Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་གཏེར་གསར་ཆོས་སྐོར་དང་བར་དོ་དྲུག་གི་ཆོས་ཚན་སྤྱི་དང་སྨོན་ལམ་གྱི་སྐོར།

1 occurrence of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་།
  
  
  
  
  
  
  
  
  
  
  
  


1 occurrence of བྱམས་པ་གླིང་
[Clear Hits]

 
previousབར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་།next

བར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་།

བར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་ཞེས་བྱ་བཞུགས་སོ། །

ན་མོ་གུ་རུ་བྷྱ༔ གདོད་ནས་རབ་དག་དག་པ་གཉིས་ལྡན་སྲིད་དང་ཞི་བའི་སྤྲོས་པ་ཀུན་བྲལ་ཆོས་ཀྱི་སྐུ། །རང་གདངས་མ་འགགས་འགག་མེད་འཆར་ཚུལ་ཞི་དང་ཁྲོ་གར་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས། །སྣ་ཚོགས་འགྲོ་འདུལ་འདུལ་ཞིང་གང་འཚམས་སྤྲུལ་བསྒྱུར་བགྲང་ཡས་འདོད་འབྱུང་མཛོད་མངའ་སྤྲུལ་པའི་སྐུ། །དབྱེར་མེད་བླ་མ་མ་ལུས་རྒྱལ་བའི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རང་རིག་གཉིས་མེད་མཆོད། །འཁོར་འདས་སྣང་སྲིད་གདོད་ནས་ཡང་དག་པའི། །གཤིས་ངོར་སྐྱེ་འཆི་བདེ་སྡུག་མིང་དབེན་ཡང་། །མ་རྟོག་བློ་ལ་འཁྲུལ་སྣང་མཐའ་མེད་ཀྱི། །སྦུབས་ཆུད་སྡུག་བསྔལ་མང་མྱོང་སྙིང་རྗེའི་གནས། །༈ དེ་དག་ཐབས་མང་དུ་མས་བསྒྲལ་སླད་ཆོས། །ཟབ་ཅིང་རྒྱ་ཆེར་མངའ་ལས་སྙིང་པོའི་བཅུད། །མཆོག་གྱུར་བར་དོའི་གདམས་པ་བསམ་ཡས་པར། །བསྒྲུབ་རྒྱུད་གོང་མ་རྣམས་ཀྱིས་གསལ་མཛད་མོད། །༈ དེ་དག་ལས་ལྷག་རྨོངས་པ་བདག་འདྲ་ཡིས། །བརྗོད་དུ་ཅི་མཆིས་བརྗོད་ཀྱང་དགོས་པ་གང། །འོན་ཀྱང་བློ་དང་ལྡན་པ་ཁྱེད་ཉིད་ཀྱིས། །དྲིས་ཕྱིར་གོང་མ་རྣམས་གསུངས་བསྐྱར་བཞིན་བརྗོད། །༈ དེ་ལ་སྤྱིར་སེམས་ཅན་ཐམས་ཅད་ཐོག་མའི་འཁྲུལ་གཞི་ལས་བརྩམས་ཏེ་མཐར་ཐུག་བྱང་ཆུབ་མངོན་དུ་མ་གྱུར་གྱི་བར་ཐམས་ཅད་ནམ་ཡང་བར་མ་དོའི་གནས་སྐབས་ཁོ་ན་ཡིན་ཕྱིར། །གཞི་ལམ་གྱི་ཆོས་ཐམས་ཅད་ལ་བར་མ་དོའི་ཐ་སྙད་གདགས་སུ་རུང་བ་ཁོ་ན་ཡིན་ནའང་། ཐ་མལ་པ་དག་བར་སྲིད་ཀྱི་གནས་སྐབས་གཅིག་པུ་ཁོ་ན་ལ་བར་དོ་ཞེས་སྡུག་སྡུག་པ་གཅིག་ཏུ་འཛིན་ལ། གཞན་ཡང་གསང་སྔགས་རྙིང་མའི་བར་དོ་ཐོས་གྲོལ་གྱི་གདམས་པ་སོགས་སུ་བར་དོའི་རྣམ་གྲངས་དྲུག་ཏུ་འདྲེན་པའི་སྐབས་ཀྱི་ནང་ཚན་ལས། ཏིང་ངེ་འཛིན་བསམ་གཏན་གྱི་བར་དོ་ཞེས་པ་ལ། ཕྱིས་བྱོན་གྱི་མཁས་པ་ལ་ལས་ཐུགས་ལ་མ་ཤོང་བར་དགག་པ་སྣ་ཚོགས་མཛད་པ་སྣང་མོད་ཀྱི། འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོའི་རང་བཞིན་ཡིན་ན་བསམ་གཏན་ཀྱང་བར་དོར་ཅིའི་ཕྱིར་མི་རུང་བར་བྱེད། འདིར་མ་ཟད། རྗེ་མི་ལས་མཁའ་འགྲོ་མ་བཀྲ་ཤིས་ཚེ་རིང་ལ་གནང་བའི་བར་དོ་འཕྲང་སྒྲོལ་དུའང་སྤྱིར་བར་དོ་དྲུག་ཏུ་འདྲེན་ཚུལ་དང་། སྒོས་སུ་བསམ་གཏན། ཏིང་ངེ་འཛིན་གྱི་བར་དོའི་རྣམ་གཞག་མཛད་ལུགས་ཀྱང་ཐོས་གྲོལ་དང་ཐ་མི་དད་པ་དེ་བཞིན་ཡིན་ཚེ། གསར་རྙིང་དགོངས་བཞེད་མཐུན་ལ། སྤྱིར་བར་དོའི་རྣམ་གྲངས་འདྲེན་ཚུལ་ལ་གཞུང་མན་ངག་སོ་སོར་མི་གཅིག་པ་དུ་མ་འབྱུང་སྟེ། རང་བཞིན་སྐྱེ་གནས། འཆི་ཁ་སྡུག་བསྔལ། ཆོས་ཉིད་སྲིད་པ་སྟེ། བར་དོ་གསུམ་དུ་མཛད་པ་དང་། ཡང་། ཟུང་འཇུག་སྐུ་བཞི། རང་རིག་ཡེ་ཤེས། དུས་མཚམས་རང་བཞིན། འཆུག་མེད་རྟེན་འབྲེལ་གྱི་བར་དོ་སྟེ་བཞིར་མཛད་པ་དང་། གཞན་ཡང་། སྐྱེ་གནས། རྨི་ལམ། བསམ་གཏན། འཆི་ཁ། ཆོས་ཉིད། སྲིད་པ་བར་དོ་སྟེ། དྲུག་ཏུ་མཛད་པ་དང་བཅས་པ་སོགས་རྣམ་གྲངས་མང་མོད་ཀྱི། རེ་ཞིག་སྐབས་འདིར་ཉིད་ཀྱིས་དྲིས་པའི་མཐུས། གསར་རྙིང་ཐུན་མོང་ལྟར་གྱི་འགག་དོན་བསྡུས་ཏེ་རྟོགས་བདེ་བའི་སླད་དུ། རང་བཞིན་སྐྱེ་གནས་ཀྱི་བར་དོ་དང་། འཆི་ཁ་སྡུག་བསྔལ་ཀྱི་བར་དོ་དང་། ཆོས་ཉིད་འོད་གསལ་གྱི་བར་དོ་དང་། སྲིད་པ་ལས་ཀྱི་བར་དོ་དང་བཞིར་བསྡུས་ནས་བསྟན་པར་བྱ་སྟེ། དེ་དག་རེ་རེ་ལའང་ངོ་བོ་ངོས་བཟུང་བ། འཆར་ཚུལ་རྒྱས་པར་བཤད་པ། གདམས་ངག་ལམ་དུ་བྱ་བ་དང་གསུམ་གྱིས་འཆད་པ་ལ། དང་པོ་ནི་སྐྱེ་གནས་བར་དོ་ཞེས་གང་ལ་ཟེར་ཞེ་ན། མ་ཡི་མངལ་ནས་བྱུང་སྟེ་མཐར་འཆི་རྐྱེན་གྱིས་མ་ཟིན་པའི་བར་འདི་ལ་ཟེར། འཆར་ཚུལ་ལམ་སྣང་ཚུལ་གང་ལྟ་བུ་ཞེ་ན། གང་ཟག་མཆོག་དམན་གྱི་དབྱེ་བའི་ཁྱད་པར་ཐ་དད་པ་སོ་སོར་སྣང་བ་སྟེ། དེ་ཡང་མཆོག་རབ་ཀྱི་སྐལ་ལྡན་དག་ལ་ནི། སྣང་གྲགས་ལྷ་སྔགས་སོགས་སུ་ཤེས་པས་སྣོད་བཅུད་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་ཅིང་། རྟོག་ཚོགས་ཆོས་ཉིད་ཀྱི་རོལ་པར་ཤར་བས་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་ཉིད་དུ་ཡེ་ནས་ཀྱང་ཡིན་ལ། ད་ལྟར་ཡང་སྣང་། མཐར་ཡང་དེ་ཉིད་ཀྱི་ངང་དུ་གྲོལ་ཕྱིར་སྣང་སྲིད་དག་པ་རབ་འབྱམ་མམ། ཅིར་སྣང་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བྱ་སྟེ། ཚུལ་འདི་ལ་ནི། དཔལ་མཁའ་སྤྱོད་ཞབས་སོགས་ཀྱིས། ཟུང་འཇུག་སྐུ་བཞིའི་བར་དོ་དང་། །རང་རིག་ཡེ་ཤེས་ཀྱི་བར་དོ་སོགས་སུ་མིང་གདགས་པར་མཛད་ཅིང་། སྔར་བཤད་པའི་ཏིང་འཛིན་བསམ་གཏན་གྱི་བར་དོ་ཡང་འདིའི་ཁོངས་སུ་འདུ་བས་ལོགས་སུ་བརྗོད་མ་དགོས་ལ། དེ་ལྟར་མ་རིག་མ་རྟོགས་པའི་ཐ་མལ་གྱི་གང་ཟག་རྣམས་ནི། སྐྱེས་ནས་འཆི་ནད་མ་བྱུང་གི་བར་དེ་སྲིད་དུ་བག་ཆགས་ངན་གོམས་འཁྲུལ་སྣང་ཨ་འཐས་ཀྱི་རྗེས་སུ་འབྲང་སྟེ། མི་བདེན་པ་ལ་བདེན་པར་འཛིན། མི་རྟག་པ་ལ་རྟག་ཏུ་རེ། སྡུག་བསྔལ་བ་ལ་བདེ་བར་ཞེན་ཏེ། དགྲ་འདུལ། གཉེན་སྐྱོང་། ང་ཁྱོད་ཆགས་སྡང་། མ་ཟིན་མ་ཆོག བསགས་བསྲུང་འཚོ་སྐྱོང་། འཇིག་རྟེན་ཆོས་བརྒྱད། དོན་མེད་འཁྲུལ་ཞེན་གྱི་བྱ་བ་ཁོ་ནས་མི་ཚེ་སྟོང་ཟད་དུ་ཕྱལ་གྱིས་གཏོང་བ་འདི་ལྟ་བུ་ནི་སྐྱེ་འགྲོ་ཕལ་མོ་ཆེའི་སྣང་ཚུལ་གྱི་ཆོས་ཉིད་ཡིན་ཚེ། སྐྱེ་གནས་བར་དོའི་རང་བཞིན་ནི་འདི་ལས་མ་འདས་ཤིང་། དེ་སྐབས་ཀྱི་མཚན་མོ་སོགས་ཀྱང་མན་ངག་ཉམས་ལེན་གྱི་གནད་ཀྱིས་མ་ཟིན་ཚེ་གཏི་མུག་རོ་ཉལ་བསམ་མེད་དུད་འགྲོ་ལྟ་བུར་གྱུར་པ་དང་། དེར་ཡང་ཉིང་འཁྲུལ་རྨི་ལམ་གྱི་སྣང་བ་སྣ་ཚོགས་པས་བསྐྱོད་ཅིང་གཟིང་ཕྱིར། བག་ཆགས་རྨི་ལམ་གྱི་བར་དོ་ཡང་སྐྱེ་གནས་བར་དོའི་ཁོངས་འདིར་འདུ་བ་ཉིད་དོ། །ཇི་སྐད་དུ། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོར། ལོག་པར་རྟོག་ལ་ཆགས་པའི་དབང་གིས་ནི། །འདིར་ནི་འགྲོ་བ་འདི་ཀུན་རབ་ཏུ་འཁྱམས། །སྐྱེས་སུ་གང་ཞིག་ཞི་བའི་ཆོས་རིགས་པ། །དེས་ནི་རང་བྱུང་དེ་བཞིན་གཤེགས་པ་མཐོང་། །ཆོས་མཆོག་ཞི་བ་རྣམས་ཀྱང་རབ་ཏུ་ཤེས། །ཞེས་གསུངས་པ་ལྟར། རྟོགས་མ་རྟོགས་ཀྱི་ཁྱད་པར་ཤིན་ཏུ་ཆེའོ། །སྐྱེ་གནས་བར་དོ་ལམ་དུ་ཁྱེར་ཐབས་ཀྱི་གདམས་ངག་གི་རིམ་པ་ནི། རྙིང་ལུགས་ཀྱི་མན་ངག་དག་ལས། ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་ལ་འབད། ཅེས་གསུངས་ཏེ། དེ་ཇི་ལྟར་བྱ་ན། དང་པོར་བླ་མ་མཚན་ཉིད་དང་ལྡན་པ་བཙལ་ལ། སྒོ་གསུམ་ཟོལ་མེད་ཀྱིས་མཉེས་པའི་ཐབས་དུ་མས་བསྟེན། བསྟན་པའི་གཞི་མའམ་ལམ་གྱི་སྲོག་ཤིང་སྡོམ་པ་གསུམ་ལེགས་པར་ནོད་ལ། ཉམས་ཆགས་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་མ་གོས་པར་བསྲུང་། མདོ་རྒྱུད་དང་ཐེག་པའི་རིམ་པ་མཐའ་དག་ལ་ཐོས་བསམ་ཕྱོགས་མེད་དུ་བྱས་ཏེ་གྲུབ་མཐའི་ཞེན་ཕྱོགས་སྤང་། ཧ་ཅང་ཐོས་པ་ལ་འབྱམས་ཤིང་ཞེན་ན་ཐ་སྙད་ཚིག་མཐར་འཁོར་ནས་དོན་གྱི་སྙིང་པོ་མི་ལོན་པས་གང་ཐོས་རང་གི་རྒྱུད་ལ་བཀལ། ཐོས་བསམ་ཐམས་ཅད་ཀྱི་རྩ་བ་ནི་བླ་མའི་གདམས་ངག་ཁོ་ནར་འདུས་ཕྱིར་མཐར་ཕྱིན་པར་ཞུན་ཐར་བཅད། མི་ཚེ་སྟོང་ཟད་དུ་འགྲོ་བའི་རྒྱུ་ནི་འཇིག་རྟེན་གྱི་བྱ་བ་མ་ཐོང་པ་ཉིད་ལས་འབྱུང་བས་ཚེ་འདིའི་ཞེན་འཁྲིས་རྦད་ཀྱིས་བཅད་དེ་དབེན་པའི་རི་ཁྲོད་འགྲིམ། དབེན་པར་བསྡད་ཀྱང་སྒོ་གསུམ་དགེ་ལ་མི་འབད་ན་བྱ་དང་རི་དྭགས་གཅན་གཟན་གྱི་ཚོགས་དང་འདྲ་བས། ཐ་མལ་སྙོམས་ལས་ཆོས་མིན་གྱི་དབང་དུ་སྐད་ཅིག་ཀྱང་མི་བཏང་བར་འགྱོད་མེད་གདེང་ཐོབ་བྱ། སྟོང་ཉིད་ཀྱི་དོན་རྟོགས་ཀྱང་དགེ་སྡིག་ཁྱད་གསོད་དུ་མ་སོང་བར་བསླུ་མེད་རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་བརྟན་པོས་རྒྱལ་བའི་བཀའ་དང་མཐུན་པའི་ལྟ་སྤྱོད་ཟུང་འབྲེལ་ལ་བསླབ། ཁྱད་པར་དུ་བར་དོ་འོག་མ་ཐམས་ཅད་ཀྱི་གནད་འགག་འདིར་རག་ལས་ཕྱིར། སྐྱེ་གནས་བར་དོ་ལོང་ཁྱབ་ཡོད་པའི་དུས་འདིར་ཉམས་ལེན་གོམས་ཤུག་དང་ལྡན་པར་མ་གྱུར་ན། ལོང་མེད་འཆི་རྐྱེན་གྱི་འགག་ལ་ཐུག་ཚེ་འགྱོད་ཀྱང་ཕྱིས་ཚར་ཏེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ལོང་ཡོད་པོ་ཚོ་འཆི་ཁར་པྲད་པྲད་༼སྤྲད་སྤྲད་༽ བྱེད༔ ཨ་རེ་འགྱོད་དེ་བག་ཙམ་འཕྱིས་པ་འདྲ༔ ཞེས་གསུངས་པ་བཞིན་འབྱུང་བས། དེས་ན་བར་དོ་ད་ལྟ་ནས་སྦྱོང་བ་གལ་ཆེ། གང་ཟག་སོ་སོའི་སྐལ་བ་དང་མོས་པར་མཐུན་པའི་ཆོས་སྒོ་གང་དང་གང་ལ་ཞུགས་པ་དེ་དང་དེའི་གདམས་པ་ཉམས་སུ་བླངས་ཏེ་རྒྱུད་སྨིན་གྲོལ་དུ་བྱ་དགོས་པའི་ཕྱིར། ཐོག་མར་སྨིན་བྱེད་དབང་གི་རིམ་པ། རྒྱས་བསྡུས་ཅི་རིགས་ཐོབ་ངེས་སུ་བྱ། དབང་དེ་ཡང་དིང་སང་སྙིགས་དུས་ཀྱི་དཔོན་སློབ་རྣམས་སོ་སོའི་དབང་ཆོག་བསྐུར་ཐོབ་ཀྱི་ཚུལ་ཕལ་ཆེར་ནི། རྒྱུད་སྡེ་དང་རིག་འཛིན་གོང་མའི་བཀའ་དང་མཐུན་པ་ནི་ཆེས་དཀོན་པར་གྱུར་ཏེ། བླ་མས་ཀྱང་ཟང་ཟིང་བསྡུ་ཐབས་སམ་ཁེ་གྲགས་སོགས་ཀྱི་སླད་དུ་དབང་བསྐུར་བྱེད་པ་མང་ལ། སློབ་མ་རྣམས་ཀྱིས་ཀྱང་འཕྲལ་རྐྱེན་ནད་གདོན་སོགས་ལ་ཕན་དུ་རེ་བའམ། མི་ཆོས་ཟླ་གྲོགས་ཀྱི་ཞོར་དང་། ལྟད་མོའམ་ཅི་བྱེད་བལྟ་བ་ལྟ་བུའི་བསམ་པས་ཞུས་ཚུལ་བྱེད་པ་མ་གཏོགས། ཡང་དག་གི་དད་པའི་དངོས་པོ་དང་མི་ལྡན་ཞིང་དབང་དོན་ངོ་འཕྲོད་པའི་ཕྱོགས་ཙམ་ཡང་མི་སྲིད་པ་ལྟ་བུར་སྣང་ལ། མདོར་ན་དཔོན་སློབ་གཉིས་ཀས་དབང་