Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།

0 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section


0 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ། next

དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ་བཞུགས་སོ༔

རྒྱ་གར་སྐད་དུ༔ ཨ་བྷི་ཥིཉྩ་སརྦ་རཏྣ་ཧྲྀ་དཱ་ཡ་ནཱ་མ༔ བོད་སྐད་དུ༔ དབང་ཐམས་ཅད་ཀྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ བདེ་གཤེགས་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ བླ་མེད་རྒྱུད་ལ་སྨིན་གྲོལ་གཉིས༔ གྲོལ་བྱེད་གདམས་པ་གཞན་དུ་ཤེས༔ སྨིན་བྱེད་དབང་གི་རིམ་པ་བསྟན༔ དབང་ཆོག་སྔོན་འགྲོ་འདི་མེད་ན༔ གསང་སྔགས་ཡིན་པར་ཁས་ལེན་པ༔ ཁྲོན་པ་རྒྱ་མཚོར་རློམ་པ་འདྲ༔ དེ་ཕྱིར་ཁྱད་འཕགས་འདི་སྤྱོད་ཅིག༔ ས་མ་ཡ༔ དེའང་རྒྱུད་ལས༔ ཚོགས་འཁོར་བསྐོར་ལ་ས་སློང་ཏེ༔ ས་སྦྱོང་ས་བཟུང་ཆག་ཆག་གདབ༔ ཅེས་པས་ཚོགས་ཀྱི་འཁོར་ལོ་རྒྱས་བསྡུས་ཅི་རིགས་བསྐོར་ལ་ས་སློང་ཏེ༔ སའི་ཕྱོགས་ཁ་དོག་ལ་བརྟག་པ༔ ས་ལ་བརྟག་པ༔ ཆུ་ལ་བརྟག་པའོ༔ སློང་བ་དངོས་ནི༔ འཇིག་རྟེན་ལས་འདས་པ་ལ་སློང་༔ མ་འདས་པ་ལ་སློང་༔ སྤྱིར་རྒྱལ་པོ་ལ་སློང་༔ སྒོས་གཞི་བདག་ལ་སློང་༔ ཡང་ན་ལ་བྱིན་པ་ལ་སློང་ངོ་༔ དེ་ནས་ཐམས་ཅད་ཀྱིས༔ རྒྱལ་ཚབ་དམ་པ་ཁྱེད་ཀྱིས་གནས་དང་ས་ཕྱོགས་འདིར༔ ཞི་ཁྲོ་རྩ་བ་གསུམ་གྱི་དཀྱིལ་འཁོར་བཞེངས་ལ༔ སེམས་ཅན་དཔག་ཏུ་མེད་པའི་དོན་གྱིས་ཤིག༔ ཅེས་གནང་བ་བྱིན་པར་བསམ༔ དེ་ནས་ས་སྦྱང་བ་ནིཿ དང་པོ་རོ་ལྔ་བསལ༔ སྭ་བྷ་ཝས་སྟོང་པར་སྦྱང་༔ བུམ་པ་ཡིག་བརྒྱའི་ཆུས་བཀྲུ༔ ཡེ་ཤེས་ཀྱི་ས་གཞི་ཡི་གེ་གསུམ་ཞེས་པས་བསྒྱུར་རོ༔ དེ་ནས་ས་བཟུང་བ་ནི༔ ལག་ཏུ་ཕུར་པ་ཞིག་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་ཏེ༔ གནས་འདིར་དཀྱིལ་འཁོར་ཆེན་པོ་བྲི༔ འབྱུང་པོ་མི་དང་མི་མིན་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་འདི་ལ་བར་ཆོད་ན༔ བདག་ཉིད་ཐུགས་ཁྲོས་སྲེག་པར་བྱེད༔ དེ་བས་དམ་ལ་མ་འདའ་ཞིག༔ ཅེས་པས་མེ་རིའི་རང་བཞིན་དུམ་བུར་འབར་བར་བསམས་ལ༔ ས་སྤུངས་པ་དེ་ལ་གདབ་བོ༔ བུམ་ཆུས་གནས་ཁང་ཀུན་ལ་གཏོར་ཞིང་བྱི་དོར་བྱ་ཞིང་༔ མཎྜལ་གནས་ཁང་དང་བསྟུན་ལ་བྱ༔ སྟེང་དུ་དྲི་བཟང་གི་ཆུས་ཆག་ཆག་དང་ཐིག་གདབ་ཅིང་༔ ལྷ་གྲངས་དང་མཐུན་པའི་ནས་ཀྱི་ཚོམ་བུ་བཀོད༔ ཕྱི་ནང་གི་མཆོད་ཚོགས་གང་འབྱོར་བཤམ༔ སྔོན་འགྲོ་ནས་བཟུང་སྟེ་ལས་བྱང་རྒྱས་བསྡུས་གང་རུང་གི་གཞུང་བསྲང་བར་བྱའོ༔

དེ་ནས་ཡང་རྒྱུད་ལས༔ གླུད་གཏོར་བྱིན་ལ་མེ་ཆུས་བསྐྲད༔ ཅེས་པས༔ བླ་མ་ཁྲི་མཐོན་པོའི་སྟེང་དུ་རྒྱན་དང་བཅས་ནས་ཏིང་ངེ་འཛིན་ལ་བཞུགས༔ གླུད་གཏོར་སྭ་བྷཱ་ཝའི་སྔགས་ཀྱིས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ་བསྔོ་ཞིང་༔ ལན་གསུམ་ཕྱིར་བསྐོར་བས་དབང་ལྡན་ཕྱོགས་སམ༔ གང་འཐད་དུ་དོར༔ ཕྱི་སྒོ་ཐེམ་པའི་རྩར་དྲག་པོའི་སྦྱིན་སྲེག་གིས་བསྲེག་ཅིང་མེ་ཞགས་འཕེན༔ རྒྱལ་ཐེབས་ཀྱིས་བུམ་ཆུ་དང་ཆུ་བྱུག་གིས་བརྔུང་བ་དུས་མཉམ་དུ་བྱས་ལ༔ ཧཱུྃ༔ རྒྱུ་དྲུག་ནད་གདོན་སྒྲིབ་སྦྱང་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ཅེས་རྩ་སྔགས་བརྗོད་དོ༔

ཡང་རྒྱུད་ལས༔ ཞུ་བ་ཞུས་ལན་ཁྲུས་ནས་དབྱུང་༔ ཞེས་པས༔ ཁྲུས་གོང་གི་གོ་སླ་ཞིང་༔ ཕྱི་པ་ཐམས་ཅད་ཀྱིས་ལག་པ་སྦྲེལ་ཞིང་འདི་སྐད་ཞུའོ༔ ཧོ༔ སྒོ་སྲུང་ཕོ་མོ་ཐམས་ཅད་གསོན༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ ཐར་ཕྱིར་དཀྱིལ་འཁོར་འདིར་འཇུག་པས༔ སྒོ་བས་སྒོ་ཕྱེས་ནང་བཏང་འཚལ༔ རྟག་པར་ཁྱེད་དྲིན་བདག་གིས་ཁུར༔ ཞེས་ལན་གསུམ་བརྗོད་དོ༔ དེ་ནས་གིང་ཕོ་མོ་ཁྲོ་འབག་དང་གདུག་པའི་ཆས་རོལ་མོ་དང་མཚོན་ཆ་གུ་གུལ་གྱི་དུད་པ༔ སྐམ་ཐུན་རློན་ཐུན་དང་བཅས་པས༔ ང་རོ་དྲག་པོས་འདི་སྐད་དོ༔ ཧོ༔ ཁྱོད་རྣམས་སྒོ་འདིར་འཇུག་པ་ལ༔ དགེ་བཅུ་བསྒྲུབ་ཅིང་མི་དགེ་སྤོངས༔ དཀོན་མཆོག་གསུམ་པོ་ཡིད་ལ་གྱིས༔ ཁས་ལེན་མེད་ན་ཕྱིར་དེངས་ཤིག༔ སློབ་བུས༔ བདག་ཅག་ཁྱེད་ཀྱི་བཀའ་བཞིན་བགྱི༔ དགེ་སྒྲུབ་སྡིག་སྤོངས་སྐྱབས་སུ་འགྲོ༔ ངེས་པར་ནང་དེར་བཏང་དུ་གསོལ༔ ཞེས་བརྗོད་དོ༔ ཐེག་པ་ཐུན་མོང་གི་སྐྱབས་འགྲོ་བརྗོད་ཅིང་ལས་ཀྱི་རྡོ་རྗེས་རེ་རེ་ནས་ཁྲིད་ལ་རིམ་པ་བཞིན་དུ་བཏང་ཞིང་༔ མེ་ཆུས་ཐུན་དང་མཚོན་ཆ་རོལ་མོས་བསྡིག་པར་བྱའོ༔ ཡང་རྒྱུད་ལས༔ གྲལ་འདུག་དྲང་དོན་བློ་བསྒྱུར་བཞག༔ ཅེས་པས་ཕོ་ཐམས་ཅད་གཡས་གྲལ༔ མོ་ཐམས་ཅད་གཡོན་གྲལ༔ མཆོད་གཡོག་པ་ཐམས་ཅད་མདུན་གྲལ་ལ མ་གང་བདེ་བར་འདུག་ཅིང་མཎྜལ་ལན་གསུམ་འབུལ་ལོ༔ དེ་ནས་བླ་མས་དྲང་བའི་དོན་དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ ལས་རྒྱུ་འབྲས༔ འཁོར་བའི་ཉེས་དམིགས༔ དད་པ་བཙལ་བ༔ བརྩོན་འགྲུས་བརྩམ་པ༔ དགེ་བཅུ་བསྒྲུབ་པ༔ མི་དགེ་སྤངས་བ༔ ལག་ལེན་བསགས་སྦྱང་༔ མདོར་བསྡུས་གང་འཇུག་གི་བརྒྱུད་པའི་ལོ་རྒྱུས་རྣམས་བསྟན་པར་བྱའོ༔ ས་མ་ཡ༔ དེ་

ཡང་རྒྱུད་ལས༔ གསང་སྔགས་དབང་གི་ཁྱད་ཆེ་བས༔ དབེན་པར་ཡིད་འོང་གནས་མཆོག་དེར༔ དམ་ཚིག་ལྡན་པའི་སློབ་མ་དེས༔ མཚན་ལྡན་བླ་མ་དེ་ཉིད་ལ༔ གུས་པས་ཕྱག་འཚལ་མཎྜལ་འབུལ༔ ཞེས་གསུངས་པས༔ གནས་ཡིད་དུ་འོང་བ་འམ༔ རྒྱུད་ལས་གསུངས་པ་ལྟར༔ སློབ་མ་སྣོད་ལྡན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་ལས་མི་མང་བར༔ མཚན་ཉིད་དང་ལྡན་པའི་བླ་མ་ལ༔ གསེར་གཡུའི་མཎྜལ་བདུན་ཚན་འབུལ་ལ༔ རྒྱུད་ལས༔ ལོ་གསུམ་གོང་ནས་དབང་ཞུ་ཞེས༔ ནན་བྱས་སྙན་པའི་དབྱངས་ཀྱིས་ཞུ༔ ཞེས་པས༔ ལོ་གསུམ་གྱི་གོང་ངམ་གཉིས་སམ་གཅིག་གམ༔ ཟླ་བ་གསུམ་མམ་གཉིས་སམ་གཅིག་གམ༔ ཐ་ན་ཞག་གསུམ་མམ༔ བདུན་གྱི་གོང་ནས༔ བདག་ཅག་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་དུ་གསོལ༔ ཞེས་ཞུ་བ་ཡང་ཡང་ཕུལ་ལོ༔ འོན་ཏེ་གནས་སྐབས་དེར་ཡང་སློབ་བུ་རྣམས་ཙོག་པུར་ལག་གཡོན་མེ་ཏོག་ཐོགས་ནས་ཐལ་མོ་སྦྱར་ལ་ཞུ་བ་ཕུལ་བ་འདི་སྐད་དོ༔ འོ་ཁྱོད་ཞབས་སྐུ་དྲིན་སྤངས་ནས་ནི༔ བདག་ཉིད་སྐྱབས་གཞན་མ་མཆིས་པས༔ བླ་མ་གཙོ་མཆོག་འགྲོ་བའི་སྐྱབས༔ སློབ་མ་བདག་ཉིད་བསྐྱབ་པར་མཛོད༔ ཅེས་ལན་གསུམ་ཞུ༔ དེར་བླ་མས༔ བདག་ལ་ཡོན་ཏན་ཚོགས་མཆིས་ཀྱི༔ ཁྱོད་ཉིད་ཅི་འདོད་གང་ཡིད་འོང་༔ ཞེས་དྲི༔ དེར་སློབ་བུས༔ ཧོ༔ དུས་གསུམ་རྒྱལ་བའི་དགོངས་དྲིལ་བ༔ ཐབས་ཤེས་དབྱེར་མེད་བདག་ཉིད་ཅན༔ གསང་སྔགས་ཐབས་ཀྱི་བདག་ཉིད་མཆོག༔ དབང་བཞི་རྫོགས་པར་བདག་ལ་སྩོལ༔ ཞེས་ཞུ༔ དེར་བླ་མས༔ ཧོ༔ མཆོད་པ་ལ་སོགས་ཚོགས་མཆོད་རྣམས༔ ཁྱོད་རྣམས་ཐམས་ཅད་འབྱོར་གྱུར་རམ༔ རྣལ་འབྱོར་རིག་མ་ལ་དགའ་བས༔ གུས་པའི་ཡིད་ཀྱིས་འབུལ་ནུས་སམ༔ ཞེས་བརྗོད༔ སློབ་བུས༔ འོ༔ ནུས་པ་ཐོན་པས་བདག་མཆིས་སོ༔ དཔའ་བོས་བདག་ལ་བསྟན་དུ་གསོལ༔ ཞེས་ཞུས་ལ་ཡོན་འབུལ་ལོ༔

