Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།

0 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དོན་དབང་བསྡུས་པ་རང་སྣང་རང་གྲོལ།
  
  
  
  
  
 expand section


0 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousདོན་དབང་བསྡུས་པ་རང་སྣང་རང་གྲོལ། next

དོན་དབང་བསྡུས་པ་རང་སྣང་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དོན་དབང་བསྡུས་པ་རང་སྣང་རང་གྲོལ་ཞེས་བྱ་བ་བཞུགས་སོཿ

ཀུན་བཟང་རང་རིག་ལྷ་ལ་ཕྱག་འཚལ་ལོཿ འདིར་ཞི་ཁྲོའི་དོན་དབང་བསྡུས་པ་མགྱོགས་དབང་དུ་བསྐུར་བ་འདི་ལཿ སྔོན་འགྲོ་དངོས་གཞི་རྗེས་གསུམ་མོཿ དང་པོ་སྔོན་འགྲོ་ནིཿ རང་གཞུང་ནས་བྱུང་བ་ལྟར་རྒྱས་བསྡུས་ལོངས་སྐབས་དང་བསྟུན་ལ་གསོན་གཤིན་གང་ཡིན་གྱི་ལུགས་དབང་གཞུང་དང་གནས་འདྲེན་ནས་བྱུང་བ་ལྟར་ཐུན་མོངས་རིག་པའི་དབང་ལྔ་ཡན་ཆད་བུམ་དབང་རྫོགས་པར་བསྐུར་བའམཿ དེ་ཙམ་མ་གྲུབ་ཀྱང་བུམ་དབང་གཅིག་ལ་བསྡུས་ཀྱང་རུང་བས་གང་འཚམས་བྱས་ལཿ གཉིས་པ་དངོས་གཞི་ནིཿ ད་ལྟ་ལྷ་དབང་གི་སྐབས་སུ་འདི་ལྟར་བསྡུས་ཏེ་བསྐུར་བ་ལཿ གསོན་དབང་གཤིན་དབང་གཉིས་ལསཿ དང་པོ་ལའང་རབ་འབྲིང་མཐའ་མ་གསུམ་སྟེཿ དང་པོ་རབ་ལ་རང་བབས་གཤིས་ལུགས་སུ་ངོ་སྤྲད་དེ་དབང་བསྐུར་བ་ནིཿ རོལ་མོ་དབྱངས་དང་བཅས་ལཿ ༀ་ཨཱཿཧཱུྃཿ རང་བྱུང་སྐྱེ་མེད་ཆོས་སྐུ་ཀུན་ཏུ་བཟང་ཿ རང་སྣང་འགག་མེད་ལོངས་སྐུ་ཞི་ཁྲོའི་ལྷཿ རང་ཤར་རྩོལ་མེད་སྤྲུལ་སྐུ་འགྲོ་བ་འདུལཿ རང་རིག་དབྱེར་མེད་སྐུ་གསུམ་ལྷུན་གྲུབ་དབང་ཿ རང་ལུགས་བཅོས་མེད་ངང་དུ་བསྐུར་བ་ཡིསཿ རང་ངོ་ཡུལ་མེད་རང་གིས་ཤེས་གྱུར་ནསཿ རང་དབང་འབད་མེད་ཡེ་གྲོལ་རྟོགས་པ་དང་ཿ རང་གཤིས་གཡོ་མེད་ལྟ་བའི་གདིང་ཐོབ་ཅིང་ཿ རང་བབས་ཡེངས་མེད་སྒོམ་པ་ཀློང་དུ་གྱུརཿ རང་གྲོལ་འཛིན་མེད་སྤྱོད་པ་ཤུག་འབྱུང་ནསཿ རང་གནས་འགྱུར་མེད་འབྲས་བུ་ཆོས་ཀྱི་སྐུཿ རང་བཞིན་དབྱེར་མེད་ཆེན་པོར་ལྷུན་གྲུབ་ནསཿ རང་གཞན་གཉིས་མེད་དོན་གཉིས་ལྷུན་གྲུབ་ཤོགཿ དྷརྨཱ་ཀཱ་ཡ་ཨཱ་བྷི་ཥིཉྩ་ༀཿ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ ནིརྨྨ་ཀཱ་ཡཱ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་བརྡ་དོན་སྤྲད་ཅིང་དབང་རྫས་དང་ཙཀྐ་ལི་གཏོར་མ་རྣམས་འགྲིམ་ཀྱང་རུང་ངོ་ཿ འདི་ནི་ཤིན་ཏུ་སྤྲོས་མེད་ཚིག་དབང་གི་སྐབས་སུ་ཡང་འདི་ཉིད་སྦྱར་ན་ལེགས་སོཿ གཉིས་པ་འབྲིང་པོ་ལཿ འདི་སྐད་རོལ་མོ་དབྱངས་དང་བཅས་པསཿ ༀ་ཨཱཿཧཱུྃཿ གཞིར་སྣང་དབྱིངས་ནས་ཀུན་བཟང་ཆོས་ཀྱི་སྐུཿ རང་སྣང་ཞི་བ་ལོངས་སྐུ་སུམ་ཅུ་གཉིསཿ གཞན་སྣང་འགྲོ་འདུལ་སྤྲུལ་སྐུ་ཐུབ་པ་དྲུགཿ རྩལ་སྣང་རོལ་པ་ཁྲག་འཐུང་ལྔ་བཅུ་བརྒྱདཿ གཉིས་སྣང་རང་གྲོལ་ཀློང་ནས་སྐུར་བཞེངས་ལཿ ལྟར་སྣང་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབསཿ དངོས་སྣང་སྐྱེ་གནས་བར་དོར་ངོ་འཕྲོད་ནསཿ འཁྲུལ་སྣང་རྨི་ལམ་བར་དོར་ཟིན་པར་ཤོགཿ ལམ་སྣང་བསམ་གཏན་བར་དོར་གདིང་ཐོབ་ཅིང་ཿ སྡུག་སྣང་འཆི་ཁའི་བར་དོར་གྲོལ་བར་ཤོགཿ དག་སྣང་ཆོས་ཉིད་བར་དོ་ངོ་ཤེས་ནསཿ ཡུལ་སྣང་འཛིན་མེད་ལོངས་སྐུ་གྲོལ་བར་ཤོགཿ ལས་སྣང་སྲིད་པ་བར་དོ་དབུགས་དབྱུང་ནསཿ ཀུན་སྣང་སྤྲུལ་སྐུའི་འགྲོ་དོན་བྱེད་པར་ཤོགཿ ༀ་ཨཱཿ་ཧཱུྃཿ དྷརྨཱ་ཀ་ཡཱ༴ སམྦྷོ་ཀ་ཡཱ༴ ནིརྨྨ་ཀ་ཡཱ༴ ཞེས་ཙཀྐ་ལི་དབང་རྫས་གཏོར་མ་རྣམས་བསྡོམ་ནས་བསྐུར་བར་བྱའོཿ གསུམ་པ་ཐ་མལ་སྐྱེ་བོ་སོགས་ལ་འདི་ལྟར་རོལ་མོ་དབྱངས་དང་བཅས་པསཿ ༀ་ཨཱཿ་ཧཱུྃཿ ཀུན་བཟང་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་ཿ ཀུན་སྣང་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལྷཿ ཀུན་མཁྱེན་ཐུགས་རྗེ་སྤྲུལ་སྐུའི་ཕྲིན་ལས་ཀྱིསཿ ཀུན་རྫོབ་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབསཿ ཀུན་ཀྱང་སྐྱེ་གནས་བར་དོ་མི་དགེ་སྤངསཿ ཀུན་མཁྱེན་ཆོས་ལ་དད་ཅིང་ཆོས་སྤྱོད་ནསཿ ཀུན་གྱིས་ཐར་བའི་ལམ་སྣ་ཟིན་པར་ཤོགཿ ཀུན་ནས་མི་རྟག་འཆི་བའི་དུས་བྱུང་ཚེཿ ཀུན་ལ་མ་ཆགས་སྒྱུ་མར་རྟོགས་པ་དང་ཿ ཀུན་འདུས་ངོ་བོ་བླ་མ་དྲན་པར་ཤོགཿ ཀུན་བསྡུད་འབྱུང་བ་སོ་སོར་ཐིམས་པ་དང་ཿ ཀུན་གཞིའི་ངང་དུ་དར་ཅིག་གནས་པའི་ཚེཿ ཀུན་བྱེད་རྒྱལ་པོ་རང་ངོ་ཤེས་པར་ཤོགཿ ཀུན་གསལ་ལྷུན་གྲུབ་སྣང་བ་ཤར་བའི་ཚེཿ ཀུན་སྣང་ཐམས་ཅད་རང་སྣང་ངོ་ཤེས་ནསཿ ཀུན་མཉམ་ལོངས་སྐུའི་ཞིང་དུ་གྲོལ་བར་ཤོགཿ ཀུན་འབྱུང་སྲིད་པ་བར་དོ་མཐོང་བའི་ཚེཿ ཀུན་སློང་ཆགས་སྡང་མིག་སེར་མི་སྐྱེ་ཞིང་ཿ ཀུན་སྤྱོད་བཟང་པོ་ལས་ཀྱི་འཕྲོ་མཐུད་ནསཿ ཀུན་གྲོལ་བདེ་ཆེན་ཞིང་དུ་དབུགས་དབྱུང་ཤོགཿ ༀ་ཨཱཿཧཱུྃཿ དྷརྨ་ཀཱ་ཡཱ༴ སམྦྷོཀཱ་ཡ༴ ནིརྨྨ་ཀཱ་ཡ༴ ཞེས་ཙཀྐ་ལི་དབང་རྫས་གཏོར་མ་ཐམས་ཅད་བསྡོམས་ནས་བསྐུར་རོཿ གཉིས་པ་ཚེ་འདས་གཤིན་པོ་ལ་དབང་བསྐུར་བ་ནིཿ རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོཿ ༀ་ཨཱཿཧཱུྃཿ རང་རིག་ཀ་དག་ཆོས་སྐུའི་རང་མདངས་ལསཿ རང་གསལ་ལྷུན་གྲུབ་ཞི་ཁྲོའི་སྐུར་བཞེངས་ནསཿ རང་ལ་ད་ལྟར་སྣང་བའི་ཡི་དམ་ལྷཿ རང་འོད་ཐུགས་རྗེའི་ཟེར་གྱིས་དབང་བསྐུར་བསཿ རང་སྒྲ་རང་འོད་རང་ཟེར་རང་བྱུང་དུཿ རང་སྣང་རང་ངོ་ཤེས་པར་བྱིན་གྱིས་རློབསཿ རང་བྱུང་མ་བཅོས་ཀ་དག་ཀློང་ཡངས་སུཿ རང་སྣང་དབྱེར་མེད་ལོངས་སྐུར་གྲོལ་གྱུར་ནསཿ རང་ཤུགས་སྩོལ་མེད་འགྲོ་དོན་ལྷུན་གྲུབ་ཤོགཿ ལས་སྣང་སྲིད་པའི་བར་དོ་ཤར་ཙམ་ནཿ ལས་དཀར་དགེ་བ་བསོད་ནམས་རྗེས་འབྲང་ནསཿ ལས་ངན་འཁྲུལ་བའི་འཇིགས་སྐྲག་མི་འབྱུང་ཤོགཿ ལས་དབང་དྲག་པོའི་སྡུག་བསྔལ་མྱོང་ཙམ་ནཿ ལས་ཀྱི་སྒྲིབ་པ་སྐད་ཅིག་ཉིད་བྱང་ནསཿ ལས་སྨོན་འབྲེལ་བའི་ལྷ་དང་མཇལ་བར་ཤོགཿ ལས་རླུང་ཁ་ཆར་མུན་པས་དེད་པའི་ཚེཿ ལས་བཟང་འཕྲོ་འཐུད་ལྷ་མིག་དང་ལྡན་པཿ ལས་སྒྲིབ་མུན་པ་སྐད་ཅིག་སེལ་བར་ཤོགཿ ལས་དང་བག་ཆགས་རིགས་དྲུག་སྣང་བ་དང་ཿ ལས་གཤིན་སྲིན་པོའི་འཇིགས་གཟུགས་མཐོང་བའི་ཚེཿ ལས་འབྲེལ་མཐུན་པའི་གྲོགས་སུ་ཤར་བར་ཤོགཿ ལས་རྣམས་རྟོགས་ན་ངོ་བོ་ངོས་བཟུང་བྲལཿ ལས་ཀྱང་སྒྱུ་མ་ལྟ་བུའི་དོན་རྟོགས་ནསཿ ལས་འཁྲུལ་མ་དག་སྐྱེ་སྒོ་ཆོད་པར་ཤོགཿ ལས་དག་མངོན་དགའ་དཔལ་ལྡན་པདྨ་བརྩེགསཿ ལས་རབ་གྲུབ་པའི་ཞིང་དུ་བ རྫུས་སྐྱེས་ནསཿ ལས་འབྲས་སྟོན་པའི་སྤྲུལ་སྐུའི་དོན་བྱེད་ཤོགཿ ༀ་ཨཱཿཧཱུྃཿ དྷརྨ་ཀཱ་ཡ༴ སམྦྷོ་ཀཱ་ཡ༴ ནིརྨྨ་ཀཱ་ཡ༴ ཞེས་དབང་རྫས་ཙཀྐ་ལི་དང་གཏོར་མ་སོགས་མགོར་བཞག་ཅིང་ཿ ཆོས་ཉིད་བར་དོའི་ངོ་སྤྲོད་རྣམས་གསལ་བར་གདབ་བོཿ རྩ་ཚིག་ལྟར་བར་དོའི་སྨོན་ལམ་རྣམས་ཀྱང་ལོངས་སྐབས་དང་བསྡུན་ལ་བཏབ་བོཿ དམ་ཚིག་ཏུ་སྲོག་གཅོད་ཀྱི་མཆོད་སྦྱིན་སོགས་སྡིག་དང་མ་འདྲེས་པའི་དགེ་བ་ཅི་འགྲུབ་ལ་འབད་དོཿ གསུམ་པ་རྗེས་ཀྱི་རིམ་པ་ལའང་ལོངས་སྐབས་བསྟུན་ཏེ་རྒྱས་བསྡུས་རང་གཞུང་ལྟར་རོཿ དེ་ལྟར་དབང་དོན་བསྡུས་པ་འདི་ཉིད་ནིཿ སྦྱིན་བདག་འབྱོར་ཆུང་སློབ་དཔོན་སྤྲོས་མེད་དང་ཿ ཡང་ན་སློབ་དཔོན་ལོངས་མེད་དུསཿ ཤིན་ཏུ་སྤྲོས་མེད་སྐབས་སུ་བསྐུར་བ་ལཿ དཔོན་སློབ་གཉིས་ཀ་སྤྲོས་བཅས་འབྱོར་པ་དང་ཿ ལོངས་སྐབས་དལ་དུས་གཞུང་ལྟར་རྒྱས་པར་བསྐུརཿ དབང་དོན་ངོ་སྤྲད་ནོར་འཁྲུལ་མེད་པར་བསྐུརཿ སློབ་དཔོན་བརྩེ་ལྡན་སློབ་མ་དད་ལྡན་དང་ཿ དབང་ཆོག་འདི་ལྡན་བར་དོ་རྣམས་གསུམ་དུཿ སྐད་ཅིག་གྲོལ་འགྱུར་ཟབ་ལམ་འདི་ཁོ་ནཿ ཡིན་ཕྱིར་འདི་ཉིད་པདྨ་མ་ཏི་ཡིསཿ ངེས་ཤེས་ཡོད་ཕྱིར་དོན་དབང་འདི་བྲིས་པསཿ དོན་དང་མི་ལྡན་ནོར་འཁྲུལ་བྱུང་གྱུར་ནཿ དོན་དམ་སྐྱེ་མེད་ངང་དུ་བཟོད་པར་གསོལཿ དོན་ལྡན་མ་འཁྲུལ་དགེ་བ་གང་ལགས་པཿ དོན་འགྱུར་འགྲོ་ཀུན་འཁོར་བ་དོང་སྤྲུག་ཤོགཿ དགེའོཿ


previousདོན་དབང་བསྡུས་པ་རང་སྣང་རང་གྲོལ། next