང་ལས་འཁྲུངས་པདྨའི་རྒྱལ་ཚབ་ཆེ། །བསྐལ་བརྒྱར་འཚོ་གཞེས་སྐལ་བཟང་མཐོང་གྱུར་ཅིག །རྗེ་བཙུན་བླ་མ་མཆོག་གི་ཞབས་དྲུང་དུ། །ཚེ་མཐའ་ཡས་པའི་སྣང་བརྙན་ཕུལ་བའི་མཐུས། །སྐུ་ལ་བསྙུན་དང་བགྲེས་རྒུད་མེད་པ་རུ། །ཡུན་རིང་སྐུ་ཚེའི་འདུ་བྱེད་བརྟན་པར་ཤོག །ལས་ངན་བདག་ཀྱང་དམ་ཚིག་ཉམས་ཆགས་ཀུན། །བྱང་ནས་ངན་སོང་གནས་སུ་མི་སྐྱེ་ཞིང་། །རྗེ་བཙུན་མི་ལ་ལྟ་བུའི་བརྩོན་འགྲུས་ཀྱིས། །ཟབ་མོའི་ལམ་གྱི་གནད་ཀུན་མངོན་གྱུར་ཤོག །ལྕེ་བཙུན་ཆེ་དང་བཀའ་གདམས་པ་ལྟར་དང་། །རྒྱལ་མཆོག་ལྔ་པ་དྲུག་བརྒྱ་གྲུབ་ཆེན་ལྟར། །བྱ་བྲལ་འདི་ཡང་གདམས་ཟབ་སྒོ་གཅིག་གིས། །རྗེས་བཟུང་འཕོ་ཆེན་འོད་ལུས་འགྲུབ་པར་ཤོག ༈ ན་མོ་མཉྫུ་ཤྲཱི་ཡེ། རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །འཇམ་དཔལ་ཡེ་ཤེས་སེམས་དཔས་སྐྱོངས། །རྒྱལ་བའི་སྒྱུ་མ་སྒྱུ་འཕྲུལ་གར། །སྒྱུ་འཕྲུལ་སྣང་བ་བྲིད་མཁས་པོ། །འགྲོ་ངོར་ཅིག་ཆར་ཅིར་ཡང་འཆར། །འཆར་ནུབ་བྲལ་བའི་བཀྲ་ཤིས་ཤོག །རྡོ་རྗེའི་རང་བཞིན་རྡོ་རྗེའི་སྐུ། །ལུང་དང་རྟོགས་པའི་སྙིང་པོ་འཛིན། །འགྲོ་ལ་ཕན་བདེའི་ཟེར་སྤྲོ་བ། །རྡོ་རྗེའི་ཁྲི་ལ་ཞབས་བརྟན་གསོལ། །


ZP05_Page_672
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གསང་གདམས་ངག་མཆོག་གི་དབང་བཞིའི་ཆུས། །སྐལ་ལྡན་སྐུ་བཞིའི་ལམ་དུ་སྨིན་མཛད་ཅིང་། །ལུང་དང་རྟོགས་པའི་ཆོས་རབ་འཕེལ་བའི་གཉེན། །རྗེ་བཙུན་བླ་མ་ཞབས་པད་བརྟན་གྱུར་ཅིག །སངས་རྒྱས་རྟག་པ་བརྟན་པ་འདུས་མ་བྱས། །བསླུ་མེད་དགེ་འདུན་བདེན་པའི་བྱིན་རླབས་ཀྱིས། །གློ་བུར་ཉེར་འཚེའི་སྤྲིན་ཚོགས་ལས་གྲོལ་ནས། །བསྟན་པའི་ཉི་མ་ཕྱོགས་བརྒྱར་གསལ་གྱུར་ཅིག །གང་གསུང་བདུད་རྩིར་སྤྱོད་པའི་སྐལ་ལྡན་རྣམས། །རྣམ་རྟོག་བཅོས་མའི་སྦུབས་རྒྱ་ལས་གྲོལ་ནས། །དོན་དམ་ཆོས་ཉིད་རྟོགས་པའི་གདེང་ཆེན་གྱིས། །གཞི་དབྱིངས་ཆོས་སྐུའི་བླ་མར་དབྱེར་མེད་ཤོག །བླ་མ་སྨོན་ལམ་གྱིས་གསུང་ངོར་གསོལ་བ་བཏབ་པའོ། །འཛམ་ཐང་རྩང་པ་དགེ་སློང་གི་ཞབས་བརྟན་ནོ། ༈ ཞབས་དཀར་སྤྲུལ་སྐུ་མྱུར་འབྱོན་བཞུགས། །གང་གིས་ཐོག་མེད་བསྐལ་པའི་དུས་རིང་ནས། །མཁའ་ཁྱབ་འགྲོ་ལ་བུ་གཅིག་ལྟར་བརྩེ་བའི། །ཐུགས་རྗེའི་སྤྱན་གྱིས་གཟིགས་པ་མི་འདོར་བ། །སྤྱན་རས་གཟིགས་དབང་བླ་མའི་ཞབས་ལ་འདུད། །མགོན་ཁྱོད་སྙིགས་མའི་དུས་འདིར་བསམ་བཞིན་ཏུ། །འགྲོ་བའི་དོན་ཏུ་གཟུགས་སྐུ་བསྟན་ལགས་ན། །ལས་ངན་གདུལ་བྱ་ཡུན་རིང་མི་སྐྱོང་བར། །ཞི་བའི་དབྱིངས་སུ་གཟིམ་པ་ཇི་ལྟར་འོས། །འདི་ནི་