གི་ཟོལ་དང་བྱིས་རྩེད་ལད་མོ་བྱེད་པ་འདྲ་བ་འདི་ལྟ་བུས་ནི་གང་ཟག་གི་རྒྱུད་སྨིན་ཐུབ་པའི་ཐབས་མི་འདུག་པར་མངོན་སུམ་དུ་གསལ་མོད། སྣོད་བཅུད་ཚུལ་ལྡན་འཛོམ་པ་ཞིག་ལ་ནི་ཀུན་རྫོབ་ཀྱི་དབང་རྫས་རྣམས་མགོར་བཞག་ཀྱང་རུང་མ་བཞག་ཀྱང་རུང་སྟེ། དབང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེས་ན་ཡང་དག་པའི་དབང་ཐོབ་པའི་མཆོག་ཏུ་གྱུར་པ་སྟེ། རྗེ་ཏིལླི་པས་ན་རོ་པ་ལ་འཆགས་ལྷམ་འཕང་པས་བརྒྱལ་བ་ལས་སླར་སངས་ཚེ་དབང་དོན་མཐར་ཐུག་རྟོགས་པའི་ཚུལ་དང་། པཎ་ཆེན་ཤྲཱྀ་སིང་ཧས་མཁས་པ་བཻ་རོ་ལ་ཤིང་ཐོག་ཀུ་ཤུ་གཅིག་སྦྱིན་པའི་བརྡ་ཐབས་ཀྱིས་རྫོགས་ཆེན་རིག་པའི་རྩལ་དབང་ཡོངས་རྫོགས་ཐོབ་པའི་ཚུལ་སོགས་དང་། གཞན་ཡང་སྐྱོ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་དབང་བསྐུར་དུས་ཀྱི་ལོ་རྒྱུས་སོགས། གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ན་དཔག་ཏུ་མེད་པ་འབྱུང་བས། དོན་ལ་ནི་དབང་ཞུས་མ་ཞུས་གཅིག་པུ་ལ་ཚད་མི་བཟུང་བར་སྨིན་ནུས་མི་ནུས་ལ་གཙོ་བོར་བྱ། དེ་ནས་གྲོལ་བྱེད་ཀྱི་གདམས་པ་དངོས་ལའང་ཞུས་ལོ་དང་ཐོས་ལོའི་རྣམ་གྲངས་ཙམ་གྱིས་ནི་རང་རྒྱུད་གྲོལ་བ་ལྟ་ཞོག ཉོན་མོངས་པ་ཅུང་ཟད་ཙམ་ཁ་བྲི་བའམ། བདག་འཛིན་དང་ཞེན་ཆགས་ཅུང་ཞིག་ཆུང་དུ་འགྲོ་བ་ཡང་ཤིན་ཏུ་དཀའ་བར་མངོན་སུམ་གྱིས་གྲུབ་ཕྱིར། དེས་ན་ཆོས་གང་ལ་ཉམས་ལེན་བྱེད་པ་དེ་ཉིད་ཀྱི་ལམ་རྟགས་རྣམས་ཚུལ་བཞིན་ཤར་ཐུབ་པའམ། མཐའ་ནའང་ཚིག་དོན་ལ་ངེས་པ་རྙེད་པའི་ཐབས་ལ་ནན་ཏན་དུ་བྱ་བ་ནི་སྤྱིར་གཅེས་པ་དང་། ཁྱད་པར་དུ་ནི། གདམས་པའི་བྱེ་བྲག་མཐའ་ཡས་ཀྱང་མདོར་བསྡུ་ན། སྒྲུབ་པ་པོ་རང་ཉིད་ཟབ་ལམ་ཆོས་དྲུག་གམ། ལམ་འབྲས་པ་ལྟ་བུ་ཞིག་ཡིན་པའི་དབང་དུ་བགྱི་ན། གཏུམ་མོ་ལམ་གྱི་གཞུང་ཤིང་ལ་ཉམས་ལེན་བརྩོན་འགྲུས་དྲག་པོས་འབད་ནས། གནས་པ་རྩ་དང་གཡོ་བ་རླུང་། བཀོད་པ་བྱང་ཆུབ་སེམས་ཀྱི་རྩལ་སྦྱོང་ལ་བརྟེན་ནས་ཟག་མེད་ལྷན་སྐྱེས་ཡེ་ཤེས་བདེ་སྟོང་ཟུང་འཇུག་མཆོག་གི་ལམ་ལ་གནད་དུ་བསྣུན་ཏེ། ཀུན་རྫོབ་འབྱུང་འདུས་ཀྱི་ཕུང་པོ་དངས་མ་འཇའ་ལུས་ཀྱི་རང་བཞིན་དུ་སྨིན་ཅིང་། དོན་དམ་ཤེས་རིག་གི་ངོ་བོ་ཆོས་སྐུ་སྐྱེ་མེད་ཀྱི་དབྱིངས་སུ་རོ་གཅིག་པའི་སྐུ་གཉིས་ཟུང་འཇུག་གི་གོ་འཕངས་ཚེ་འདི་ཁོ་ནར་འགྲུབ་པའི་ཐབས་ལ་རབ་ཏུ་བརྩོན་པས་མཐར་ཕྱིན་པར་བྱ་བ་དང་། ཡང་གང་ཟག་དེ་རྫོགས་ཆེན་པ་ལྟ་བུ་ཞིག་ཡིན་ན་སྤྱིར་རྫོགས་ཆེན་ལ་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག ཡང་གསང་བླ་ན་མེད་པ་དང་ཨ་ཏི་སྤྱི་ཏི་སོགས་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་ཁྲེག་ཆོད་རིག་སྟོང་གི་ཉམས་ལེན། ཐོད་རྒལ་སྣང་སྟོང་གི་ཉམས་ལེན་གཉིས་ལ་གནད་ཐམས་ཅད་འདུ་བས། དེ་ཉིད་བཀའ་གཏེར་གང་དང་གང་གི་ལུགས་ལ་ཞུགས་ཀྱང་། དང་པོར་བླ་མ་མཆོག་ལ་མཐར་ཕྱིན་པར་ཞུས་ནས། མི་མེད་ཀྱི་ལུང་སྟོང་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་ཞིང་འཁོར་འདས་རུ་ཤན་ཕྱེས་ལ། ཉིན་མཚན་ཁ་སྦྱོར་དུ་བྱ་བ་གཞན་དང་སྐད་ཅིག་ཀྱང་མ་འདྲེས་པར་ཉམས་སུ་བླངས་ན། ལུས་ཐོག་འདིར་ཀུན་བཟང་ཆོས་སྐུའི་གོ་འཕངས་མངོན་དུ་འགྱུར་ཞིང་། འདི་ལ་གང་ཟག་དབང་པོ་རབ་འབྲིང་གསུམ་ཚན་དགུར་ཕྱེས་པའི་རབ་ཀྱི་རབ་སྦྲུལ་མདུད་ནམ་མཁར་གྲོལ་བའི་དཔེ་ལྟར། གདམས་པ་ཐོབ་པ་དང་གྲོལ་བའི་དུས་མཉམ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལྟ་བུ། རབ་ཀྱི་འབྲིང་མཚོ་ལ་ཁ་བ་བབ་པ་ལྟར་གང་ཤར་ཆོས་ཉིད་དུ་ཐིམ་ནས་གྲོལ་བ་ནི། འཇམ་དཔལ་བཤེས་གཉེན། ཤྲཱྀ་སེང་ཧ། བི་མ་ལ། པདྨ་འབྱུང་གནས་ལ་སོགས་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་རྣམས་དང་། རབ་གྱི་ཐ་མ་ཁྱག་རོམ་ཆུར་ཞུ་བ་བཞིན་གདམས་པ་ཉམས་ལེན་ཡུན་དུ་འབད་པས་འཁྲུལ་བའི་བག་ཆགས་དང་གདོས་བཅས་ཀྱི་ཕུང་པོ་རིམ་གྱི་འོད་ཀློང་དུ་༼འོད་ལུས་སུ་༽གྲོལ་བ། མྱང་བན་ཏིང་འཛིན་བཟང་པོ། ལྕེ་བཙུན་སེང་གེ་དབང་ཕྱུག སློབ་དཔོན་ཉིང་སྟོན་སྐུ་མཆེད་ལ་སོགས་ལུས་མ་སྤང་པར་མཁའ་སྤྱོད་འགྲུབ་པ་རྣམས་ལྟ་བུ་སྟེ། མདོར་ན་ཕྱག་རྫོག་ལམ་སྦྱོར་ཞི་གཅོད་ལ་སོགས་གདམས་པ་ཟབ་མོས་ཚེ་འདི་ཉིད་ལ་གྲུབ་པ་མཐར་ཕྱིན་པ་རྣམ་ལ་ནི། བར་དོ་འོག་མ་རྣམས་མཐོང་མི་དགོས་པར་ལུས་ཐོག་འདིར་གྲོལ་བ་ནི་སྐྱེ་གནས་བར་དོའི་ཉམས་ལེན་མཐར་ཕྱིན་པ་ཡིན་ནའང་། དེང་སང་ནི་བཀའ་གསར་རྙིང་སུ་ལ་བལྟས་རུང་དེ་ལྟ་བུ་ཤིན་ཏུ་དཀོན་པར་མཆིས་སོ། །འོན་ཀྱང་རྣམ་གཡེང་སྙོམས་ལས་ཀྱི་དབང་དུ་མ་སོང་བར་ཉམས་ལེན་གྱི་དངོས་གཞི་ནི་ཕྱག་རྫོགས་ལ་ཆིག་དྲིལ་དུ་བྱ་བ་དང་། མཚན་མོའི་ཉམས་ལེན་དུ་རྨི་ལམ་འཛིན་སྦྱོང་དང་འོད་གསལ། ཐུན་མཚམས་ཐམས་ཅད་དུ་སྒྱུ་ལུས་དང་བར་དོ། ཐུན་གྱི་མགོ་མཇུག་རྣམས་སུ་བླ་མ་ཡི་དམ་གྱི་བསྐྱེད་བཟླས་གསོལ་འདེབས་བསྔོ་སྨོན་ལ་སོགས་ཏེ། མདོར་ན་སྤྱིར་གྱི་སྒོ་གསུམ་ཐ་མལ་འཁྲུལ་འབྱམས་ལ་མ་ཤོར་བ་དང་། དགོས་སུ་བར་དོ་འོག་མ་རྣམས་ཀྱི་ཉམས་ལེན་ཐམས་ཅད་ལ་ད་ལྟ་ནས་གོམས་འདྲིས་ཡིད་འཇོག་ནན་ཏན་དུ་བྱ་དགོས་པ་ནི་བཀའ་གསར་རྙིང་ཐམས་ཅད་ཀྱི་དགོང་བཞེད་གཅིག་ཏུ་མཐུན་པའི་གནད་འགག་གལ་པོ་ཆེ་ལེགས་སོ། །འདིར་སྨྲས་པ། ཡིད་བཞིན་ནོར་འདྲའི་དལ་འབྱོར་ལེགས་ཐོབ་ཅིང་། །དགེ་བའི་བཤེས་དང་ཟབ་ཆོས་རྙེད་གྱུར་ཀྱང་། །འཁོར་བ་ཉམས་དགའི་ལྟད་མོ་ལ་ཡེངས་ཏེ། །གཏན་གྱི་འདུན་མ་བསྒྲུབ་པ་ཉིན་སྐར་ཙམ། །ཐོ་ཡོར་ལུས་དང་སེམས་ཀྱི་བྱིའུ་ཆུང་གཉིས། །ཡུད་ཙམ་ཚོགས་འདིར་བྱང་ཆུབ་མི་བསྒྲུབ་ན། །ཐོས་ཐོས་ཤེས་ཤེས་རྣམ་གྲངས་བརྒྱ་ཡོད་ཀྱང་། །འཁོར་བའི་མཚོ་ཆེན་སྒྲོལ་ལ་ཨེ་ཕན་ནམ། །ཕུན་ཚོགས་རང་དབང་ཡོད་དུས་ལེ་ལོར་བསྡད། །ཟློག་མེད་འཆི་བདག་བྱུང་ཚེ་འགྱོད་པས་གཟིར། །རང་ཕུང་རང་སྒྲུབ་སྨྱོན་པ་དུག་འཐུང་འདྲའི། །ཚུལ་འདི་སྐྱེ་གནས་བར་དོའི་སྣང་ཚུལ་ལེགས། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །༈ སྤྱི་དོན་གཉིས་པ་འཆི་ཁ་སྡུག་བསྔལ་གྱི་བར་དོའི་རང་བཞིན་བཤད་པ་ལའང་གསུམ་གྱི། དང་པོ་ངོ་བོ་ངོས་བཟུང་བ་ནི། འཆི་རྐྱེན་གང་ཡིན་པ་དེའི་ནད་ཀྱིས་ཟིན་པ་ནས། བར་དོ་དང་པོ་ཆོས་ཉིད་དོན་གྱི་འོད་གསལ་མ་ཤར་ཚུན་ཆད་ཀྱི་སྐབས་རྣམས་ཡིན་ལ། འདི་སྐབས་ཆོས་སྤྱི་ལས་འོད་གསལ་ཤར་བ་དེ་ཡང་འདིའི་ཁོངས་སུ་ཚུར་བསྡུས་ནས་སྟོན་ཡང་། ད་རེས་འདིར་ནི་རྫོགས་ཆེན་རྣམས་ལས་གསུངས་པ་ལྟར། ཆོས་ཉིད་འོད་གསལ་གྱི་བར་དོ་ནི་འོག་ཏུ་འཆད་ཕྱིར་འདིར་འཆི་ཁ་བར་དོ་ཁོ་ན་བསྟན་པར་བྱའོ། །གཞན་ཡང་གོང་དུ་བརྗོད་པ་ལྟར། གང་ཟག་མཆོག་རབ་ཀྱི་རིགས་ཅན་ལུས་ཐོག་འདིར་གྲོལ་བ་དག་ལ་ནི་བར་དོ་འོག་མ་རྣམས་མི་འབྱུང་སྟེ། དེ་ཡང་རྫོགས་ཆེན་རྣམས་ནས་འདི་ལྟར་གསུངས་ཏེ། རྣལ་འབྱོར་པ་རབ་རྣམས་ལ་འཆི་ལུགས་བཞི་ཡོད་དེ། བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་བཞིན་ལུས་སེམས་ཆོས་སྐུ་སྟོང་ཉིད་དུ་ཐིམ་པ་དང་། དེ་བཞིན་དུ་བུད་ཤིང་ཟད་པས་མེ་དཔུང་དུ་བ་ལྟ་བུ་དང་། ནམ་མཁའ་འོད་ཕུང་གིས་གང་བ་རིག་འཛིན་འཆི་བ་ལྟ་བུ་དང་། ཤི་ཡང་ཕུང་པོ་འདོར་རྒྱུ་མེད་པ་མཁའ་འགྲོ་མ་འཆི་བ་ལྟ་བུ་རྣམས་ནི་རབ་ཀྱི་འཆི་ལུགས་སོ། །ཞེས་པས། འདི་དག་ལ་ནི་ཐིམ་རིམ་གྱི་སྤྲོས་པ་དང་བྲལ་ལ། ཡང་རྣལ་འབྱོར་འབྲིང་ལ་འཆི་ལུགས་གསུམ་སྟེ། འཆི་བའི་དུས་དང་འཆི་མི་འཆིའི་རྩིས་གདབ་མེད་པ་བུ་ཆུང་འཆི་བ་ལྟ་བུ་དང་། ཡུལ་རྐྱེན་ལ་ཉམས་ང་མེད་པ་ཕྱོགས་མེད་སྤྲང་པོ་འཆི་ལུགས་དང་། ཡུལ་རྐྱེན་གྱི་འཁྲི་བ་བཅད་དེ་གངས་ཁྲོད་ལུང་སྟོང་སོགས་སུ་འཆི་བ་སེངྒེ་ལྟ་བུ་རྣམས་འབྲིང་གི་འཆི་ལུགས་སོ། །ཅེས་པ་འདི་དག་ལ་ཡང་། གསོལ་འདེབས་སོགས་ལ་མི་ལྟོས་པར་རྟོགས་པའི་གདེངས་དང་ལྡན་པའི་འཆི་ལུགས་ཡིན་ལ། རྣལ་འབྱོར་པ་ཐ་མ་དང་་གང་ཟག་ཕལ་པ་སྤྱིའི་འཆི་ལུགས་ཀྱི་འཆར་ཚུལ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཕྱི་འབྱུང་བའི་ཁམས་དབང་སྐྱེ་མཆེད་ཐིམ་ཚུལ་དང་། ནང་སྣང་རྟོག་ཕྲ་རག་གི་ཐིམ་ཚུལ་གཉིས་བཤད་ཅིང་། ཞར་ལ་འཕོ་བའི་མན་ངག་གི་སྐབས་དོན་འཆད་པ་དང་བཅས་པའི་དང་པོ་ནི། སྤྱིར་སྐྱེ་འགྲོ་ཐམས་ཅད་དང་པོར་ལུས་ཆགས་པ་ཡང་འབྱུང་བ་ལྔ་ལ་བརྟེན། བར་དུ་ཡང་དེ་དག་ལ་བརྟེན་ཏེ་གནས། མཐར་འཇིག་པ་ཡང་དེ་དག་ཐིམ་སྡུད་ཀྱིས་འཇིག་པ་ཡིན་ཏེ། དེ་ཡང་འཆི་ཁར་ལས་རླུང་གྱེན་ལ་ལོག་ནས་རླུང་ཐམས་ཅད་དེས་དབང་བྱས་ཤིང་། འཁོར་ལོ་ལྔའི་རྩ་མདུད་ཞིག་པ་དང་རླུང་ལྔ་མལ་འཆུག་པས་ཕྱི་ནང་གསང་གསུམ་གྱི་འབྱུང་བ་སོ་སོར་ཐིམ་པ་ཡིན་ཏེ། འདི་དག་གི་ཐིམ་ཚུལ་རྒྱས་པ་ནི་རྫོགས་ཆེན་རིག་པ་རང་ཤར་གྱི་རྒྱུད་སོགས་ལས་རྒྱ་ཆེར་འབྱུང་མོད་ཀྱང་། འདིར་ཡིག་ཚོགས་ལ་འཛེམ་ནས་མ་བརྗོད་ལ། གསར་རྙིང་སྤྱི་མཐུན་ལྟར་གྱི་འགག་བསྡུས་ཏེ་བསྟན་ན། དེ་ཡང་དང་པོར་མཉམ་གནས་ཀྱི་རླུང་མལ་འཆུགས་པའི་རྐྱེན་གྱིས་ཁ་ཟས་མི་འཇུ་ཞིང་དྲོད་མཐའ་ནས་སྡུད། སྲོག་འཛིན་འཆུགས་པས་ཤེས་པ་མི་གསལ་ཞིང་འཚུབས་པ་དང་། ཐུར་སེལ་འཆུགས་པས་གཤང་ལྕི་མི་ཐུབ་པ་དང་། གྱེན་རྒྱུ་འཆུགས་པས་ཟས་སྐོམ་ནང་དུ་མྱིད་མི་ཤེས་ཤིང་དབུགས་སྣ་ཐུང་། ཁྱབ་བྱེད་འཆུགས་པས་ཡན་ལག་ལས་སུ་མི་རུང་ཞིང་རྩ་རྣམས་སྡུད་པར་འགྱུར་ལ། རྩ་འཁོར་རྣམས་འཇིག་པའི་ཐོག་མར་ལྟེ་བའི་རྩ་འཁོར་འཇིག་པར་བཤད་ཅིང་། དེ་ནས་རིམ་པ་ལྟར། འདེགས་བྱེད་ཀྱི་རླུང་བྲོས་པས་ས་ཁམས་ཆུ་ཁམས་ལ་ཐིམ་པས་ཕྱིའི་རྟགས་སུ་ལུས་ཀྱི་སྟོབས་ཤོར་ཏེ། མཇིངས་པས་མགོ་མི་ཐེག རྐང་པས་ལུས་མི་ཐེག ལག་པས་ཟས་སྣོད་མི་ཐེག