༼ཀ༽ རྫས་བཞི་འདིར་གཏོང་བའང་ཡོད། མཆན། དེ་ཡང་རྒྱུད་ལས༔ སློབ་མ་མོས་བསྐྱེད་གནང་བ་སྦྱིན༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་འབོག༔ ཅེས་གསུངས་པས༔ སློབ་དཔོན་གྱི་དྲུང་དུ་ཐལ་མོ་སྦྱར༔ སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད༔ མོས་གུས་མཆི་མ་ཁྲོམ་དུ་གཞུག༔ དེར་བླ་མས༔ འོ༔ རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ༔ དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་བྱུང་བས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ༔ སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནམ༔ བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་དམ༔ གསང་སྔགས་ཀྱི་དམ་ཚིག་བསྲུང་ངམ༔ ད་ཕྱིར་མི་ལྡོག་པའི་བློ་ཡོད་དམ༔ ཞེས་པ་དང་༔ བཀའ་བཞིན་དུ་བསྒྲུབ་བོ༔ གསུང་བཞིན་དུ་བྱེད་དོ༔ ངེད་ཅག་རྣམས་ལ་གནང་དུ་གསོལ༔ ཞེས་ཞུའོ༔ སྔར་ཐོབ་པ་ཡོད་ན་གསོ༔ མ་ཐོབ་པ་རྣམས་ལ་ཇི་ལྟར་འོས་པ་སྦྱིན་པའམ་བསྡུས་ཏེ་འབོག་ན༔ ཐལ་སྦྱར་གུས་པས་འདིའི་རྗེས་ཟློས་མཛོད༔ ན་མོ༔ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་བསྟན་དཀོན་མཆོག་གསུམ༔ མུན་པ་བདག་ལ་བསྐྱབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ མ་རིག་བདག་ལ་ཐུགས་རྗེས་ཟུངས༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ཀྱི་བར་ཆོད་སོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་རྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ཞེས་པ་དང་༔ སྐྱབས་འགྲོ་བསླབ་པའི་དངོས་གཞི་ནི༔ ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་བརླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མརཿ བདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུར༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཞེས་ལན་གསུམ་དང་༔ དེ་ནས་སོ་ཐར་མདོར་བསྡུས་བསླབ་པ་ནི༔ བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང་༔ ཞེས་པ་དང་༔ བྱང་ཆུབ་སེམས་དཔའི་སྨོན་སེམས་བླང་བ་ནི༔ ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ༔ དེ་ནས་འཇུག་སེམས་བླང་བ་ནི༔ ཧོཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་བསླབ་སྡོམ་གསུམ་བཟུང་༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ༔ དེ་ནས་རིག་པ་ལྔའི་སྡོམ་པ་བཟུང་བ་ནི༔ ཧོཿ དཀོན་མཆོག་གསུམ་བཟུང་མི་བཏང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པའི་ཆོས་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་བལྟའོ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མར་དཔང་དུ་བཙུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་གསུམ་རྣམས་ལ༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ རྩ་བཞི་ལ་སོགས་དམ་ཚིག་ལ༔ ནམ་ཡང་མི་འདའ་བཟུང་བར་བྱ༔ ཞེས་བརྗོད་དོ༔ ཡང་རྒྱུད་ལས༔ རྡོ་རྗེ་མགོར་བཞག་སྐུ་དམ་འབོག༔ ཅེས་པས༔ དམ་ཚིག་རྡོ་རྗེ་མགོ་ལ་བཞག༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་ན་ན་རཀ་དམྱལ་བར་ལྟུང་༔ བསྲུང་ན་སྤྲུལ་སྐུས་འགྲོ་དོན་ནུས༔ འོ༔ ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་ང་ཡིན་པས༔ སྐུའི་དམ་ཚིག་ལུས་ཀྱིས་སྲུངས་ཤིག༔ རྡོ་རྗེ་སློབ་དཔོན་ལ་སྲོག་གི་དྭངས་མར་སོམས་ཤིག༔ ཡི་དམ་གྱི་ལྷ་མིག་གི་འབྲས་བུ་ལྟར་སྒོམས་ཤིག༔ གལ་ཏེ་ཉམས་ན་སེམས་ཅན་དམྱལ་བར་སྐྱེ་ཏ་རེ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བདུད་རྩི་ངག་བླུད་གསུང་དམ་འབོག༔ ཅེས་གསུངས་པས༔ དམ་ཚིག་བདུད་རྩི་དང་ཆོས་སྨན་སྦྱར་བ་ལྕེ་ལ་བཞག༔ ཧཱུྃ་དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ འོ༔ གསུང་གི་དམ་ཚིག་ངག་གིས་སྲུངས་ཤིག༔ ངག་གི་བཟླས་པ་རྒྱུན་མ་བཅད་ཅིག༔ གལ་ཏེ་དམ་ཚིག་ཉམས་ན་ནི༔ ལྐུགས་དང་དིགས་དང་བྱོལ་སོང་གནས་སུ་སྐྱེ་ཏ་རེ༔ ཞེས་བརྗོད་དོ༔ ཡང་རྒྱུད་ལས༔ ཡེ་ཤེས་སྙིང་བཙུད་ཐུགས་དམ་འབོག༔ ཅེས་གསུངས་པས༔ གཙོ་བོའི་སྐུ་མེ་ལོང་དུ་བསྟན་ལ་སྙིང་ཁར་བཞག་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས༔ ཉམས་ན་སྨྱོ་འབོག་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ འོ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས་ཤིག༔ རྫོགས་རིམ་གསལ་སྟོང་སྤྲོས་པ་མེད་པའི་ངང་ལ་རྒྱུན་དུ་གནས་པར་གྱིས་ཤིག༔ གལ་ཏེ་ཉམས་ན་སྨྱོ་འབོག་ཅན་དུ་སྐྱེ་ཏ་རེ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ དྲི་བ་དྲིས་ལན་བཀའ་རྟགས་གདབ༔ ཅེས་པས༔ དེར་སློབ་བུའི་ལག་ཏུ་རྡོ་རྗེ་གཏད༔ ལྕེ་ལ་ཨ་མྲྀ་ཏ་བྱིན༔ སྙིང་ཁར་དྲིའི་ཐིག་ལེ་རེ་བྱས་ལ༔ ཧོ༔ བུ་ཁྱོད་དེང་ནས་འདི་ལྟར་གྱིས༔ ཡབ་ཡུམ་སྐུ་ཡི་དམ་ཚིག་ཏུ༔ བློ་ཆེ་ཁོག་ཡངས་བསྐྱེད་པ་དང་༔ གསང་བ་མི་འཆོལ་ཤེས་པ་དང་༔ མཚན་མ་མི་འགོང་རིགས་མི་སྨད༔ རྡོ་རྗེ་སློབ་དཔོན་མལ་ཆ་དང་༔ གསལ་ཆ་ཕྱག་རྒྱ་བཞོན་པ་སོགས༔ མ་གནང་བར་དུ་མི་སྤྱད་ཅིང་༔ མ་གུས་སྐུ་གསུང་ཐུགས་དམ་སྲུངས༔ སྤུན་གྲོགས་དྲིན་ལེན་འཐབ་རྩོད་སྤང་༔ ཁྱད་པར་དམན་པ་བསྐྱང་བར་བྱ༔ ཞེས་བརྗོད་དེ་སློབ་བུའི་ཁས་བླང་པ་ནི༔ ཧོ༔ དཔའ་བོས་གསུངས་བཞིན་བདག་གིས་བསྲུངས༔ སངས་རྒྱས་ཞིང་དུ་བསྒྲལ་བར་མཛོད༔ ཅེས་བརྗོད་ལ༔ བླ་མས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་ནོར་བུ་འཆིང་བུ་དང་འདྲ༔ འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི་ནོར་བུ་རིན་པོ་ཆེ་དང་འདྲ༔ དབང་སྒྲུབ་འདི་མ་ཐོན་གྱི་བར་དུ་ཐག་རིང་དང་ཕྱོགས་གར་ཡང་མ་འགྲོ་ཞིག༔ ནང་ནུབ་ཐམས་ཅད་དུ་བླ་མ་དང་བདེ་བར་གཤེགས་པ་ཐམས་ཅད་ལ་འབོད་ཅིང་གསོལ་བ་ཐོབ་ཅིག༔ བདག་གིས་ཀྱང་ཡེ་ཤེས་ལྷ་ལ་བསྙེན་པ་བྱས་ལ༔ དེ་ནས་ཁྱོད་ལ་དབང་རྣམས་རིམ་པར་བསྐུར་བར་བྱའོ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བླ་མས་བརྟགས་པ་རིམ་གསུམ་བྱ༔ ཞེས་པས་ཞག་གཅིག་ཡི་དམ་ལྷ་ལ་འདྲི༔ རང་གི་ཁམས་ལ་འ དྲི༔ གཟའ་སྐར་དུས་ཚོད་ལ་འདྲི༔ བསྟུན་ནས་གནང་བ་སྦྱིན་པར་བྱའོ༔ དེར་འདུས་པ་རྣམས་ལ༔ དམ་ཚིག་རྣམ་དབྱེ་རྒྱས་འབྲིང་བསྡུས་གསུམ་རྒྱུད་ལས་བྱུང་བཞིན་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༼ཁ༽ དེ་ནས་གཟའ་སྐར་བཟང་པོའི་སྔ་དྲོ༔ ཡང་སློབ་བུས་མཎྜལ་ཕུལ་ལ༔ ཀྱེ་ཧོ་རྡོ་རྗེ་སློབ་དཔོན་མཆོག༔ དེ་རིང་རྣལ་འབྱོར་ཕོ་མོ་ལ༔ ཡང་དག་མཆོག་གི་ལམ་བསྟན་པས༔ དཀྱིལ་འཁོར་ཆོ་ག་གནང་བར་མཛོད༔ ཅེས་པ་དང་༔ སློབ་དཔོན་གྱིས༔ འོ་དེ་རིང་ཁྱེད་སོགས་རིག་མ་ཡང་༔ བདག་གིས་མ་སྨིན་གཞན་མི་སྨིན༔ དེ་ཕྱིར་ཚུར་ཤོག་རིགས་ཀྱི་བུ༔ དཀྱིལ་འཁོར་ཆོ་ག་བདག་གིས་བརྩམ༔ ཞེས་གནང་བ་སྦྱིན་ནོ༔ ཡང་རྒྱུད་ལས༔ སོ་ཤིང་དོར་ལ་སྲུང་སྐུད་འདོགས༔ ཀུ་ཤ་བྱིན་ལ་སྦྱིན་སྲེག་བྱ༔ ཞེས་པས༔ ནས་ཀྱི་ཚོམ་བུ་ལྔ་ལ་རིགས་ལྔའི་སྐུ་བཀྲམ༔ བསྐྱེད་བསྟིམ་མཆོད་བསྟོད་བསྡུས་པ་གཅིག་འབུལ༔ ཙན་དན་ནམ་དྲི་བཟང་པོའི་ཤིང་མགོ་མཇུག་མ་ལོག་པ་སོར་བརྒྱད་པའི་རྩེ་ལ་མེ་ཏོག་ཅོད་པཎ་དང་བཅས་པ་རྡོ་རྗེ་ཐལ་མོས་བཟུང་ལ༔ དམིགས་པ་དང་བཅས་པས་འབུལ་བ་ནི༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས༔ བདག་གིས་རིགས་ལྔའི་དངོས་གྲུབ་ལྔ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ བཛྲ་ཧ་ས་ཧ༔ ཞེས་བརྗོད་ཚོམ་བུའི་སྟེང་དུ་དོར༔ དཀྱིལ་འཁོར་དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་ཐོབ༔ ཤར་དུ་རྡོ་རྗེའི་རིགས་དང་ཞི་བའི་དངོས་གྲུབ་ཐོབ༔ ལྷོར་རིན་ཆེན་རིགས་དང་རྒྱས་པའི་དངོས་གྲུབ་ཐོབ༔ ནུབ་ཏུ་པདྨའི་རིགས་དང་དབང་གི་དངོས་གྲུབ་ཐོབ༔ བྱང་དུ་ལས་ཀྱི་རིགས་དང་དྲག་པོའི་དངོས་གྲུབ་ཐོབ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེག་རེ་ཐོབ༔ རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད༔ ལན་གསུམ་བསྐྱར་ཞིང་འགྱེལ་ན༔ བར་ཆད་འབྱུང་བས་བཟློག་པ་དྲག་པོ་བྱའོ༔ དེ་ནས་བར་ཆད་སྲུང་བའི་ཕྱིར༔ སྲུང་སྐུད་ལྔ་བསྒྲིལ་ལ་རྡོ་རྗེའི་མདུད་པ་བྱས་ལ༔ རྩ་སྔགས་གཤམ་དུ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་གདབ་ལ་འདོགས་པ་ནི༔ ཧཱུྃ༔ ལུས་ལ་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་བགོས་པས༔ རླུང་མཁྲིས་བད་ཀན་འདུས་པ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་བྱ༔ བརྒྱད་ཅུ་རྩ་གཅིག་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨི་ལྟས་ངན་པ་སོགས༔ སྒྲུབ་ལ་བར་ཆད་ཐམས་ཅད་བསྲུང་༔ བསྲུང་བ་རྡོ་རྗེའི་གུར་ཆེན་འདི༔ དབང་སྣོད་བུ་མཆོག་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེ་བར་ཕོ་བྲང་བཅའ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ དབང་བཞིའི་ཆུ་བོ་གསལ་བར་ཤོག༔ རྩ་སྔགས་བཛྲ་རཀྵ་རཀྵའི་གཤམ་དུ༔ ཕོ་གཡོན༔ མོ་གཡས་སུ་བཏགས་ཤིང་༔ རྡོ་རྗེའི་རྒྱ་གྲམ་གྱི་རྒྱས་བཏབ་བོ༔ དེ་ནས་ཀུ་ཤ་གཏད་ཅིང་ལེགས་ཉེས་རྨི་ལམ་བརྟག་པ་ནི༔ ཀུ་ཤ་སྤོས་ཆུ་བསངས་ཏེ༔ སྭ་བྷཱ་ཝཱའི་སྔགས་བརྗོད་དོ༔ ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ སྔགས་འདི་བརྒྱ་སྟོང་ཅི་འགྲུབ་བཟླས༔ ༀ་བཛྲ་ཎི་ཏྲི་བྷེ་ཤ་ཀེ་དུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅེས་གདབས༔ དེ་ནས་བསྣོལ་མར་བྱིན་ལ༔ ཧཱུྃ༔ སྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ ༀ་བཛྲ་ཏིཀྵ་ཎ་རཀྵ་བཾ༔ ཞེས་བྱིན༔ སློབ་བུས༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཞེས་དམོད་པ་བོར་ཞིང་༔ བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་གཏད་ལ༔ སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟག༔ ངན་ན་བཟློག་པ་དང་དྲག་པོའི་སྦྱིན་སྲེག་རྣམས་བྱའོ༔ ས་མ་ཡ༔ ཡང་རྒྱུད་ལས༔ ཕྱི་ནང་མཚམས་བཅད་ཉུ་ལེ་བསྐྲད༔ ཅེས་པས༔ རྒྱལ་ཆེན་རིགས་བཞི་མངའ་གསོལ་ནས་ཕྱི་མཚམས་བཅད༔ ཐེམ་པའི་རྩ་བར་དམ་སྲི་མནན༔ སྒོའི་ཡ་ཐེམ་ལ་བདུད་རྩི་འཁྱིལ་བའི་སྔགས་དང་སྐུ་ཕྱིའི་སྒོ་བསྲུང་དུ་གཞུག༔ ནང་ལོགས་སུ་རྟ་མགྲིན་བཞག་ལ༔ དངོས་གྲུབ་ཕྱིར་ཡལ་དུ་མི་གཞུག༔ ནང་ན་ཁྲོ་བོ་བཅུའི་སྐུ་ཕུར་པ་སྔགས་དང་བཅས་པས་མངའ་གསོལ༔ སྟེང་འོག་ཕྱོགས་མཚམས་རྣམས་སུ་གསང་བའི་མཚམས་བཅད༔ མ་ཏྲཾ་བསྒྲལ་ལ་ཞི་ཁྲོའི་ཕོ་བྲང་དུ་འབུལ་ལོ༔ ས་མ་ཡ༔ དེ་ནས་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས་ལ་བཞུགས༔ མཆོད་གཏོར་རྣམས་གང་འོས་སུ་བཞག་ལ༔ རིག་མ་དང་རྡོ་རྗེ་སློབ་དཔོན་ཆས་སུ་ཞུགས༔ དང་པོ་དྲི་བཟང་གི་ཆུས་ཆག་ཆག་གདབ་པ་ནི༔ ཧཱུྃ༔ ང་ནི་བདེ་གཤེགས་ཀུན་གྱི་ཡུམ༔ བདེ་ཆེན་གསང་བ་ཡངས་པ་ནས༔ བདེ་བ་ཆེན་པོའི་ཆུ་འབྲུག་པས༔ ཕོ་བྲང་དམ་པ་བཏབ་པར་བྱའོ༔ ཞེས་ཡུམ་གྱིས་ཆུ་གཏོར་རྐྱང་ནུལ་ལེགས་པར་བྱའོ༔ དེ་ནས་ཡང་རྒྱུད་ལས༔ གནམ་ཐིག་བར་ཐིག་ས་ཐིག་གདབ༔ ཚོན་རྣམས་བྱིན་བརླབ་དཀྱིལ་འཁོར་བྲི༔ ཞེས་བྱུང་བས༔ དང་པོ་གནམ་ཐིག་གདབ་པར་བྱ་བ་ནི༔ ཐིག་སྣ་ཡུམ་གྱིས་རྡོ་རྗེ་དྲིལ་བུ་དང་བཅས་པ་མཛོད་སྤུར་བཟུང་ལ༔ ཧཱུྃ༔ བྷ་ག་སྐྱེ་མེད་ཡུམ་གྱི་མཁའ་ཀློང་དུ༔ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་སྐུ་ཤར༔ གང་ཤར་རང་གྲོལ་སྤྲུལ་སྐུའི་མཛད་པ་ཅན༔ དག་པ་གཉིས་ལྡན་ཆོས་སྐུའི་གདུལ་མཎྜལ་---བྱར་ཤར༔ ཨ་ཨ་ཨཿ ཞེས་གནམ་ཐིག་གདབ༔ དེ་ནས་བར་ཐིག་སྙིང་ཁར་བཟུང་ལ༔ ཧོཿ སྣང་སྟོང་གཉིས་མེད་མཁའ་གསང་ཡངས་པ་འདིར༔ བདེ་ཆེན་འཁྲུལ་པ་མེད་པའི་ཐིག་གདབ་པས༔ ཡེ་ཤེས་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ཤར༔ ངེས་པ་ལྔ་ལྡན་སྐལ་བཟང་སྨིན་པར་བྱའོ༔ ཞེས་གདབ༔ དེ་ནས་ས་ཐིག་ཕྱོགས་མཚམས་བགོས་ལ༔ ཐིག་སྐུད་དཀར་དམར་གཉིས་སྤྲེལ་ལ༔ གསང་བའི་གནས་སུ་བཟུང་ལ༔ ཧཱུྃ༔ ཡུམ་གྱི་བྷ་གར་རཀྟ་དམར་པོའི་ནང་༔ ཡབ་ཀྱི་རྡོ་རྗེ་ཐིག་ལེ་དཀར་པོའི་ཐིག༔ དཀར་དམར་བྱང་སེམས་གཉིས་ཀྱི་ཐིག་གདབ་བས༔ སྤྲུལ་སྐུའི་དཀྱིལ་འཁོར་མ་ངེས་ལྷུན་གྱིས་གྲུབ༔ ཅེས་ཐིག་གདབ་པར་བྱས་ལ༔ ཆ་ཆེན་བཅུ་དྲུག་ཆ་ཕྲན་རྣམས་ལེགས་པར་བགོ༔ པདྨ་དུར་ཁྲོད་རྡོ་ར་མེ་རི་རྣམས་ཀུན་དང་མཐུན་ཞིང་༔ དབུས་ནི་དཔེའུ་ཆུང་ལྟར་གདབ་བོ༔ དེ་ནས་ཚོན་བྱིན་གྱིས་བརླབ་པ་ནི༔ དབུས་སུ་དཀར་པོ་ལ་ༀ་བྲི༔ ཤར་དུ་མཐིང་ཀ་ལ་ཧཱུྃ་བྲི༔ ལྷོར་སེར་པོ་ལ་སྭཱ་བྲི༔ ནུབ་དུ་དམར་པོ་ལ་ཨཱཾ་བྲི༔ བྱང་དུ་ལྗང་གུ་ལ་ཧཱ་བྲི༔ ནག་པོ་ལ་ཧཱུྃ་ཕཊཿབྲི༔ རང་ཉིད་སྐད་ཅིག་གིས་ཡི་དམ་ཡབ་ཡུམ་སྦྱོར་བ་བྱེད་པའི་བྱང་སེམས་དཀར་དམར་མཁའ་གསང་ནས་མཐེབ་སྲིན་གྱིས་བླང་ལ་རེག་པས༔ རཏྣ་ལྔར་བསམས་ལ༔ ཧཱུྃ༔ རྫས་ཀྱི་དཀྱིལ་འཁོར་ས་ཚོན་འདི༔ འབྲུ་ལྔའི་དཔའ་བོ་ཡབ་ཡུམ་སྦྱོར༔ རིགས་ལྔ་ཡབ་ཡུམ་བྱང་ཆུབ་སེམས༔ ཡེ་ཤེས་ལྔ་ལྡན་རཏྣར་གསལ༔ ཨཱེ་ཡཾ་རཾ་ཀེ་ཾརཾ་བྷྲཱུཾ༔ ཞེས་པས་འབྱུང་བ་རིམ་བརྩེགས་རི་རབ་ཁ་ལ་གཞལ་ཡས་ཁང་བྲི་བར་བསམས་ལ༔ དབུས་འགྱུར་མཐའ་མི་འགྱུར་བ་བྲིའོ༔ ཡང་རྒྱུད་ལས༔ དབང་རྫས་བསོགས་ལ་རྫས་རྣམས་བཀོད༔ ཅེས་པས༔ དང་པོ་བུམ་པ་སྟ་གོན་སྔོན་དུ་འགྲོ་དགོས་ཏེ༔ རྣམ་རྒྱལ་བུམ་པ་དང་ལས་བུམ་མོ༔ དེ་རྣམས་ཀྱང་༔ རིན་པོ་ཆེ་ཡིན་ན་རང་མདོག་མཛེས༔ རྫའམ་ཤིང་བུམ་ཡིན་ན་གཙོ་བོ་གང་ཡིན་གྱི་ཁ་དོག་བསྒྱུར༔ རིགས་ལྔའི་ཕྱག་མཚན་བྲི༔ དྲི་བཟང་པོའི་ཆུས་བཀྲུ༔ གུ་གུལ་ཀྱི་བདུག༔ བགེགས་བསྐྲད༔ མགུལ་ཆིང་ཕྱོགས་མདོག དང་༔ གཟུངས་ཐག་རྡོ་རྗེས་མཚན་པ་བཏགས༔ སྲོག་ཆགས་མེད་པའི་ཆུ་དྲི་བསུང་དང་ལྡན་པ་བུ་མོ་གཙང་མས་བླུགས༔ རིན་པོ་ཆེའི་སྣོད་འབྲུའི་བཀང་བའི་སྟེང་དུ་བཞག༔ ཤར་དུ་དབང་ལག སླེ་ཏྲེ་ཙན་དན་དཀར་པོ་ཀན་ད་ཀ་རི་ཆུ་དག་དཀར་པོ༔ སྨན་ལྔའི་བུམ་པ༔ ལྷོར་ཚྭ་མར་བུ་རམ་སྦྲང་རྩི་ཏིལ་དང་ལྔའོ༔ སྙིང་པོ་ལྔ་ཡི་བུམ་པ༔ ནུབ་ཏུ་འབྲས་ནས་གྲོ་སོ་བ་སྲན་མ་དང་ལྔའོ༔ འབྲུ་ལྔའི་བུམ་པ༔ བྱང་དུ་ག་བུར་གུར་གུམ་ཙན་ཏན་སྨུག་པོ་གླ་རྩི་ཛཱ་ཏི དྲི་ལྔའི་བུམ་པ༔ དབུས་སུ་གསེར་དངུལ་མུ་ཏིག་བྱེ་རུ་མུ་མན་དང་ཉེར་ལྔ་ཐིམ་པའོ༔ རིན་པོ་ཆེ་ལྔ་དང་ཀུན་འདུས་ཀྱི་བུམ་པ༔ དེ་རྣམས་ཀྱི་ནང་དུ་རིགས་ལྔའི་ལྷ་དང་༔ རིགས་བརྒྱའི་ལྷ་ཚོགས་བསམས་ལ༔ རྩ་སྔགས་ༀ་ཨཱ་ཧཱུྃ་བོ་དྷི་ཙིཏྷ་མ་ཧཱ༴ ཞེས་ཚང་བ་བདུན་བདུན་བཟླས་པས་ཁ་རྒྱན་གཟུགས༔ དམིགས་པ་ནི་དཔག་བསམ་གྱི་ཤིང་ཁ་དོག་མ་ཡལ་བ་མེ་ཏོག་འབྲས་བུ་དང་བཅས་པ་ལྡན་པར་བསམ༔ རྩ་སྔགས་བཟླས་ཤིང་༔ གཟུང་ཐག་འདོད་ཡོན་ལྔའི་རང་བཞིན༔ ཁ་དོག་རིགས་ལྔའི་ངོ་བོར་བསམ༔ རིན་པོ་ཆེ་ལྔ་པོ་འབྱོར་པ་ཆུང་ཡང་༔ རྣམ་རྒྱལ་བུམ་པ་ངེས་པར་དགོས་སོ༔ བུམ་པ་ཚོམ་བུའི་སྟེང་དུ་ངེས་པར་དགོད་དོ༔ ལས་བུམ་བྱང་ཤར་མཚམས་སུའོ༔ བུམ་ནང་གང་ཡིན་གྱི་ལྷ་བསྐྱེད༔ སྙིང་པོ་བཟླ༔ བཞུ་བརྟུལ་དང་མཆོད་བསྟོད་བྱའོ༔ ཐུན་མོང་རིག་པའི་དབང་ལྔའི་རྫས༔ ཤར་དུ་ཆུ༔ ལྷོར་དབུ་རྒྱན༔ ནུབ་ཏུ་རྡོ་རྗེ༔ བྱང་དུ་དྲིལ་བུ༔ དབུས་སུ་རྣམ་སྣང་གི་སྐུ་རྣམས་བཀོད༔ བུམ་དབང་ལྷ་དང་འབྲེལ་བས་དམ་པ་རིགས་བརྒྱའི་སྐུ་རྒྱབ་ཡིག་ཏུ་བྱ་བ་དང་༔ མཐའ་རྟེན་རྗེས་ཀྱི་དབང་རྫས་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད༔ གཏོར་དབང་རེག་པ་དོན་ལྡན་དང་བཅས་པ་བཀོད༔ གསང་དབང་དང་འབྲེལ་ན༔ ཀ་པཱ་ལ་ལྔར་བདུད་རྩི་བྱང་སེམས་དཀར་དམར་གྱི་མཚན་པ་བླུགས༔ ཞེས་དེ་ལ་ཡེ་ཤེས་པ་བསྟིམ༔ བདག་ཉིད་ཡེ་ཤེས་སྙིང་པོ་འཇུག་པར་རྒྱས་ལ་བདུད་རྩིར་གཞུག༔ དར་ཁ་དོག་ལྔའི་གཡོགས་ལ་བཞག་གོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་ན༔ བུ་མོ་མཚན་ལྡན་རིགས་ལྔའི་རྟགས་དང་མཐུན་པ་ལྔ་ཁྲུས་ནས་དབྱུང་༔ རིག་མ་རྒྱན་གྱིས་བརྒྱན་ལ་མཁའ་འགྲོ་མར་མངའ་གསོལ་ལ་བཞག་གོ༔ ཚིག་དབང་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་ཀ་པཱ་ལའི་སྟེང་དུ༔ མན་ཤེལ་བཟང་པོ་འོད་ཟེར་འཕྲོ་བ་གཅིག་བཤམ༔ ཤར་གྱི་པད་འདབ་ཀྱི་སྟེང་དུ་ལུ་གུ་རྒྱུད་སྦྲེལ་མ་བྲིས་ལ་བཤམ༔ ལྷོར་རྨ་བྱའི་མདོངས༔ ནུབ་ཏུ་མེ་ལོང་༔ བྱང་དུ་ཚོགས་དྲུག་གི་ངོ་སྤྲོད་རྣམས་བཤམ་མོ༔ བུམ་དབང་རྐྱང་པ་ལ་གོང་གི་དེས་ཆོག༔ གཞན་ཡང་ཙཀ་ལི་དང་༔ རྡོར་དྲིལ་དང་༔ དབང་ཆས་དང་༔ མཆོད་ཆ་དང་༔ བསྐང་ཆ་དང་༔ ཚོགས་ཆས་དང་༔ གར་ཆས་དང་༔ གིང་ཆས་རྣམས་མ་ཚང་བ་མེད་པར་བསོགས་ལ༔ དང་པོ་བུམ་པ་དགོད་པ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་བུམ་པའི་ནང་༔ སྐུ་གསུམ་དཀྱིལ་འཁོར་ཡོངས་རྫོགས་གསལ༔ ལོངས་སྤྱོད་རྫོགས་སྐུའི་ཁ་རྒྱན་ལ༔ སྤྲུལ་སྐུའི་རྟགས་འཛིན་གཟུངས་ཐག་ལྡན༔ དངོས་གྲུབ་སྩོལ་བའི་རྟེན་དུ་བཞུགས༔ ཞེས་པ་དང་རྩ་སྔགས་བརྗོད་ལ༔ མཉྫིའི་ཁར་གང་མཐོའི་སྟེང་དུ་བཞག་གོ༔ དེ་ནས་ལྷ་རྣམས་གདན་ལ་བཀོད་པ་ནི༔ ཧཱུྃ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལ༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་ཤར༔ སྤྲུལ་སྐུ་མ་ངེས་སྐུར་བཞེངས་ལ༔ དབང་བསྐུར་བྱིན་བརླབ་རྟེན་དུ་བཞུགས༔ རྩ་སྔགས་བརྗོད༔ དེ་ནས་དཀྱིལ་འཁོར་རྒྱན་རྣམས་བཀྲམ་ཞིང་བཀོད་པ་ནི༔ ཧཱུྃ༔ ཐེག་པའི་རྩེ་མོ་ཡས་ཕུབ་གདུགས་དང་ནི༔ ཡེ་ཤེས་ལྔ་ལྡན་ཚོན་གྱི་དྲྭ་མིག་ཅན༔ འཁོར་འདས་ཀུན་ཤོངས་བླ་བྲེེ་གུར་ཆེན་ལས༔ བསྟན་པ་འཛུགས་པའི་རྒྱལ་མཚན་བརྒྱད་དང་བཅས༔ འགྲོ་དྲུག་འདྲེན་ཕྱིར་དྲྭ་ཕྱེད་པཎ་ཕུར་དང་༔ ཤེས་རབ་གསུམ་ལྡན་དར་ཁང་གསུམ་རིམ་པ༔ དུག་གསུམ་འཇོམས་པའི་སྟག་གཟིག་རྒབ་བསྐོར་བྱས༔ མཛེས་སྡུག་བཀྲམ་པའི་མེ་ཏོག་ཕྲེང་བ་རྣམས༔ ཕོ་བྲང་བྱིན་འབེབ་རྒྱན་དུ་བརྟན་པར་བཞུགས༔ གདུགས་དྲ་མིག༔ བླ་བྲེ༔ ཡོལ་བ༔ རྒྱལ་མཚན༔ པཎ༔ འཕུར་མ༔ དར་ཁྲབ༔ དར་ཁང་༔ རྒབ་བསྐོར༔ མེ་ཏོག་ཆུན་འཕྱངས་རྣམས་བཀྲམ་མོ༔ དེ་ནས་མདའ་དང་༔ མེ་ལོང་ལས་བུམ༔ མཚམས་ཕུར་རྣམས་ཐོགས་ལ༔ ཧཱུྃ༔ སྐྱེ་ཤི་རྩད་གཅོད་དར་ཁྲབ་བཞི་དང་ནི༔ ཤེས་རབ་ཚུལ་ལྡན་རབ་ཏུ་འབིག་པའི་མདའ༔ ཚོགས་དྲུག་རང་གྲོལ་མེ་ལོང་བཞི་དང་ནི༔ རིགས་ལྔ་ཡེ་ཤེས་ལྔ་མཚོན་དར་སྣ་ལྔ༔ བག་ཆགས་ཀུན་བཀྲུས་ལས་བུམ་དམ་པ་དང་༔ བདུད་བཞི་ཚར་གཅོད་ཡེ་ཤེས་ཕུར་པ་བཞི༔ དཀྱིལ་འཁོར་བྱིན་འབེབ་རྒྱན་དུ་བརྟེན་པར་བཞུགས༔ ཞེས་བཀོད༔

དེ་ནས་སྨན་རཀ་གཏོར་གསུམ་མར་མེ་དང་བཞི༔ ཕྱི་ནང་མཆོད་པ་འབྱོར་ཚད་བཤམ༔ ཧཱུྃ༔ འཁོར་བ་ཡོངས་སྒྲོལ་དམ་རྫས་གཏོར་ཆེན་དང་༔ དུག་ལྔ་སེལ་བའི་བདུད་རྩི་ཨ་མྲྀ་ཏ༔ འགྲོ་དྲུག་དབྱིངས་སྒྲོལ་རཀྟ་དམར་གྱི་མཆོག༔ ཚོགས་དྲུག་རང་གྲོལ་ཕྱི་ནང་མཆོད་པའི་རྫས༔ མི་འགྱུར་བརྟན་པའི་རྡོ་རྗེ་ཨཱ་ཡུ་ཚེ༔ རྣམ་རྟོག་མུན་སེལ་ཡེ་ཤེས་མར་མེ་རྒྱས༔ རྟེན་འབྲེལ་ཕུན་ཚོགས་བརྒྱད་བརྒྱད་རིན་ཆེན་བརྒྱན༔ དཀྱིལ་འཁོར་བྱིན་འབེབས་མཆོད་པའི་རྫས་སུ་བཞུགས༔ དེ་ནས་རྡོར་དྲིལ༔ རྔ༔ ཌཱ་མ་རུ༔ རྐང་གླིང་༔ དུང་༔ པི་ཝང་ལ་སོགས་རོལ་མོ་རྣམས་ཐོགས་ལ༔ ཧཱུྃ༔ ཆོས་སྐུ་མི་དམིགས་རྡོ་རྗེ་སྐུ་འབར་དང་༔ ཆོས་སྒྲ་བསིལ་བའི་སིལ་སྙན་དྲིལ་བུ་དང་༔ སྟོང་གསུམ་སྒྲ་སྒྲོགས་ཆོས་སྒྲ་རྔ་མཆོག་དང་༔ མ་སྲིང་མཁའ་འགྲོ་འབོད་པའི་རྐང་གླིང་དང་༔ དམ་ཅན་མཁའ་འགྲོ་འདུ་བའི་ཌཱ་མ་རུ༔ ཚངས་པའི་གསུང་དབྱངས་ཆོས་ཀྱི་འབྲུག་སྒྲ་དུང་༔ རྩ་གསུམ་ལ་སོགས་མཆོད་པའི་རྟེན་དུ་བཞུགས༔ ཞེས་རོལ་མོ་རྣམས་བསྒྲགས་ཤིང་དཀྱིལ་འཁོར་བསྐོར༔ ས་མ་ཡ༔ དེ་ནས་ཡང་རྒྱུད་ལས༔ ཆས་ཞུགས་རྒྱན་འབུལ་རྟགས་གདབ་དང་༔ མངའ་གསོལ་གྲལ་བཤམ་བྱིན་དབབ་བོ༔ ཞེས་པས༔ རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་སྐུ་ལ་ཞི་ཁྲོའི་རྒྱན་སྤེལ་མར་གསོལ་ཏེ༔ རིན་པོ་ཆེའི་དབུ་རྒྱན་དང་ཐོར་ཚུག༔ ཅོད་པཎ༔ སྙན་ཆ་མགུལ་ཆུ༔ སེ་མོ་དོ༔ དཔུང་རྒྱན༔ ཕྱག་གདུབ༔ ཞབས་གདུབ་དོ་ཤལ༔ རུས་པའི་རྒྱན་དྲུག་དང་༔ དར་ཟབ་ཀྱི་སྟོད་གཡོགས་སྨད་དཀྲིས༔ དྲི་བཟང་བྱུགས་པའི་རིན་པོ་ཆེའི་ཕྲེང་བ་རྣམས་གཙོ་བོ་ནས་རིམ་གྱིས་གསོལ་ཏེ༔ ཚིག་འདིས་བསྐུལ་ལོ༔ ཧཱུྃ༔ རྣལ་འབྱོར་འབྲས་བུ་ལམ་ཞུགས་ཕྱིར༔ རྟགས་ནི་ཕྱག་རྒྱ་འདི་ལྟར་གསལ༔ དབུ་རྒྱན་ཅོད་པཎ་ཕྲེང་བ་དང་༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ སྟོད་གཡོགས་སྨད་དཀྲིས་ཤམ་བུར་ལྡན༔ ཕྱག་གདུབ་ཞབས་གདུབ་རབ་ཏུ་སྤྲས༔ རིན་ཆེན་རུས་པའི་རྒྱན་མཆོག་རྣམས༔ འདོད་ཡོན་མ་སྤང་རྒྱན་དུ་བཞེས༔ ཞེས་གསོལ༔ གིང་ཆས་གསོལ་བ་ནི༔ སྟག་ཤམ༔ རུས་རྒྱན༔ སྙིང་ཕྲེང་༔ གྲི་རྣམས་གཏད་ལ༔ ཧཱུྃ༔ འགྲོ་དྲུག་འཁོར་བའི་སེམས་ཅན་རྣམས༔ ཡེ་ཤེས་དྲུག་ཏུ་སྦྱོར་ཞིང་སྤོར༔ སྟག་ཤམ་རུས་རྒྱན་སྙིང་ཕྲེང་གྲི༔ རྡོ་རྗེ་གིང་ཆེན་སྐུ་ལ་གསོལ༔ ཞེས་ཆས་གོས་རྣམས་རིམ་པར་གསོལ༔ དེ་ནས་རྟགས་གདབ་པ་ནི༔ གིང་གི་ཆས་གོས་གསོལ་ཀྱང་ཆོག་སྟེ༔ ནན་ཏན་ཐུགས་རྗེ་མི་འགྱུར་བརྟན་པར་བྱ་བའི་ཕྱིར༔ རྐོང་བུ་གསུམ་དུ་རྟགས་གསུམ་ཐོགས་ཤིང་གདབ་པ་ནི༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དབང་ཆེན་ཡབ་ཡུམ་བྱིན་བརླབ་ཕྱིར༔ དཔལ་ཆེན་མཁའ་འགྲོ་གིང་གསུམ་དང་༔ རྣམ་དག་གཅིག་ཏུ་བསྲེས་པའི་ཕྱིར༔ ཞུན་ཆེན་རཀྟ་ཐལ་བའི་མཚན༔ སྔོན་གྱི་ཐ་ཚིག་རྟགས་ཀྱི་རྒྱ༔ ༀ་སརྦ་ཨཱ་ན་ལརྒ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་དང་༔ ཁྱད་པར་ལི་ཁྲིའམ༔ སིནྡྷུ་ར་ཆང་དང་སྦྱར་ལ༔ སྨིན་མཚམས་སུ་ཐིག་ལེ་བྱའོ༔ དེ་ནས་མངའ་གསོལ་ལ༔ ལས་ཀྱི་གཉེར་གཏད་པ་ནི༔ རྡོ་རྗེ་སློབ་དཔོན་ལ་ཞལ་སྐྱེམས་དྲངས་ཤིང་༔ རྒྱལ་ཐེབ་ཀྱིས་མངའ་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་མཆོག༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ ཀུན་བཟང་སྟོན་པར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཏེ༔ བཅུ་དྲུག་རྩ་བཟང་རིགས་དང་ལྡན༔ རྡོ་རྗེ་སློབ་དཔོན་དགྱེས་པ་སྐོང་༔ ཀུན་ཏུ་བཟང་མོར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་ཐུགས་ཀྱི་སྲས༔ དམ་ཆོས་བདུད་རྩིའི་ཆར་འབེབས་ཕྱིར༔ རྡོ་རྗེ་རྒྱལ་ཐེབ་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཡེ་ཤེས་སྤྱན་གྱིས་བསྒྲིབ་མེད་གཟིགས༔ དངོས་གྲུབ་བགེགས་ཀྱི་དྲོད་ཚད་འབྱེད༔ རྡོ་རྗེ་སྤྱན་མར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་དུས་ཀྱི་ཚོད་འཛིན་ཅིང་༔ ཐུགས་དམ་དུས་སུ་བསྐུལ་བའི་ཕྱིར༔ དུས་ཀྱི་ཚོད་འཛིན་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཕྱི་ནང་བར་ཆོད་མཚམས་གཅོད་ཅིང་༔ དངོས་གྲུབ་བགེགས་ཞི་བར་ཆད་ཟློག༔ རྡོ་རྗེ་མཚམས་པར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ འགྲོ་དྲུག་ཐུགས་རྗེས་འཛིན་ཅིང་སྒྲོལ༔ གཟུགས་ཕུང་ཡེ་ཤེས་ལྷ་ལ་སྟོབ༔ རྡོ་རྗེ་གིང་ཚོགས་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ལྷ་དང་བླ་མ་མཉེས་བྱའི་ཕྱིར༔ ལུས་ངག་ཡིད་གསུམ་གུས་པར་ལྡན༔ གསང་བའི་ཕྱག་ཚང་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བཟའ་བཏུང་གཡོས་མཁས་གཙང་སྦྲ་ལྡན༔ ཞལ་ཟས་རོ་མཆོག་བརྡ་སྦྱོར་ཕྱིར༔ རྡོ་རྗེ་བྱན་མོར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བླ་མ་ལྷ་ལ་རབ་གུས་ཤིང་༔ ཞལ་ཟས་ཚོགས་མཆོད་འབུལ་ལ་བརྩོན༔ རྡོ་རྗེ་ཕུད་བདག་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཕྱི་ནང་ཤན་འབྱེད་ངོ་མི་བསྲུང་༔ ཕྱོགས་མཚམས་ཐོ་བསྲུང་བརྡ་དོན་སྤྲད༔ རྡོ་རྗེ་བརྡ་སྦྱོར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བླ་མའི་བཀའ་བཞིན་བསྒྲུབ་པ་དང་༔ མཆེད་ལྕམ་ཀུན་དང་མཐུན་འཇུག་ཕྱིར༔ རྡུལ་ཕྱག་སྐྱེས་བུར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ གསལ་དག་འཛབ་མཁས་བརྩོན་དང་ལྡན༔ དངོས་གྲུབ་རྣམ་གཉིས་བསྒྲུབ་བྱའི་ཕྱིར༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཞེས་སྐྱེམས་དྲངས་ཤིང་༔ རང་རང་གི་མངའ་གསོལ་ལྟར་ལས་ཀྱི་གཉེར་གཏད་པར་བྱའོ༔

དེ་ནས་གྲལ་བཤམ་པ་ནི༔ རྡོ་རྗེ་སློབ་དཔོན་གོང་གྲལ༔ གཡས་སུ་རྡོ་རྗེ་རྒྱལ་ཐེབ་བཞི༔ གཡོན་དུ་ཡུམ་ཀུན་ཏུ་བཟང་མོའི་བུམ་འཛིན་བཞི་འམ་ལྔ༔ ཤར་དུ་རྡོ་རྗེ་སྤྱན་མ༔ ལྷོར་རྡོ་རྗེ་དུས་འཛིན༔ ནུབ་ཏུ་རྡོ་རྗེ་མཚམས་པ་བཞི༔ བྱང་དུ་རྡོ་རྗེ་གིང་ཆེན༔ ཤར་ལྷོར་ཕྱག་ཚངས༔ ལྷོ་ནུབ་ཏུ་བྱན་ཕོ་བྱན་མོ༔ ནུབ་བྱང་དུ་ཕུད་བདག༔ བྱང་ཤར་དུ་བརྡ་སྦྱོར་དང་༔ རྡུལ་ཕྱགས༔ དེ་དག་གི་བར་མཚམས་རྣམས་སུ་མཆེད་ལྕམ་རྣམས་འདུག་གོ༔ དེ་དག་གྲལ་ལ་བཞུགས་ཤིང་ཚིག་འདིས་བསྐུལ་ལོ༔ ཧཱུྃ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དང་༔ རྡོ་རྗེ་རྒྱལ་ཐེབ་གཟུངས་མར་བཅས༔ མ་ལུས་མཆེད་དང་ལྕམ་དྲལ་རྣམས༔ རང་རང་གྲལ་དུ་བཞུགས་སུ་གསོལ༔ ཞེས་བརྗོད༔ ལྟ་སྤྱོད་དམ་ཚིག་མི་མཐུན་པ་ནི་བསྒྲུབ་པའི་བར་ཆད་འགྱུར་བས་སྤང་བར་བྱའོ༔ རྡོ་རྗེའི་གྲལ་བཀོད་ནས༔ སྟན་མི་དཀྲུགས༔ གྲལ་མི་སྤོ༔ དེ་ནས་བྱིན་འབེབས་པ་ནི༔ སྤོས་བསྲེག༔ རོལ་མོ་དཀྲོལ༔ མདའ་དར་གཡབ༔ དཀྱིལ་འཁོར་བསྐོར་ཞིང་བྱིན་འབེབས་ལོག་ནས་བྱུང་བ་ལྟར་བྱེད་དོ༔

དེ་ནས་སྟ་གོན་གྱི་དུས་སུ་ལྷ་ནམ་མཁའ་ལ་བཏེགས་པ་དེ་ཉིད༔ ཛཿཧཱུྃ་བཾ་ཧོས་ས་ལ་ཕབ་ལ༔ དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྲེས་ལ་ཡེ་ཤེས་ཀྱི་རང་བཞིན་དུ་བྱའོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་མཆེད་རྣམས་ལ་བསླབ་བྱ་བསྟན་པ་ནི༔ རྒྱུད་ལས༔ ཐམས་ཅད་གྲལ་འདུག་བསླབ་བྱ་བསྟན༔ ཞེས་པས༔ འདི་ལྟར་དུ་བསྟན་པར་བྱའོ༔ འོ༔ སྐལ་བ་དང་ལྡན་པའི་རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་འདིར་འདུས་པ༔ དཀྱིལ་འཁོར་དང་མར་མེ་གཅིག་ལ་བལྟ་བ་ཁྱེད་རྣམས་ཉོན་ཅིག༔ གསང་སྔགས་རྡོ་རྗེ་ཐེག་པ་འདི་འབྲས་བུའི་ཆོས་ཡིན་པས་བཀའ་ལ་ཉན་ཅིང་དམ་ཚིག་དང་ལྡན་པས་བསྒྲུབ་པར་བྱའོ༔ དེ་ཡང་སྒྲུབ་པ་ཆེན་པོའི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས༔ རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ༔ དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་བཟུང་ཞིང་༔ མཆེད་དང་ལྕམ་དྲལ་རྣམས་ནི་ལྷ་དང་ལྷ་མོར་ཟུངས་ཤིག༔ འདོད་ཡོན་གྱི་ལོངས་སྤྱོད་རྣམས་ནི་ཚོགས་ཀྱི་འཁོར་ལོར་བཟུང་ཞིང་༔ གནས་མཆོག་འདི་ཡང་འོག་མིན་གྱི་གནས་སམ༔ སངས་རྒྱས་ཀྱི་ཞིང་དུ་མོས་པ་གྱིས༔ གནས་ཁང་འདིའང་རིན་པོ་ཆེའམ་ཡེ་ཤེས་ལྔའི་གཞལ་ཡས་ཁང་རྒྱ་ཁྱོན་ཕུན་སུམ་ཚོགས་པར་ཤེས་པར་གྱིས་ཤིག༔ སྤྱོད་ལམ་དང་ལུས་ངག་གི་རྣམ་འགྱུར་ཇི་ལྟར་མཐོང་ཡང་༔ འགགས་མེད་ཡེ་ཤེས་ཀྱི་རོལ་པས་ཆོས་སྐུ་སྐྱེ་མེད་ཀྱི་རང་རྩལ་དུ་ཤེས་པར་གྱིས་ཤིག༔ མདོར་ན་ཅིར་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་ལ་མ་ཡེངས་པར་ཟུངས་ཤིག༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རོལ་པ་ལ་མ་ཡེངས་པར་ཟུངས་ཤིག༔ གྲགས་སྟོང་ཆོས་ཉིད་ཀྱི་རོལ་པ་ལ་མ་ཡེངས་པར་ཟུངས་ཤིག༔ ཐ་མལ་གྱི་འཁྲུལ་སྣང་ལོང་གཏམ་ངན་རྟོག་གི་བསམ་པ་རང་ཁ་མ་ཐམས་ཅད་སྤོངས་ཤིག༔ བདུད་དང་བར་ཆད་ཀྱིས་གླགས་ཚོལ་བ་ནི་མང་ངོ་༔ དངོས་གྲུབ་ཐོབ་ཁར་སད་ལ་མ་སྐུར་ཅིག༔ སློབ་དཔོན་དང་རྒྱལ་ཐེབ་རྣམས་ཀྱིས་ཡབ་ལྟ་བུའི་འདུ་ཤེས་བསྐྱེད་ལ༔ བརྩེ་བའི་ཐུགས་རྗེས་མི་ཤིས་པ་རྣམས་ལ་ལེགས་པར་སློབས་ཤིག༔ མཆེད་ལྕམ་རྣམས་ཀྱིས་ཀྱང་སློབ་དཔོན་གཙུག་གི་ནོར་བུ་ལྟར་ཁུར་ལ༔ ཅི་གསུང་ཐམས་ཅད་བསྒྲུབ་ལ་ལུས་ངག་ཡིད་གསུམ་ཚུལ་དང་མཐུན་པར་གྱིས་ཤིག༔ མཆེད་དང་ལྕམ་དྲལ་རྣམས་ཀྱང་༔ དགོས་མཛའ་དང་༔ དགོས་མཐུན་དང་༔ ངན་སྡེབ་དང་༔ ཕྱོགས་རིས་དང་༔ ཉེ་རིང་དང་༔ ཟུར་ཟ་དང་༔ འགྲན་སེམས་དང་༔ ལོག་ལྟ་དང་༔ ཕྲག་དོག་དང་༔ ལྐོག་འབུག་དང་༔ ངན་སེམས་དང་༔ ཁ་འཛིངས་དང་༔ འཐབ་རྩོད་དང་༔ མདོར་ན་ཆོས་དང་མི་མཐུན་ཞིང་དམ་ཚིག་དང་འགལ་བའི་ལས་ཐམས་ཅད་མ་བྱེད་ཅིག༔ གཟུངས་མ་རྣམས་ཀྱིས་ཀྱང་༔ མཛའ་སྡུག་དང་༔ མཉམ་འགྲོགས་དང་༔ བརྙས་སེམས་སྤོངས་ལ༔ ངོས་དགའ་དང་༔ ཆགས་སེམས་དང་༔ མིག་སེར་དང་༔ ཕྲག་དོག་རྣམས་སྤོངས་ལ༔ གང་ལ་གང་དགྱེས་པའི་བཞེད་པ་རྣམས་སྐོངས་ཤིག༔ གཞན་ཡང་འཛབ་ཀྱི་སྒྲ་མ་བཅག་ཅིག༔ ཆང་དང་གཉིད་དབང་དང་༔ ལེ་ལོ་དང་ཚོད་ཡོད་དང་༔ བྲེ་མོའི་གཏམ་དང་༔ འཁྲུལ་རྟོག་ངན་རྟོག་ལ་སོགས་པ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་གཡེངས་པའི་ལམ་དུ་མ་བཏང་བར༔ ཉིན་མཚན་མེད་པར་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག༔ དུས་སྐད་ཅིག་ཀྱང་གཏན་གྱི་འདུན་མ་བསྒྲུབ་པའི་དུས་ཡིན་པས༔ བརྩོན་འགྲུས་དང་སྙིང་རུས་དད་མོས་ཆེ་བ་རྣམས་དངོས་གྲུབ་ཐོབ་ཅིང་འཚིངས་པ་ཡིན་པས་འབད་པ་ཐོན་ཅིག༔ རྒྱ་གར་དུ་ཚོམ་བུ་ཚོགས་སྒྲུབ་བྱ་བ་དང་༔ བོད་དུ་སྒྲུབ་ཆེན་དབང་སྒྲུབ་བྱ་བ་ཐམས་ཅད་འདུས་ཤིང་བསྒྲུབ་པ་ཟབ་ལ་མྱུར་བ༔ བྱིན་རླབས་དང་དངོས་གྲུབ་ཆེ་བ༔ དཀྱིལ་འཁོར་གཅིག་ཏུ་མཆེད་ལྕམ་མང་པོས་སངས་རྒྱས་དུས་གཅིག་ལ་བསྒྲུབ་ཅིང་༔ བསྒྲུབ་པ་ཐོན་ནས་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བས༔ སྨིན་གྲོལ་དུས་གཅིག་ལ་འཛོམས་ཤིང་༔ བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པ་དབང་པོ་ཡང་རབ་རྒྱལ་པོ་ཨིནྡྲ་བྷཱུ་དྷི་ལྟ་བུ་འཁོར་བ་མ་སྤངས་སྐད་ཅིག་ལ་སངས་རྒྱས་པའི་བསྒྲུབ་པ་དང་ཆོས་ཡིན་པས༔ ལུས་ངག་ཡིད་གསུམ་དད་པའི་ཤུགས་ཕྱུངས་ལ༔ བརྩོན་འགྲུས་ཀྱིས་ལྕགས་བྲོབ༔ སྙིང་རུས་ངར་སྐྱེད༔ དུས་ཡང་ཡང་དབང་བསྐུར་ཟབ་མོ་འདི་ལྟ་བུ་དང་འཕྲད་པར་དཀའོ༔ ད་ལན་འབད་པ་སྙིང་ནས་ཐོན་ཅིག༔ གལ་ཏེ་བདག་གི་བརྩེ་བའི་སེམས་ཀྱིས་བཀའ་བསྒོས་པ་ལས་འདའ་བ་དེ་ནི་ཚོགས་མ་བསགས་ཤིང་སྐལ་བ་མེད་པས༔ བདུད་ཀྱི་དབང་དུ་གྱུར་ཅིང་དངོས་གྲུབ་མི་ཐོབ་པས༔ ལུས་ངག་ཡིད་གསུམ་སྒྲིམས་ཤིག༔ སློབ་དཔོན་བྱམས་པའི་ངག་དང་བདེ་གཤེགས་རྒྱལ་བའི་བཀའ་ལ་ཉན་པ་རྣམས༔ འདི་ཕྱི་གཉིས་ཀ་འཚིངས་པ་ཡིན་པས༔ མི་བརྗེད་དྲན་པས་ཟུངས་ལ་སྙིང་ལ་ཞོག་ཅིག༔ ཞོག་ཅིག༔ ཅེས་ཡང་ནས་ཡང་དུ་བཀའ་ནན་ཆེ་བར་བྱའོ༔ དེ་ནས་ཡང་རྒྱུད་ལས༔ མཎྜལ་འབུལ་ལ་ཞུ་བ་ཕུལ༔ དཀྱིལ་འཁོར་བསྐོར་ལ་སྒོ་བཞི་དབྱེ༔ ཞེས་པས༔ མཎྜལ་ཕུལ་ལ་འདི་སྐད་ཞུའོ༔ ཀྱེ་ཧོ་འགྲོ་མགོན་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ནི༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ ཞེས་ལན་གསུམ་ཞུས་ལ༔ དེར་རྒྱལ་ཐེབ་ཀྱིས་རྡོ་རྗེ་བཟུང་༔ སྲིན་ལག་སྦྲེལ་ལ༔ ལུ་གུ་རྒྱུད་ཀྱིས་དཀྱིལ་འཁོར་ལན་གསུམ་བསྐོར༔ ལས་བྱང་གི་བརྡའ་སྒོ་དབྱེ༔ ཤར་སྒོ་དབྱེ་བར་བསྒོམ༔ རྡོ་རྗེ་བྱིན༔ ཞི་བའི་ལས་འགྲུབ༔ ལྷོ་སྒོ་དབྱེ་བར་བསྒོམ༔ རིན་ཆེན་བྱིན༔ རྒྱས་པའི་ལས་འགྲུབ༔ ནུབ་སྒོ་དབྱེ་བར་བསྒོམ༔ པདྨ་བྱིན༔ དབང་གི་ལས་འགྲུབ༔ བྱང་སྒོ་དབྱེེ་བར་བསྒོམ༔ རྒྱ་གྲམ་བྱིན༔ དྲག་པོའི་ལས་འགྲུབ་པར་བསམ་མོ༔ རྒྱུད་ལས༔ རྟགས་བཞི་དངོས་གྲུབ་བླང་བར་བྱ༔ ཞེས་ཕྱག་མཚན་བཞི་གཏད་ལ༔ སྒོ་བཞི་ནས་ཕྱག་གྲངས་མེད་པར་འཚལ་ལོ༔ དེ་ནས་རྒྱུད་ལས༔ དཀྱིལ་འཁོར་ལ་ནི་བླ་མ་གཞུགས༔ རླུང་གི་འབྱིན་འཇུག་ལན་གསུམ་གྱིས༔ སློབ་མ་སྲས་སུ་སྟ་གོན་བྱ༔ ཞེས་པས༔ བླ་མས་རླུང་གི་འབྱིན་འཇུག་བྱས་ལ༔ བླ་མ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ་སྦྱོར་བ་བྱེད་པར་བསམ༔ རང་གི་ཐུགས་ཀར་སློབ་མ་བསྟིམ༔ རྡོ་རྗེའི་བུ་ག་ལས་ཐོན་ནས་པདྨར་གཞུག༔ ཡུམ་གྱི་རྩིབས་མའི་བར་ནས་ཐོན་ལ༔ མདུན་གྱི་བར་སྣང་ལ་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་གྱི་སྲས་སུ་གྱུར་པར་བསྒོམས་ལ་ངག་ཏུ༔ ད་ལན་རིགས་ཐམས་ཅད་འདུས་པའི་ངོ་བོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་སྒོམས༔ དེ་ཡང་སྙིང་ནང་སངས་རྒྱས་བཞི་བཅུ་རྩ་གཉིས༔ དུང་ཁང་ནང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་མོས་པས་གསལ་བར་སྒོམས་ཤིག༔ འོ་བུ་ཁྱོད་དེང་ནས་རྒྱལ་བའི་སྲས༔ གསང་སྔགས་དབང་གི་སྣོད་ཡིན་ནོ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བདུད་རྩི་བླུད་ལ་བློ་སྤྲོ་བསྐྱེད༔ ཅེས་པས༔ བདུད་རྩི་ལ་རྩ་སྔགས་བཏབ་ཏེ༔ མཆེད་ལྕམ་རྣམས་ཀྱི་ངག་དུ་བླུད༔ སྙིང་གར་ཡི་གེ་ཧཱུྃ་རེ་རེ་བྲིས་ལ་མཚན་པར་སྒོམས༔ སློབ་མ་ཁྱེད་རྣམས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ འབྲས་བུ་ལམ་དུ་བྱེད་པ་སྨིན་བྱེད་ཀྱི་དབང་བཞི་བསྐུར་ཞིང་༔ གྲོལ་བྱེད་ཀྱི་སྡོམ་པ་བཞི་ཉམས་སུ་ལེན་པ་ནི༔ ཉན་ཐོས་ལྟར་བསྐལ་པ་གྲངས་མེད་གསུམ་ལ་སངས་རྒྱས་རེ་བ་མིན་ལ༔ གསང་སྔགས་ཕྱི་པ་ཀྲི་ཡོག་ལྟར༔ མི་ཚེ་བདུན་ནམ༔ ལྔའམ༔ གསུམ་དུ་སངས་རྒྱས་འདོད་པའང་མ་ཡིན་པས༔ ད་ལན་གསང་སྔགས་བླ་མེད་ཀྱི་དབང་ལམ་ཟབ་མོ་བསྐྱེད་རྫོགས་ཟུང་འཇུག༔ སྨིན་གྲོལ་དུས་མཉམ༔ ཚེ་གཅིག་ལུས་གཅིག་གིས་འདུག་ས་འདི་འམ༔ གནས་ཁང་འདི་ཉིད་དམ༔ འདུག་ས་གདན་ཐོགས་གཅིག་ཏུའམ༔ སྐད་ཅིག་ལ་སངས་རྒྱ་བའི་གདམས་པ༔ དབང་བསྒྲུབ་སྦྲག་མ༔ རྒྱུ་འབྲས་ལས་འདས་པའི་ཆོས་དང་༔ དབང་སྡོམ་པའི་ཆོས་ཡིན་པས་བློ་ཆེ་བར་སྐྱེད༔ སྙིང་ནས་དགའ་བ་བསྒོམས༔ བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་བསགས༔ སྒྲིབ་པ་སྦྱོངས་བ་རྣམས་མིན་པ༔ བློ་ཆུང་ཐེག་དམན་གང་རུང་རུང་རྣམས་ཆོས་འདི་དང་མི་འཕྲད༔ གལ་ཏེ་འཕྲད་ཀྱང་༔ མོས་པ་དང་༔ དད་པ་བློར་ཤོང་དཀའ་བས༔ སྙིང་གི་དཀྱིལ་ཞེ་ཐག་པ་ནས་སྤྲོ་བ་བསྐྱེད་ཅིང་༔ དགའ་བ་ཡང་ཡང་བསྒོམ་པར་བྱས་ལ༔ དེ་ནས་བར་དེར་བསྙེན་པའི་དམིགས་པ་འབོགས་ལ༔ ལུས་བསྐོར་བ་དང་འཆམས་སྟབས༔ ངག་སྙིང་པོའི་འཛབ་བཟླ་བ་ནི༔ ༀ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཞི་ཁྲོ་སྤྱི་དྲིལ་དུ་བཟླ་ཞིང་༔ སེམས་ནི་དཀྱིལ་འཁོར་གསུམ་དང་ཁྱེར་སོ་གསུམ་དང་མ་བྲལ་བར་རྒྱུན་དུ་སྣང་སྟོང་གྲག་སྟོང་དྲན་སྟོང་རིག་སྟོང་དང་མི་བྲལ་བར་བྱའོ༔ ཡང་རྒྱུད་ལས༔ བར་དེར་འཛབ་དབྱངས་ཁྲི་འབུམ་བཟླ༔ ཉམས་སྐྱོང་ཤེས་པ་ཧུར་ཆོད་བཏང་༔ ཞེས་གསུངས་པས༔ དཀྱིལ་འཁོར་གྱི་གཙོ་བོ་གང་བྱེད་དམ༔ ཞི་ཁྲོ་སྦྲེལ་མ་གང་རུང་གི་འཛབ་དབྱངས་སུ་འཁྲབས་པ་དང་༔ ལྡེང་བ་དང་༔ ཉམས་སྐྱོང་བར་བྱ་ཞིང་༔ ཐམས་ཅད་ཀྱི་རྟགས་ལུས་ངག་ལ་ཕེབ་པའི་དུས་སུ༔ རྒྱུད་ལས༔ མཎྜལ་ཕུལ་ལ་ཡེ་ཤེས་དབབ༔ ཅེས་པས༔ མཎྜལ་འགྲིམ་བསྡུས་བྱས་ལ་འབུལ༔ བདུད་རྩི་བཟང་པོ་ཨ་མྲྀ་ཏའི་ཁ་ཚར་བཏབ་ལ་སྦྱིན༔ རྒྱན་དྲུག་ལ་སོགས་ཆས་བཟང་པོ་དང་རྒྱན་བཏགས༔ ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་གྱི་སྤོས་ཀྱིས་བདུག༔ ཏིང་ངེ་འཛིན་དང་རོལ་མོ་སྣ་ཚོགས་ཕྱག་རྒྱ་སྤྱོད་ལམ་ངོ་མཚར་ཅན་གྱིས་ཡེ་ཤེས་དབབ་པ་ནི༔ བླ་མས་དམིགས་པ་གསལ་གདབ་ཅིང་༔ སློབ་བུ་རྣམས་ཡར་ལོངས་ལ༔ ལག་པ་སྙིང་ཁར་ཐལ་མོ་སྦྱར༔ མིག་བཙུམ་སྐད་ཅིག་གིས་ལུས་སེམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ཙམ༔ ནུ་མ་དང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོ་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ གཡས་ཅང་ཏེའུ༔ གཡོན་དྲིལ་བུ་འཛིན་པ༔ སྐུ་གར་ཐབས་སུ་ཁྱུག་ཁྱུག་མཛད་པ་ཞིག་སྒོམས༔ བྱིན་འབེབས་བྱ གཞན་ཡང་མདུན་གྱི་ནམ་མཁའ་ནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་༔ ཁྱད་པར་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམ་ལ༔ ལུས་ཀྱི་རྒྱན་གོས་ཕུད༔ གཅེར་བུར་ཕྱུངས༔ ངོ་ཚ་དང་ཕྲོལ༔ གཅེས་འཛིན་དང་ཕྲོལ༔ ངག་ཏུ༔ ༀ་ཨཱཿཧཱུྃ༔ གུ་རུ་དྷཱེ་ཝ་དྷཱ་ཀི་ནི་སིདྡྷི་ཧཱུྃ༔ ཞེས་པའམ༔ བྷོ་དྷི་ཙིཏྟའི་འཛབ་ཟློས་ཤིག༔ དམིགས་པ་གཏད་མེད་དུ་སྤར༔ རོལ་མོ་སྦིར༔ དྲི་ཞིམ་བདུག༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཨ་ཙ་ར་པཎྜི་ཏ་གིང་ཕོ་མོ་ལ་སོགས་པ་ཆ་ལུགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས༔ ཉམས་གསུམ་ནི༔ ལུས་འདར་བ༔ འཕར་བ༔ འཁྲབས་པ༔ ངག་འགྱུར་དང་༔ གླུ་དབྱངས་ལེན་པ༔ སེམས་ལ་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་ཡེ་ཤེས་ཕེབས་རྟགས་མ་ངེས་པ་མང་པོ་འབྱུང་ངོ་༔ དབང་གི་དངོས་གཞི་ཡང་འདི་ཡིན་པས༔ འདི་ལ་བྱིན་མ་ཕེབ་ཀྱི་བར་དུ་བསྐྱར་ཞིང་དབབ་པར་བྱའོ༔ དེ་ལྟར་ཡང་རྒྱུད་ལས༔ བདུད་རྩི་བྱིན་ལ་དམིགས་པ་སྤར༔ རྒྱན་དྲུག་ལ་སོགས་ཆས་དག་དང་༔ ཏིང་འཛིན་རྫས་དང་རོལ་མོ་སོགས༔ ཕྱག་རྒྱ་སྤྱོད་ལམ་ངོ་མཚར་གྱིས༔ ཡེ་ཤེས་མ་ཕེབ་བར་དུ་དབབ༔ རྟགས་གསུམ་ཤར་བས་ཀློད་ལ་བཞག༔ ཅེས་གསུངས་པས༔ དེའི་རྗེས་སུ་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡང་རྒྱུད་ལས༔ དེ་ནས་མིག་དར་བཅས་པ་ཡིས༔ ཕྱག་འཚལ་ཐལ་མོ་སྙིང་ཁར་སྤྱར༔ མེ་ཏོག་དཀྱིལ་འཁོར་དབུས་སུ་དོར༔ རིགས་ཀྱི་མཚན་བཏགས་མིག་དར་དབྱེ༔ བླ་མས་གཟེངས་བསྟོད་སྒྲུབ་ལུང་ཕོག༔ ཅེས་གསུངས་པས་དཀྱིལ་འཁོར་ཤར་སྒོ་ནས་ཕྱག་འཚལ༔ ལངས་ལ་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་བཟུང་༔ དཀྱིལ་འཁོར་དབུས་ཀྱི་གཙོ་བོར་གཏད་ལ་ཕུལ་བ་ནི༔ ཀྱེ༔ ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ བསྙེན་བསྒྲུབས་བསྒོམས་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་མེ་ཏོག་ཕོག༔ ཅེས་བརྗོད་པ་དང་༔ ཡི་དམ་གང་ཡིན་དེའི་གསང་མཚན་བཏགས་པ་ནི༔ དབུས་སུ་བབས་ན་དུ་མ་རང་གྲོལ༔ ཆོས་དབྱིངས་རང་གྲོལ༔ དྲི་མེད་ཀུན་ཁྱབ༔ རྒྱལ་བ་སྤྱི་བླུགས༔ ཡེ་མཉམ་འགྱུར་མེད༔ སྤྲོས་མེད་ཁྱབ་གདལ༔ དམིགས་མེད་རང་བབས༔ རྩོལ་མེད་བྱ་བྲལ༔ འཁོར་འདས་སྤྱི་དཔལ༔ མ་བཅོས་ལྷུན་གྲུབ༔ བསམ་རྫོགས་སོ་མ༔ རང་ཆས་ཀུན་བཟང་༔ རིག་པ་ཡེ་ཤེས༔ ཐིག་ལེ་འགྱུར་མེད༔ ཀུན་བཟང་རྒྱལ་པོ༔ དམིགས་མེད་མཚན་བྲལ༔ དེ་ལ་སོགས་ཏེ་ཆོས་སྐུ་འགྱུར་བ་མེད་པའི་མིང་བཏགས་སོ༔ ༈ ཤར་དུ་བབ་ན༔ གདོད་མའི་རང་མདངས༔ རྡོ་རྗེ་རང་གྲོལ༔ རྡོ་རྗེ་སེམས་དཔའ༔ འགྱུར་མེད་རྡོ་རྗེ༔ རྡོ་རྗེ་སྲས་འབར༔ རྡོ་རྗེ་སྙིང་པོ༔ འོད་གསལ་རྡོ་རྗེ༔ རྡོ་རྗེ་ལེགས་གྲུབ༔ གསལ་སྟོང་འཛིན་མེད༔ རང་བྱུང་རང་གསལ༔ ལྷུན་གྲུབ་སྙིང་པོ༔ དྲི་མེད་འོད་གསལ༔ རྡོ་རྗེ་རིགས་མཆོག་དེ་ལ་སོགས་ཏེ་རྡོ་རྗེའི་རིགས་ལས་དྲངས་ཏེ་བཏགས་སོ༔

༈ ལྷོར་བབས་ན༔ རིན་ཆེན་རྒྱལ་པོ༔ རིན་ཆེན་འབྱུང་གནས༔ གཉིས་མེད་ལྷུན་གྲུབ༔ འདོད་དོན་རང་རྩལ༔ དཔལ་འབྱོར་ཕུན་ཚོགས༔ ཡོན་ཏན་རང་ཤར༔ ཚོགས་གཉིས་རྒྱལ་པོ༔ ཡིད་བཞིན་རྩེ་མོ༔ དགོས་འདོད་ཀུན་འབྱུང་༔ དགོངས་པ་ཡེ་མཉམ༔ ཡེ་ཤེས་རང་གསལ༔ གང་ཤར་མཉམ་ཉིད༔ འབད་མེད་ཀུན་གྲོལ༔ ཡོན་ཏན་རྒྱལ་པོ༔ དེ་ལ་སོགས་པ་རིན་ཆེན་རིགས་ལས་དྲངས་ཏེ་བཏགས་སོ༔ ༈ ནུབ་ཏུ་བབ་ན༔ པདྨ་ཀུན་འབྱུང་༔ པདྨ་དྲི་མེད༔ པདྨ་འོད་གསལ༔ པདྨ་ཀློང་ཆེན༔ པདྨ་གསལ་ཡངས༔ པདྨ་རྒྱལ་པོ༔ བདེ་ཆེན་རྒྱལ་པོ༔ བདེ་ཆེན་དྲི་མེད༔ བདེ་ཆེན་ཟད་མེད༔ བདེ་ཆེན་ཀུན་ཁྱབ༔ བདེ་ཆེན་ཆགས་མེད༔ བདེ་ཆེན་ལྷུན་གྲུབ༔ ཀློང་གསལ་དྲི་མེད༔ བདེ་བ་རོལ་ཁྱ བ༔ སོར་རྟོགས་དོན་ཤར༔ མཐའ་བྲལ་བློ་འདས༔ སྐུ་གསུམ་རང་ཆས༔ རང་གྲོལ་བརྡལ་བ༔ པདྨ་རིག་རྩལ༔ སྣང་བ་མཐའ་ཡས༔ དེ་ལ་སོགས་པ་པདྨའི་རིགས་ལས་དྲངས་ཏེ་བཏགས་སོ༔

༈ བྱང་དུ་བབས་ན༔ ཚོགས་དྲུག་རང་གྲོལ༔ ཀརྨ་དོན་གྲུབ༔ ཕྲིན་ལས་ཐོགས་མེད༔ གང་ཤར་ལྷུན་གྲུབ༔ རང་བྱུང་རང་རྩལ༔ བྱ་རྩོལ་འབད་མེད༔ བྱ་གྲུབ་རོལ་པ༔ བདག་གཞན་དོན་གྲུབ༔ མ་སྤང་ལྷུན་རྫོགས༔ ཀརྨ་རིགས་རྩལ༔ ཀརྨ་ཕྲིན་ལས༔ དོན་ཡོད་གྲུབ་པ༔ སྣ་ཚོགས་རང་གྲོལ༔ དེ་ལ་སོགས་ཏེ་ཀརྨའི་རིགས་ལས་དྲངས་ཏེ་བཏགས་སོ༔ གཞན་ཡང་ལྷའི་རིགས་དང་སྦྱར་ཞིང་༔ ཕོ་མོ་རྣམས་ལ་གང་འོས་སུ་བཏགས་པ་ཤེས་པར་གྱིས་ཤིག༔ དེ་ནས་བླ་མས་རྡོ་རྗེ་ཐོགས་ལ༔ བཛྲ་ཙཀྵྱུ་པྲ་ཝེ་ཤ་ཡ་ཕཊཿ དེ་ནས་མིག་དར་ཕྱེ༔ ཅོད་པཎ་མགོ་ལ་བཏགས་ཤིང་འདི་སྐད་དོ༔ ཧོ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེང་ནས་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པཎ་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག༔ ཅེས་བརྗོད་ལ༔ འོ༔ རིགས་ཀྱི་བུ་དང་བུ་མོ་ཆེ་གེ་མོ་ཁྱེད་རྣམས་མེ་ཏོག་ཅོད་པཎ་ཕྱོགས་བཞི་དབུས་དང་ལྔ་གང་ཡིན་གྱི་ཕྱག་མཚན༔ དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ༔ ལྷོར་རིན་པོ་ཆེ༔ ནུབ་ཏུ་པདྨ༔ བྱང་ཏུ་རྒྱ་གྲམ༔ ཞལ་མདོག་ཀྱང་དབུས་མཐིང་ག༔ ཤར་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ རིགས་བུདྡྷ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ གང་རུང་ལས་མ་གཡོས་པས༔ ཕྱོགས་དང་གསང་མཚན་མཐུན་པའི་ལྷ་གང་ཡིན་བསྒོམ༔ སྙིང་པོ་ཡང་ཐ་དད་དམ༔ ཞི་ཁྲོ་རིགས་འདུས༔ བྷོ་དྷི་ཙིཏྟ༔ ཡི་གེ་བརྒྱ་པ༔ ཧཱུྃ་སྒྲུབ་ལྟ་བུ་འདི་ཟློས་ཤིག་འདི་ནས་གལ་ཏེ་ཚེ་འཕོས་ན་ཡང་༔ དབུས་སྟུག་པོ་བཀོད་པ༔ ཤར་མངོན་པར་དགའ་བ༔ ལྷོ་དཔལ་དང་ལྡན་པ༔ ནུབ་བདེ་བ་ཅན༔ བྱང་ལས་རབ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་རྣམ་པར་དག་པ་ན་སངས་རྒྱས་ནས་འཁོར་བ་མ་སྟོང་གི་བར་དུ༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ༔ ཞེས་ལུང་བསྟན་བརྗོད༔ ཡང་རྒྱུད་ལས༔ ལྷ་ཡི་རྣམ་དག་དཀྱིལ་འཁོར་གྱི༔ རྣམ་དག་ལ་སོགས་དུས་བསྟུན་བཤད༔ ཅེས་པས༔ ལྷ་གང་ཡིན་གྱི་རྣམ་དག་དང་༔ དཀྱིལ་འཁོར་གང་ཡིན་གྱི་རྣམ་དག་མཐོང་བ་རང་གྲོལ་ལྟར་རིག་པས་བཤད་ཅིང་༔ རབ་འབྲིང་ཞུ་བ་པོ་སྣོད་ཀྱི་དབང་པོ་དང་སྦྱར་ཏེ༔ རྒྱུད་ལས་ཀྱང་༔ རྒྱས་བསྡུས་འགྲོ་བའི་བློ་དང་སྦྱར༔ ཞེས་གསུངས་སོ༔ ཡང་རྒྱུད་དེ་ཉིད་ལས༔ བླ་མ་ཉིད་ལ་ཕྱག་འཚལ་ནས༔ དྲིན་ལན་སྐྱེམས་དང་མཎྜལ་ཕུལ༔ ཞེས་གསུངས་པས༔ ཀུན་གྱིས་མཎྜལ་འབུལ༔ ཞལ་སྐྱེམས་དྲང་བར་བྱའོ༔ དེར་བླ་མས༔ འོ༔ ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་མ་མཐོང་བས༔ ཁམས་གསུམ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱི༔ ཁར་སོང་ཕན་ཆད་ཤིན་ཏུ་ཅོལ་ཆུང་༔ མི་ཚེ་སྟོང་ཟད༔ བྱས་པ་དོན་མེད་དེ་ཙམ་བྱས༔ ད་ནི་དཀྱིལ་འཁོར་འདིར་ཚུད་པ་འདིས་ད་ལྟ་ཤི་ཡང་བདེ་བ་ཆེན་པོར་འཚང་རྒྱ་བ་ཡིན་པས་སྤྲོ་བ་སྒོམས་ཤིག༔ ཅེས་བརྗོད་ལ༔ དབང་དངོས་གཞི་ལ་འཇུག་པར་བྱའོ༔ དབང་གི་སྔོན་འགྲོ་གསལ་བའི་སྒྲོོན་མེ་ལྟ་བུ་འདི་མེད་ན༔ གཟུགས་ལ་མགོ་མེད་པ་དང་འདྲ་སྟེ༔ རྒྱུད་ལས༔ དབང་བཞི་ཀུན་གྱི་སྔོན་ཉིད་དུ༔ སྔོན་འགྲོ་འདི་ཉིད་མེད་པ་ན༔ ལུས་ལ་མགོ་བོ་མེད་དང་མཚུངས༔ ཞེས་པས༔ སྤྲོས་བཅས༔ སྤྲོས་མེད༔ ཤེས་རབ་ཡེ་ཤེས༔ ཚིག་དབང་༔ རྩལ་དབང་༔ བཏགས་གྲོལ་དབང་༔ གཏོར་དབང་སྐོང་བཤགས་ཉམས་ཆག་རང་གྲོལ་གྱི་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་ལ་སོགས་གང་བྱེད་ཀྱང་༔ འདིས་སྒོ་འབྱེད་ཅིང་ནན་ཆགས་སུ་བྱེད་དགོས་ཏེ༔ རྒྱུད་ལས༔ དེ་ཕྱིར་འདི་ལ་ནན་ཆགས་མཛོད༔ ཅེས་གསུངས་སོ༔ ཨེ་མ་ཧོ༔ དབང་རྣམས་ཀུན་གྱི་སྔོན་འགྲོ་མཆོག༔ གསལ་བའི་རིན་ཆེན་སྒྲོན་མེ་འདི༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ སྐལ་ལྡན་གཅིག་གིས་རྒྱ་འདི་ཁྲོལ༔ ས་མ་ཡ༔ དབང་བཞིའི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨེ་མ་ཧོཿ ངོ་མཚར་ཆེ། །ལོ་ཙཱ་ཀླུ་ཡི་རྒྱལ་མཚན་གྱི། །སྐྱེ་བར་གྲགས་པ་ཀརྨཱ་གླིང་། །གཏེར་སྟོན་རྩོད་པ་མེད་པ་ངས། །སྒམ་པོ་གདར་གྱི་རི་བོ་ནས། །གདན་དྲངས་ཟབ་ཆོས་འདི་འདྲ་བདོག །སྐལ་ལྡན་ཡོད་ན་སྟེར་རམ་བསམ། །ཕལ་ཆེར་ལོག་པའི་བསམ་བློ་དེས། །སྐལ་མེད་རྣམས་ལ་སྦེད་དམ་བསམ། །ཕྱི་རབས་རྣམས་ཀྱང་སྤེལ་ཚོད་ལྟོས། །ཕྱམ་ཡུག་ཕྱོགས་མེད་མ་སྤེལ་ཅིག །ཅེས་པ་ཀརྨ་གླིང་པས་གསུངས་པར་འདུག་གོ། །སརྦ་མངྒ་ལཾ།། །།


previousདབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ། next