ZP05_Page_673
[མ་དཔེ་གཟིགས་ན་འདིར་གནོན།]

མོས་གུས་གདུང་བའི་མིག་གཉིས་པོ། །མཆི་མས་རབ་ཏུ་བརླན་ཞིང་གསོལ་འདེབས་ངག །བུས་པས་མ་ལ་ཇི་བཞིན་བརྩེར་འབོད་པའི། །ལས་ངན་ཐ་མའི་གདུལ་བྱ་ལུས་བཞིན་ཏུ། །གློ་བུར་ཆོས་སྐུར་གཟིམ་པ་བདེན་ནམ་ཅི། །མགོན་ཁྱོད་ཁོ་ན་དྲན་པའི་གདུང་ཡུས་ཀྱིས། །ཉིན་མཚན་མྱ་ངན་མེ་ཡིས་སྙིང་བསྲེགས་པའི། །མི་ལུས་དམྱལ་མྱོང་འོ་དོད་འབོད་བཞིན་ཏུ། །རྒྱང་ནས་ཡལ་བར་འདོར་བ་རིགས་སམ་ཅི། །ཀྱི་ཧུད་ཉིན་མཚན་ཆ་ཡང་དབྱེར་མ་ཤེས། །སྐྱབས་མགོན་ཐུགས་རྗེའི་ཉི་འོད་ཀྱིས་བཏང་བའི། །ལས་ངན་མགོན་མེད་འགྲོ་བ་བདག་སོགས་ཀུན། །སུ་ལ་གང་དུ་ཇི་ལྟར་རེ་ལྟོས་བྱ། །ཟུགས་དུས་ཟིན་པའི་སྙིང་འདི་ཁོང་བ་ན། །བྱེ་ཚན་བཏོན་པའི་ཉ་བཞིན་འགྲེ་ཞིང་ལྡོག །སྐལ་དམན་འདི་འདྲ་མ་མཐོང་གོང་དུ་བདག །ཕ་རོལ་མི་ཁྲིད་འཆི་བདག་སྙིང་རྗེ་མེད། །མགོན་ཁྱོད་བཀའ་དྲིན་ལྷ་ཆོས་མ་འགྲུབ་ན། །གཡོ་བའི་རོ་འདི་བྱ་ཁྱིས་ཟོས་ཀྱང་རུང་། །ཁྱོད་ཞལ་བལྟ་བའི་སྐལ་པ་མི་ལྡན་ན། །དཔྲལ་སྐྱེས་ཆུ་བུར་འདིས་ཀོ་ཅི་ཞིག་བྱ། །ད་ནི་མི་ཚེའི་ལྷག་མ་ཅི་ཙམ་པར། །སྙིང་པོའི་སྒྲུབ་ལ་གཞོལ་བར་དམ་འཆའ་ན། །མགོན་ཁྱོད་དག་པའི་ཞིང་ཁམས་གར་བཞུགས་ཀྱང་། །ཐུགས་རྗེའི་སྤྱན་གྱིས་དབྱེར་མེད་གཟིགས་སུ་གསོལ། །ལས་ངན་བདུད་ཀྱིས་ཁྱེར་རམ་


ZP05_Page_674
[མ་དཔེ་གཟིགས་ན་འདིར་གནོན།]

གཡེངས་པས་བསླུས། །འཁྲུལ་སྣང་ཚེ་འདིར་ཞེན་པའི་བློ་ནམ་སྐྱེས། །ཁྱོད་སྐུའི་སྣང་བ་དངོས་ཉམས་རྨི་ལམ་དུ། །བསྟན་ནས་ཡང་དག་ལམ་ལ་བསྐུལ་དུ་གསོལ། །ཇི་ལྟར་སྤྲེའུ་མི་ཡི་ལད་མོ་བཞིན། །མགོན་པོ་ཁྱེད་ཀྱི་རྣམ་ཐར་རྗེས་བསླབ་སྟེ། །བྱང་ཆུབ་སེམས་གཉིས་བསྒོམ་པའི་བློ་སྐྱེས་ཚེ། །ཐུགས་རྗེ་མཆོག་གིས་མ་ཡིས་བུ་བཞིན་སྐྱོངས། །གཏུམ་མོ་སྒྱུ་ལུས་འོད་གསལ་རྨི་བར་འཕོ། །ཟབ་དོན་རྫོགས་ཆེན་ཀ་དག་ལྷུན་གྲུབ་གནད། །རྩེ་གཅིག་སེམས་ཀྱིས་དབེན་པར་ཉམས་ལེན་ཚེ། །ཉམས་རྟོགས་རྩལ་བསྐྱེད་གེགས་སེལ་བསམ་དོན་སྩོལ། །ཁྱེད་ཐུགས་ཆོས་སྐུའི་དགོངས་པ་འགགས་མེད་ལས། །སྣ་ཚོགས་གཟུགས་སྐུའི་རྣམ་རོལ་མཐའ་ཡས་པ། །སྣ་ཚོགས་གདུལ་བྱའི་བློ་དང་སྐལ་བ་བཞིན། །ཡང་ཡང་མཚན་དཔེའི་སྐུ་མཆོག་བསྟན་དུ་གསོལ། །རིང་ནས་མཁའ་མཉམ་འགྲོ་ཕྱིར་ཐུགས་བསྐྱེད་དེ། །ད་དུང་མཁའ་མཉམ་སྡུག་བསྔལ་འགྲོས་བརྟེན་ན། །ཁྱེད་ཐུགས་ཆོས་སྐུའི་ཀློང་དུ་མ་དགྱེས་པར། །བྱང་ཆུབ་སྤྱོད་པའི་དངོས་འབྲས་མངོན་མཛད་གསོལ། །མགོན་ཁྱོད་རྟག་ཏུ་གཞན་ཕན་དགོངས་པ་ལ། །ཡང་དང་ཡང་དུ་བསྐུལ་ལྟ་མི་འཚལ་ཡང་། །བདག་བློ་གདུང་བའི་ཤུགས་འདི་མ་བཟོད་པར། །གསོལ་བ་བཏབ་འདི་མངོན་སུམ་མཛད་དུ་གསོལ། །ཅེས་སྐྱབས་མགོན་ཞབས་དཀར་རིན་པོ་ཆེའི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པ་ཐོས་ཚེ། རྗེ་དེ་ཉིད་ཀྱི་


ZP05_Page_675
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་བུ། མདོ་སྔགས་རྒྱ་མཚོ་དང་། བསོད་ནམས་རྣམ་རྒྱལ་གཉིས་ཀྱིས་ཀྱང་བསྐུལ་ཏེ་དཔལ་དགེ་མཆོག་སྤྲུལ་རིན་པོ་ཆེས་གསུངས་པའོ། །དགེའོ།


previousརྒྱལ་བའི་རྒྱལ་ཚབ་སོགས་ཞབས་བརྟེན་ཁགnext