བྱད་ལ་ཧམ་པ་དང་སོ་ལ་དྲེག་ནག་ཆགས་ཤིང་ཁ་ཆུ་སྣ་ཆུ་མི་ཐུབ་པ་འབྱུང་ལ། ཕྱིའི་རྟགས་དེ་རྣམས་བྱུང་ཚེ་ནང་གི་རྟགས་སུ་ཤེས་པ་རབ་ཏུ་བྱིང་ཞིང་འཐིབས་པའི་དབང་གིས་ཤིན་ཏུ་ཟུབས་པའི་སྣང་བ་ཤར་ཏེ། ལག་པ་ཕྱི་རུ་འདོན་ཞིང་། གོས་གསོལ་བ་དང་། ང་སློང་དང་། ཞེས་ཟེར་ཞིང་མིག་མཐོངས་ཁར་ལྟ་བར་བྱེད་ལ། འདི་དུས་གསང་བའི་རྟགས་སུ་འོད་གསལ་སྨིག་སྒྱུ་ལྟ་བུ་རབ་རིབ་ཏུ་འཆར་བའི་དུས་ཡིན། དེ་ནས་སྙིང་གའི་རྩ་འཁོར་འཇིག་ཅིང་བཀྲག་མདངས་བསྐྱེད་པའི་རླུང་བྲོས་པས། ཆུ་ཁམས་མེ་ལ་ཐིམ། རྟགས་སུ་ཁ་ལྕེ་སྐམ་ཞིང་སྣ་ཞོམ། ལྕེ་རྩེ་རང་གིས་མི་མཐོང་ཞིང་འཁྱོག ནང་རྟགས་སུ་ཤེས་པ་བུན་ཞིང་འཚུབས་པས་ཚིག་པ་ཟ་བ་དང་། གསང་རྟགས་སུ་དུ་བ་ལྟ་བུ་ལང་ལོང་དུ་སྣང་བ་འབྱུང་། དེ་ནས་མགྲིན་པའི་རྩ་འཁོར་འཇིག་ཅིང་དངས་སྙིགས་འབྱིན་པའི་རླུང་བྲོས་ཏེ། མེ་ཁམས་རླུང་ལ་ཐིམ་པའི་ཕྱི་རྟགས་སུ། ཁ་སྣའི་དབུགས་གྲང་སིལ་གྱིས་འགྲོ་ཞིང་། ལུས་ནང་གི་དྲོད་རྣམས་ཕྱིར་འཆོར་བའི་རླངས་པ་ཐོལ་གྱིས་བྱུང་ནས་དྲོད་མཐའ་ནས་ཆད། ནང་རྟགས་སུ་ཤེས་པ་རེས་གསལ་རེས་མི་གསལ་བས། མི་ངོ་ཤེས་ལ་མི་ཤེས་ཙམ་དང་། ཕྱི་རོལ་གྱི་སྣང་བ་འདི་གསལ་པོར་མི་མཐོང་། གསང་རྟགས་སྲིན་བུ་མེ་ཁྱེར་ལྟར་དམར་ཁྱིམ་ཁྱིམ་པ་འཆར། དེ་ནས་གསང་གནས་ཀྱི་རྩ་འཁོར་འཇིག་ཅིང་བསྐལ་པ་ལས་ཀྱི་རླུང་བྲོས་པས། རླུང་ཁམས་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་བརྩེགས་མར་འབྱུང་ཞིང་། ཕྱིར་རྒྱུ་བ་རིང་ལ་ནང་དུ་སྡུད་དཀའ་བ་དང་། སྒྲ་ངར་ངར་པོ་འབྱིན་ཅིང་མིག་གྱེན་ལ་ལོག ནང་རྟགས་སུ་ཤེས་པ་འཁྲུལ་ནས་མཐོང་སྣང་སྣ་ཚོགས་འཆར་ཏེ། སྡིག་ཆེན་རྣམས་ལ་གཤིན་རྗེའི་སྣང་བ་མཐོང་བས་ལུས་སྤྲད་སྤྲད་དང་མི་བཟོད་པའི་རྣམ་འགྱུར་བྱེད་ཅིང་འཇིགས་པའི་སྒྲ་སྐད་འདོན། ལས་བཟང་པོ་རྣམས་ལ་ནི་དཔའ་བོ་མཁའ་འགྲོའི་བསུ་མ་དང་དགའ་བའི་སྣང་བ་འཆར་བར་བཤད། གསང་རྟགས་སུ་སྒྲོན་མེ་འབར་བ་ལྟ་བུའི་སྣང་བ་འཆར་ཏེ། དེ་ལྟར་འབྱུང་བ་ལྔ་དང་རླུང་ཆེན་ལྔ་ཐིམ་པ་དེའི་ཚེ། ཡན་ལག་གི་རླུང་ལྔ་ཡང་ཞར་ལ་མལ་འཆུགས་པས་དབང་པོ་སྐྱེ་མཆེད་རྣམས་ཀྱང་རིམ་གྱིས་ཐིམ་པ་སྟེ། མིག རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་རྣམས་ནུས་པ་ཉམས་ཤིང་ཐིམ་པའི་གནད་ཀྱིས། གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་མི་ཚོར་བའམ། ཅུང་ཟད་ཚོར་བ་དག་ཀྱང་ལོག་པར་ཚོར་ཞིང་བཟང་ངན་གྱི་དབྱེ་བ་སྤུ་རིས་མི་ཕྱེད་པར་འགྱུར། དེ་ནས་རྣམ་ཤེས་ནམ་མཁར་ཐིམ་པ་ཞེས་བྱ་སྟེ་ཕྱི་དབུགས་ཆད་དེ། འདི་དུས་ལུས་ཀྱི་མདོག་སྣུམ་ཞིང་འཇམ་པ་དང་། སྙིང་ཁ་ཡན་ཆད་དུ་དྲོད་ཅུང་ཟད་ཡོད་ལ། བར་དོ་འཕྲང་སྒྲོལ་སོགས་ལས་ནི། འདི་ཡན་ལ་ཐུན་མོང་གི་འཆི་རྟགས་ཞེས་བྱ་བ་ཡིན་པས། ནད་གདོན་གྱི་བྱེད་པས་འགའ་ཞིག་འཚམས་འདི་ནས་ཚུར་ལྡོག་པ་ཡང་འབྱུང་བར་གསུངས་སོ། །དེ་ནས་ཁྱད་པར་གྱི་འཆི་རྟགས་ཅིས་ཀྱང་ལྡོག་མི་སྲིད་པ་ནི་སྣང་རྟོག་ཕྲ་རག་གི་ཐིམ་རིམ་རྣམས་ཡིན་ཏེ། དེ་ཡང་དུས་འཁོར་རྩ་རྒྱུད་ལས། ལུས་ཅན་རྣམས་ནི་འཆི་བ་ན། །ཟླ་བ་བདུད་རྩི་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་དང་། །རྣམ་ཤེས་སྲིད་པའི་མཚན་ཉིད་དོ། །ཞེས་པ་ལྟར། སྣང་མཆེད་ཐོབ་གསུམ་ཐིམ་ཞིང་དུག་གསུམ་ལས་གྱུར་པའི་རྟོག་པའི་རང་བཞིན་བརྒྱད་ཅུ་འགག་པས་དཀར་ལམ་སོགས་ཤར་བ་སྟེ། འདི་སྐབས་སུ་དཀར་ལམ་དམར་ལམ་གཉིས་པོ་སྔོན་ལ་འཆར་ཚུལ་ངེས་མེད་བཤད་ཀྱང་། འདིར་དུས་འཁོར་ལུགས་ལྟར་འཆད་པར་བྱ་སྟེ། དེ་ཡང་ལུས་ཅན་རྣམས་ཀྱི་དབུ་མའི་ཡར་སྣ་སྟེ་སྤྱི་བོར་ཕ་ལས་ཐོབ་པའི་ཁམས་ཀུན་རྫོབ་རྒྱུའི་ཐིག་ལེ་དཀར་པོ་ཧཾ་ཡིག་གི་ཚུལ་དུ་གནས་པ་དེ། སྟེང་རླུང་འཆུགས་པའི་གནད་ཀྱིས་དབུ་མའི་ལམ་ནས་ཐུར་དུ་འབྱུང་སྟེ། རང་སྣང་དུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་གྱི་འཆར་བ་དང་དུས་མཚུངས་པར། ཞེ་སྡང་ལས་གྱུར་པའི་རྟོག་ཚོགས་ཀྱི་བྱེ་བྲག་སུམ་ཅུ་རྩ་གསུམ་རྣམས་འགགས་པར་འགྱུར་བ་སྟེ། དེ་དག་གང་ཞེ་ན། ཆགས་བྲལ་བར་མ་ཆེན་པོ་དང་། །ཡིད་ཀྱི་འགྲོ་དང་འོང་བ་དང་། །མྱ་ངན་ཆུང་འབྲིང་ཆེ་གསུམ་དང་། །ཞི་དང་རྣམ་པར་རྟོག་པ་དང་། །འཇིགས་དང་བར་འཇིགས་ཤིན་ཏུ་འཇིགས། །སྲིད་དང་བར་སྲིད་ཤིན་ཏུ་སྲིད། །ཉེར་ལེན་མི་དགེ་བཀྲེས་དང་སྐོམས། །ཚོར་དང་ཚོར་འབྲིང་ཤིན་ཏུ་ཚོར། །རིག་དང་རིག་སོ་འཛིན་པའི་གཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་བརྩེ་བ་ཆུང་འབྲིང་ཆེ། །དགོས་བཅས་སྡུད་དང་ཕྲག་དོག་སྟེ། །རྣམ་རྟོག་སུམ་ཅུ་རྩ་གསུམ་ཡིན། །ཞེས་པ་རྣམས་འགག་གོ ། དེ་ནས་ཡང་དབུ་མའི་མར་སྣ་སྟེ་ལྟེ་བར་མ་ལས་ཐོབ་པའི་ཁམས་དམར་ཆའི་དྭངས་མ་ཨ་ཤད་ཀྱི་རྣམ་པར་གནས་པ་དེ་ཉིད་འོག་རླུང་འཆུགས་པའི་མཐུས་གྱེན་དུ་འགྲོ་བའི་དུས་སུ་སྣང་བ་དམར་ལམ་པ་གཅིག་འཆར་བ་དང་ལྷན་ཅིག འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་རྣམས་འགགས་ཏེ། གང་ཞེ་ན། ཆགས་པ་དང་ནི་ཞེན་པ་དང་། །དགའ་དང་བར་དགའ་ཤིན་ཏུ་དགའ། །རངས་པ་དང་ནི་རབ་མགུ་དང་། །ངོ་མཚར་ཚིམས་དང་རྒོད་དང་འཁྱུད། །འོ་བྱེད་འཇིབས་དང་བརྟེན་པ་དང་། །བརྩོན་དང་ཁེངས་དང་བྱ་བ་དང་། །འགྲོགས་དང་སྟོབས་དང་སྤྲོ་བ་དང་། །དགའ་ལ་སྦྱོར་བ་ཆུང་འབྲིང་ཆེ། །དྲེག་དང་རྣམ་པར་རྒེག་( རྟོག)པ་དང་། །འགྲེས་དང་དགེ་དང་ཚིག་གསལ་དང་། །བདེན་དང་བདེན་མིན་ངེས་པ་དང་། །ཉེར་ལེན་སྦྱིན་དང་བསྐུལ་དང་དཔའ། །ངོ་ཚ་མེད་དང་ཟིན་དང་གདུག །མི་སྲུན་དང་ནི་གྱ་གྱུའོ། །ཞེས་པ་རྣམས་འགགས་སོ། །དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་རིག་པ་བསྐྱོད་དེ་བྱང་སེམས་དཀར་དམར་འཕྲད་པའི་བར་དུ་འཐུམ། འཚམས་དེར་སྣང་བ་ནག་ལམ་པ་ཞིག་འཆར་ཞིང་། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་འགགས་ཏེ། གང་ཞེ་ན། ཆགས་པ་བར་མའི་སྐད་ཅིག་དང། །བརྗེད་ངས་འཁྲུལ་དང་མི་སྨྲར་འགྱུར། །སྐྱོ་དང་ལེ་ལོ་ཐེ་ཚོམ་བདུན། །ཞེས་པ་ཐམས་ཅད་འགགས་ཤིང་། འགའ་ཞིག་ལ་སྐབས་འདིར་ནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་མྱོང་བར་ཡང་བཤད་ལ། གཞན་ནི་ཐིམ་པ་རྣམས་རྫོགས་པའི་སྐབས་འདིར་རྩ་རླུང་ཁམས་སེམས་ཀུན་གྱི་དྭངས་མ་སྙིང་ཁར་ལྷན་ཅིག་འཛོམ་པ་ལ་བརྟེན་ནས། ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་ཀྱང་བྱ་སྟེ། བར་དོ་དང་པོའི་གཞིའི་འོད་གསལ་འཇག་མིག་གི་སྲིན་བུ་ཡན་ཆད་ལ་འཆར་བའོ། །ད་ནི་བར་དོ་འདི་དག་ལམ་དུ་འཁྱེར་ཚུལ་འཆད་དེ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པའི་ཚུལ་དང་། སྒོས་སུ་རང་ཉིད་ནམ་མཆི་ཆ་མེད་དང་། ཁྱད་པར་དུ་འཆི་དུས་བླ་མའི་གདམས་ངག་མ་གཏོགས་གང་གིས་ཀྱང་མི་ཕན་པའི་ཚུལ་རྣམས་རྟག་ཏུ་ཡིད་ལ་མ་བསམ་ན་ཆོས་ཀྱི་སྣ་ཁ་མང་པོ་ལ་རྟོག་འཇུག་གམ། སྐྱིད་འདོད་ལྟོ་གོས་ཀྱི་རྩོལ་སྒྲུབ་སོགས་བྱེད་པའི་བར་ལ་འཆི་བ་སླེབ་སྟེ་འགྱོད་དགོས་པ་འབྱུང་བ་ཉིད། ཆེད་དུ་བརྗོད་པའི་ཚོམ་ལས། བུ་དང་ནོར་ཕྱུགས་འབྱོར་བ་ལ། །མི་རྣམས་ཡིད་ནི་རྣམས་ཆགས་ནས། །འདི་ནི་བྱས་ཟིན་ད་འདི་བྱ། །དེ་དག་བྱས་ནས་འདི་བྱ་ཞེས། །མི་རྣམས་གཡེང་བས་བསླུས་ཀྱི་བར། །འཆི་བདག་གིས་ནི་བླངས་ནས་འགྲོ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་མཁས་གྲུབ་རྣམས་ཀྱི་གསུང་མགུར་སོགས་ལས་རྒྱ་ཆེར་འབྱུང་བ་བཞིན། ཆོས་སྙིང་པོར་དྲིལ་བ་གཅིག་མ་བྱས་ན། རྣམ་རིག་དང་ཐོས་བསམ་སོགས་ཀྱིས་དགོས་དུས་བསླུས་པ་མང་ཞིང་། ཁྱད་པར་ཚེའི་དུས་ལ་ནམ་བབ་པའི་སྐབས་དེར་ཡང་ལུགས་གཉིས་ཀའི་བྱ་བྱེད་སྤྲོས་བཅས་རྣམས་ཀྱི་ལྷག་མའམ་འཕྲོ་སོགས་ལུས་པའི་སེམས་འཁྲལ་ལྟ་བུ་དང་། གཉེན་འདུན་མཛའ་གྲོགས་མཐོ་དམན་གང་དང་གང་ལའང་ཆགས་པ་དང་སྡང་བའི་ཡིད་བྱེད་ཐམས་ཅད་རྩ་བ་ནས་ལིངས་ཀྱིས་དོར། ཟང་ཟིང་ཡོ་བྱད་ཀྱི་རིགས་ཀྱང་ཆེ་བ་སྐུ་གསུང་ཐུགས་རྟེན་སོགས་ནས། ཆུང་བ་ཁབ་སྐུད་ཡན་ཆད་རྣམས་ལྟོས་མེད་མཆོད་སྦྱིན་དུ་བྱས་ལ། སེམས་ཀྱི་ལྷག་མ་སྤུ་ཙམ་ཡང་ལུས་རྒྱུ་དང་ཞེན་ཡུལ་མེད་པར་བྱེད་པ་ནི་གལ་ཆེན་གྱི་གནད་དུ་སྣང་བས་བློ་ཐག་ཆོད་པར་བྱ། འཆི་ཁའི་བསམ་པ་སྟོབས་དབང་བཙན་པས། སྡོམ་པ་དམ་ཚིག་སོགས་ལ་ཉེས་ལྟུང་ཕྲ་ཞིང་ཕྲ་བའི་རིགས་ཚོར་བ་དང་མ་ཚོར་བ་མཐའ་དག་དངོས་སམ་ཡིད་ཀྱིས་བཤག་སྡོམ་བྱ་བ་དང་། དངོས་སུ་བླ་མའམ་མ་འཛོམ་ཀྱང་སྐྱབས་ཡུལ་དང་བླ་མའི་རྣལ་འབྱོར་གསལ་ལ་ཏིང་ངེ་འཛིན་གྱི་དབང་དང་སྡོམ་པ་བླངས། །གྲོགས་ཀྱང་དམ་གཙང་ཆོས་མཐུན་གདམས་ངག་གི་གསལ་འདེབས་སོགས་ཤེས་པ་ཡོད་ན་ཤིན་ཏུ་ལེགས་ལ། གཞན་ནི་འཇིག་རྟེན་གྱི་གཉེན་འདུན་སོགས་ངུ་སྐད་དང་མྱ་ངན་གྱི་ཆགས་སྡང་བསྐྱེད་པའི་རྐྱེན་རྣམས་མཐའ་བསྐོར་དུ་མེད་པ་གལ་ཆེ། རབ་ཀྱིས་ནི་སྔར་བཤད་པ་བཞིན། རི་དྭགས་ལྟ་བུའི་འཆི་ལུགས་སོགས་ཁོ་ན་ལེགས་པར་གསུངས་པས་གྲོགས་ཀྱི་སྤྲོས་པ་བཅད། དེ་ནས་ཐིམ་རིམ་རྣམས་ཀྱང་འདིར་བཤད་པ་རྣམས་གང་ཟག་སྤྱི་ཁྱབ་ལ་འབྱུང་ཚུལ་ཙམ་སྟེ། གཞན་ནི་སོ་སོའི་རྩ་རླུང་ཁམས་རིགས་ཀྱི་ཁྱད་པར་ཐ་དད་དང་། ནད་གདོན་རྐྱེན་དབང་སོགས་ཀྱིས་ངེས་མེད་འབྱུང་ཕྱིར། ཐིམ་རིམ་སྔ་རྟིང་སྣ་ཚོགས་དང་། འགའ་ཞིག་ལ་ནི་ཅིག་ཆར་རྩལ་སྤྲུགས་སུ་བསྡུ་བ་ཡང་འབྱུང་བ་ལས་འདི་བཞིན་ཚད་ཅན་དུ་ནི་མི་འབྱུང་སྟེ། གང་ལྟར་ཡང་ཕྱི་ནང་གསང་བའི་རྟགས་སྣང་འབྱུང་ཚུལ་རྣམས་སྔ་གོང་ནས་བློ་ལ་འཇོགས་ཤིང་འདྲིས་པ་གལ་ཆེ། དེ་ནས་དུས་ལ་ནམ་བབ་པའི་ཚེ། ལུས་གནད་རབ་ཀྱིས་ཙོག་པུའམ་མི་ནུས་ན་གཞོག་གཡས་ཕབ་སྟེ། སེངྒེའི་ཉལ་ལུགས་སུ་བྱ་ཞིང་། ཉམས་ལེན་གོམས་འདྲིས་གང་ལ་ཡོད་པ་དེ་ཉིད་ལ་དྲིལ་དགོས་ཕྱིར། ཕྱག་རྒྱ་ཆེན་པོའམ། རྫོགས་ཆེན་ཁྲེགས་ཆོད་པའམ། ཞི་བྱེད་པ་སོགས་མདོར་ན་སྟོང་གསལ་རང་རིག་གི་དྲན་པ་ཉམས་ལེན་གྱི་གཙོ་བོར་བྱེད་པ་ཞིག་ཡིན་ན། འདི་དུས་ཐིམ་རིམ་གང་དང་གང་ཤར་ཐམས་ཅད་གནས་ལུགས་ཆོས་ཉིད་ཀྱི་ངང་ཁོ་ནར་གློད་པ་ལས་གཞན་དུ་མ་ཡེངས་མ་འཁྲུལ་ཙམ་ཁོ་ན་ལ་ཆིག་དྲིལ་དུ་བྱས་ན་གཞིའི་འོད་གསལ་ལ་མ་སླེབ་ཀྱི་བར་དུ་གཞན་གང་ཡང་བྱ་མི་དགོས་ལ། དེར་སླེབ་ནས་ནི་གྲོལ་བ་ལ་ཚེགས་མེད་དོ། །ཡང་སྦྱོར་དྲུག་པའམ། རྫོགས་ཆེན་ཐོད་རྒལ་སྣང་མུན་གཉིས་ཀྱི་འོད་གསལ་ལ་གོམས་པ་ཞིག་ཡིན་ན། འབྱུང་བཞི་ཐིམ་ཚེ་གསང་རྟགས་སུ་དུ་བ་སྨིག་སྒྱུ་སོགས་རིམ་ཅན་དུ་ཤར་བ་མཐའ་དག་རང་རིག་ཆོས་སྐུའི་གསལ་མདངས་ཁོ་ནར་ཐག་ཆོད་པའི་ངེས་པ་དང་། གསལ་སྟོང་ཡེ་ཤེས་ལྷུན་གྲུབ་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད། ཡང་ལམ་འབྲས་དང་། ཆོས་དྲུག་སོགས་ཟབ་ལམ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་གདམས་པ་ལ་འདྲེས་པའི་ཚེ་ནའང་། དེ་དང་མཐུན་པར་རྩ་འཁོར་སོ་སོའི་རླུང་སེམས་སྡུད་རིམ་ངོས་ཟིན་པར་བྱ་ཞིང་། ཁྱད་པར་དུ་དཀར་ལམ་ཤར་བའི་ཚེ། སྣང་བའི་འོད་གསལ་དུ་ཤེས་པའི་དམ་ཚིག་གི་ཕྱག་རྒྱའི་ལམ་ཁྱེར་དགའ་བའི་ཡེ་ཤེས་ཀྱི་དོན་མངོན་དུ་བྱ་བ་དང་། དེ་བཞིན་དུ། དམར་ལམ་འཆར་ཚེ། མཆེད་པའི་ཉམས་ལས་ཀྱི་ཕྱག་རྒྱ་མཆོག་དགའི་ཡེ་ཤེས་དྲན་པ་དང་། ནག་ལམ་འཆར་དུས་ཐོབ་པའི་ཉམས་ཆོས་ཀྱི་ཕྱག་རྒྱའི་དོན་དགའ་བྲལ་ལམ་ཁྱད་དགའི་ཡེ་ཤེས་ལ་མཉམ་པར་འཇོག་པ་དང་། ཡང་གང་ཟག་དེ་ལྟ་བུའི་ནད་གཅོད་ཀྱི་ཟུག་རྔུ་གང་བྱུང་ཉམས་ལེན་དང་བསྲེས་ལ་ལྷན་སྐྱེས་གཞིའི་འོད་གསལ་མ་ཤར་གྱི་བར་དུ་འཚམས་སྦྱོར་ངན་པ་གཞན་གྱིས་བར་མ་ཆོད་པར་བྱའོ། །ཡང་། གང་ཟག་དེ་ལྟ་བུའི་ཉམས་རྟོག་དང་ལྡན་པ་ཞིག་མིན་ནའང་། བྱིན་རླབས་བླ་མའི་མོས་གུས་ལ་གནད་དུ་བསྣུན་ཏེ། དང་པོར་ས་ཁམས་ཐིམ་ཅིང་འོད་གསལ་སྨིག་སྒྱུ་ལྟར་སྣང་བའི་དུས་ན། སྙིང་གར་བླ་མ་བསྒོམ་ཞིང་མོས་གུས་རྩེ་གཅིག་བྱས་ལ་ཡིད་ཀྱིས་གསོལ་བ་གདབ། ཆུ་ཁམས་ཐིམ་ནས་དུ་བ་ལྟ་བུ་སྣང་དུས་ལྟེ་འཁོར་དུ་བླ་མ་བསྒོམ་པ་དང་། མེ་ཁམས་ཐིམ་ཞིང་མེ་ཁྱེར་ལྟ་བུ་འཆར་ཚེ། དཔྲལ་བར་བླ་མ་བསྒོམ། རླུང་ཁམས་ཐིམ་སྟེ་སྒྲོན་མེ་འབར་བར་སྣང་དུས་གསང་གནས་སུ་བླ་མ་བསྒོམ། འོད་གསལ་དང་པོ་འཆར་བའི་དུས་ཀྱང་བླ་མའི་ཐུགས་ཆོས་ཀྱི་སྐུའི་ངོ་བོར་ངེས་ཤེས་བསྐྱེད་ཅིང་། མདོར་ན་གང་ཟག་འདི་ལྟ་བུ་ལ་ནི་ཁྱད་པར་དུ་དྲན་ཆོག་བླ་མའི་འཕོ་བ་ལ་གནད་དུ་བསྣུན་དགོས་པར་གསུངས་སོ། །ད་ནི་ཞར་ལ་འཕོ་བའི་སྐབས་དོན་བཤད་པ་ལའང་གསུམ་སྟེ། གང་ཟག་གི་ཁྱད་པར་དང་། འཕོ་དུས་དང་། འཕོ་བ་དངོས་དང་གསུམ་ལས། དང་པོ་གང་ཟག་ནི། དེ་ཡང་རྣལ་འབྱོར་རབ་ཚེ་འདིར་ཕྱག་རྫོགས་སོགས་ཀྱི་དོན་མངོན་དུ་གྱུར་ཏེ། ལྷག་མེད་འགྲུབ་པའམ་མ་འགྲུབ་ཀྱང་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་གྱི་གདེང་ལྡན་དག་ལ་ནི་འཕོ་བའི་མན་ངག་ལོགས་སུ་སྦྱོང་ཡང་མི་དགོས་ལ། འཕོ་བ་འདེབས་ཀྱང་མི་འཚལ་ཏེ། འོན་ཀྱང་གདུལ་བྱ་གཞན་དྲང་བའི་དོན་ལ་དགོངས་ནས་འཕོ་བའི་ཚུལ་མཛད་པ་ལྟར་སྣང་བ་ནི། རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་སོགས་མང་པོ་དང་། བོད་དུའང་རྗེ་མར་པ་མྱ་ངན་ལས་འདའ་ཁར། ཡུམ་བདག་མེད་མ་འོད་ཀྱི་གོང་བུར་གྱུར་ནས་ཐུགས་ཀར་བསྡུས་ཏེ། སྐུ་ལུས་བསྲང་མཛད་ནས། བུ་ཀུན་འཕོ་བ་བྱེད་ན་འདི་ལྟར་གྱིས་ཤིག་གསུངས་ཏེ། དབུ་ཐོད་ཀྱི་ཚལ་བུ་ཡར་བའི་ཤུལ་ནས་འོད་ལྔ་ལྡན་སྒོ་ང་ཙམ་གཅིག་སྟེང་གི་ནམ་མཁར་འཕགས་པའི་སྣང་ཚུལ་བསྟན་པ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་ཚོགས་འཁོར་ཀྱི་དབུས་སུ་ཞལ་ཆེམས་ཀྱི་མགུར་གསུངས་པའི་མཐར། དབུ་གཙུག་ནས་འོད་དཀར་པོ་རྫ་མ་ཙམ་ཞིག་ནམ་མཁར་འཕགས་ཤིང་ཇེ་ཆེར་གྱུར་པའི་འཇའ་འོད་དང་ཐིག་ལེས་ནམ་མཁའ་ཁྱབ་པར་མཛད་པ་སོགས། མདོར་ན་གསར་རྙིང་གི་གྲུབ་ཐོབ་སྐྱེས་ཆེན་དུ་མས་འདི་ལྟར་མཛད་ཚུལ་ཤིན་ཏུ་མང་མོད་ཀྱི། འདི་དག་ནི་མིང་འཕོ་བ་རུ་བཏགས་ཀྱང་དོན་ལ་འཇའ་ལུས་དང་ཁྱད་ཆེར་མི་འབྱུང་ལ། ཡང་གང་ཞིག་རྩ་བའི་དམ་ཚིག་ཉམས་པའི་རིགས་ཅན་འགའ་ཞིག་ལ་ནི་འཕོ་བ་བཏབ་ཀྱང་མི་ཐེབ་པར་བཤད། ཅིའི་ཕྱིར་ན། འཕོ་བ་ནི་གདམས་ངག་དང་བྱིན་རླབས་ལ་རག་ཅིང་། དེ་ནི་བླ་མ་ལ་རག་ལས་པས་དེ་ལ་དམ་ཚིག་རྩ་བ་ནས་ཉམས་ཤིང་མ་བཤགས་ན་བྱིན་རླབས་འཇུག་པའི་ཡུལ་མེད་ཕྱིར་འཕོ་བ་ཡང་འབྲས་བུ་མེད་དོ། །འོ་ན་རྡོ་རྗེ་གདན་བཞིའི་རྒྱུད་ལས། མཚམས་མེད་ལྔ་པོ་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་གྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་གསུངས་མོད་སྙམ་ན། དེ་ནི་དང་པོ་སྡིག་པ་ལ་སྤྱད་ཀྱང་སླར་ཉམས་ལེན་ལ་ཞུགས་པས་གྲོལ་བ་རྣམས་དང་། དེར་མ་ཟད་རྡོ་རྗེ་སློབ་དཔོན་ལ་དམ་ཚིག་མ་ཉམས་ཤིང་དད་པ་དང་ལྡན་ན་སྡིག་ཅན་ཀྱང་འཕོ་བས་གྲོལ་བ་ལ་དགོངས་པའོ། །དེ་ལྟར་གང་ཟག་ཡར་མར་ཟང་ཐལ་གཉིས་མ་གཏོགས་པའི་བར་པ་ཐམས་ཅད་ལ་འཕོ་བ་འགྲུབ་པའི་སྣོད་རུང་དུ་གསུངས་སོ། །གཉིས་པ་འཕོ་བའི་དུས་ནི། ཕྱི་འབྱུང་རགས་པ་ཐིམ་པ་ཡན་ཆད་ནི་ཚུར་སོས་པ་ཡང་སྲིད་ལ། གང་ཟག་གཞན་ལ་འདེབས་པ་ན། འཕོ་བ་འདེབས་སྔ་ན་དེ་ཁོང་ཁྲོ་སོགས་འཚམས་སྦྱོར་ངན་པ་བྱེད་རྐྱེན་གྱི་ཉེན་ཡང་ཡོད་པ་དང་། གཞན་ཡང་རྒྱུད་ལས། དུས་ལ་བབ་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་བསད་པར་འགྱུར། །ཞེས་སོགས་གསུངས་ཕྱིར་དུས་གནད་གལ་ཆེ་ལ། དུས་གནད་ནི་སྔར་བཤད་པ་ལྟར་གྱི་ཕྱིའི་འབྱུང་བ་རྣམས་ཐིམ་ཞིང་ཕྱི་དབུགས་ཆད་ནས། ནང་གི་སྣང་བ་ཐིམ་རྟགས་དཀར་ལམ་ཤར་བ་དང་། འཕོ་བ་གསལ་བཏབ་ལ། མཆེད་པ་ཐིམ་རྟགས་དམར་ལམ་ཤར་འཚམས་སུ་སྡིག་ཆེན་ལ་གཤིན་རྗེའི་འཇིགས་སྣང་དང་། ལས་དག་པ་རྣམས་ལ་དཔའ་བོ་མཁའ་འགྲོས་བསུ་བའི་བཀོད་པ་འཆར་བས། དེ་དུས་འཕོ་བར་བྱའོ། །འཕོ་བའི་གདམས་པ་དངོས་ནི། །སྦྱོང་བ་དང་ལས་སྦྱོར་གཉིས་ཡོད་པས་དང་པོར་སྦྱོང་བ་གལ་ཆེ་ཞིང་། ཇི་ལྟར་སྦྱང་བའི་ཐབས་ཀྱི་རྣམ་གྲངས་མང་ཡང་བསྡུ་ན་ལྔར་འདུས་ཏེ། ཆོས་སྐུ་གཏད་མེད་ཀྱི་འཕོ་བ། ལོངས་སྐུ་ཟུང་འཇུག་གི་འཕོ་བ། སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བ། བྱིན་རླབས་བླ་མའི་འཕོ་བ། འཆུགས་མེད་མཁའ་སྤྱོད་ཀྱི་འཕོ་བ་དང་ལྔར་གསུངས་པ་ལས། དང་པོ་ཆོས་སྐུའི་དེ་༼དོན་༽ ནི་སྔར་བརྗོད་པའི་ཕྱག་རྫོགས་སོགས་ལ་བརྟན་པ་ཐོབ་པ་དེ་ཉིད་ཡིན་ཚེ་ལོགས་སུ་སྦྱང་མི་འཚལ་ཞིང་། འདི་སྐབས། རྫོགས་ཆེན་སྙིང་ཏིག་དག་ལས་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་རང་རིག་འདི་ཉིད། ལམ་དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད། སྒོ་རྒྱང་ཞག་ཆུའི་སྒྲོན་མ་ལས་འཐོན་ཏེ། ཡུལ་དབྱིངས་རྣམ་དག་གི་སྒྲོན་མར་འཕོ་ཚུལ་གྱི་བརྡ་ཐབས་རྒྱས་པར་གསུངས་ཕྱིར། ཆོས་དེ་དག་གི་ཉམས་ལེན་ལ་གོམས་པས་ནི་དེ་ལྟར་བྱ་ཞིང་། ཟབ་ལམ་ཆོས་དྲུག་ལས། གཤིས་ལུགས་གཉུགས་མའི་འཕོ་བ་ཞེས་གསུངས་པ་དེ་ཡང་ཆོས་སྐུའི་འཕོ་བ་འདི་ཉིད་དོ། །གཉིས་པ་ལོངས་སྐུ་ཟུང་འཇུག་ནི། གང་ཟག་བསྐྱེད་རིམ་ཚུལ་ལྡན་ལ་རང་དབང་ཐོབ་པའམ། ཆོས་དྲུག་ལྟར་ན་དག་པའི་སྒྱུ་ལུས་ལ་གོམས་པ་མངོན་དུ་གྱུར་པ་རྣམས་ཀྱི་སྤྱོད་ཡུལ་སྟེ། མདོར་ན་ཆོས་སྐུ་གཟུགས་སྐུ་གཉིས་པོ་འདི་ནི་ཚེ་འདིར་རྫོགས་རིམ་དང་བསྐྱེད་རིམ་ལ་རབ་ཏུ་གོམས་པས་དུས་ལ་ནམ་བབ་ཚེགས་མེད་དུ་འགྲུབ་པ་ལས། ཕལ་བ་གཞན་གྱིས་ནི་མ་ཡིན་ཞིང་། དོན་དམ་གསང་ཆེན་གྱི་འཕོ་བ་ཡང་འདིར་འདུས་པ་ཉིད་དོ། །གསུམ་པ་སྤྲུལ་སྐུ་རྩལ་སྦྱོང་གི་འཕོ་བའམ། གསལ་སྣང་མིག་འཕྲུལ་གྱི་འཕོ་བ་ནི་ད་ལྟ་ནས་རྟགས་ཐོན་དུ་བྱང་བ་གལ་ཆེ་སྟེ། ཁྲིད་རིམ་གང་དག་གི་དཀྱུས་ནས་འབྱུང་བ་ལྟར་རམ། འཕོ་བའི་དགོས་ཁྲིད་བྱེད་ཀྱང་རུང་སྟེ། བླ་མ་ཉམས་མྱོང་བྱིན་རླབས་ཅན་གྱི་དྲུང་དུ་ཞུས་ནས་རྟགས་འཐོན་དུ་སྦྱོང་བར་བྱ་སྟེ། དེ་ཡང་སྐྱབས་སེམས་སོགས་སྔོན་དུ་བཏང་ལ། དངོས་གཞི་ནི། བཅའ་བ་ལུས་ཀྱི་གནད། འཕོ་འཇུག་རླུང་གི་གནད། འཕྲུལ་བསྒྱུར་དམིགས་པའི་གནད་རྣམས་ལ་རྩེ་གཅིག་ཏུ་བྱ་ཞིང་། ལུས་ཡི་དམ་གང་རུང་གི་བསྐྱེད་རིམ་དང་ལྡན་པའི་ངང་ནས། འཁོར་བའི་སྒོ་བརྒྱད་དགག་པ་དང་། གསལ་སྟོང་ལུས་ཀྱི་སྟོང་རའི་ནང་དུ་དབུ་མ་རྩའི་སྟོང་ར་གསལ་བ་དང་། ཚངས་བུག་སྐར་ཁུང་གི་སྟེང་ན་འོད་དཔག་མེད་དམ་ལྷག་པའི་ལྷ་གང་མོས་བསྒོམ་པ་དང་། རླུང་སེམས་ཀྱི་ངོ་བོ་ལྷ་སྐུའམ་ཡིག་འབྲུ་ཕྱག་མཚན་འོད་གོང་ལ་སོགས་དབུ་མའི་ལམ་དུ་འགྲིམ་འགྲུལ་སྤར་འབེབས་ཀྱི་རྩལ་སྦྱོང་བ་རྣམས་དང་། ཐུན་མཐར་ཚེ་བསྲིང་གི་མན་ངག་སོགས་མདོར་ན་འཕོ་བའི་གཞུང་གང་བྱེད་དེ་དང་མཐུན་པར་སྦྱོང་ཞིང་། གལ་ཏེ་ལོག་ནོན་དང་ཁ་བསྒྱུར་སོགས་དགོས་པ་བྱུང་ནའང་བླ་མས་ལེགས་པར་བསྟན་ལ་རྟགས་འཐོན་པར་བྱའོ། །བཞི་པ་བྱིན་རླབས་བླ་མའི་འཕོ་བ་ཡང་། སྤྱི་བོའི་ལྷ་དེ་ཉིད་བླ་མར་བསྒོམ་པ་མ་གཏོགས་གཞན་ཕལ་ཆེར་འདི་དང་མཐུན་ལ། འདི་ལ་ནི་ཁྱད་པར་དུ་བླ་མ་ལ་སངས་རྒྱས་དངོས་སུ་ཤེས་པའི་མོས་གུས་གལ་ཆེའོ། །ལྔ་པ་མཁའ་སྤྱོད་ཀྱི་འཕོ་བ་ནི་དག་པའི་ཞིང་ཁམས་སྦྱོང་བ་སྟེ། འདི་ལ་ནི་གང་ཟག་དེ་རྨི་ལམ་སྤྲུལ་བསྒྱུར་འབྱོངས་པ་ཞིག་དགོས་ཤིང་། རྫོགས་ཆེན་དུ་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་དབྱུང་བའི་གདམས་པ་གསུངས་རྣམས་དང་དོན་གཅིག་གོ ། མཐར་འཕོ་བ་ལས་ལ་སྦྱར་བ་ནི། དེ་ལྟ་བུའི་འཕོ་བའི་རིགས་རྣམས་གང་ལྟར་བྱེད་ཀྱང་ཚེ་འདི་སྣང་གི་ཞེན་ཆགས་དང་དུག་གསུམ་སོགས་ཉོན་མོངས་པའི་དབང་དུ་མ་ཤོར་བར། དམིགས་པ་གར་གཏད་ལ་ཡིད་ཆེས་རྩེ་གཅིག་ལས་སུ་རུང་བ་ཞིག་དགོས་ཏེ། མཚམས་སྦྱོར་ངན་པ་ཅུང་ཟད་ཀྱིས་ཀྱང་འཕོ་བའི་གེགས་བྱེད་པས་ངན་རྟོག་གི་དབང་དུ་སྐད་ཅིག་ཀྱང་མི་གཏང་བར། དུས་ལ་ནམ་བབ་ཚེ་དཔག་ཆེན་གྱི་མདའ་ལྟར་དམིགས་པའི་འབེན་ལ་ཐེ་ཚོམ་མེད་པར་འཕངས་ཏེ་ཕྱིར་མི་དབབ་བོ། དེས་ནི་གྲུ་ཁ་སྐྱ་བའམ་རྟ་ཁ་སྲབ་ཀྱིས་བསྒྱུར་བ་བཞིན་གང་འདོད་ཀྱི་དོན་འགྲུབ་སྟེ། ལར་འཕོ་བ་འཕོ་བ་ཟེར་ཡང་། རང་གི་རིག་པ་དྲི་མེད་འདི་ངོས་བཟུང་ནས་འཁྲུལ་པའི་ལམ་དུ་ཁ་ཤོར་དུ་མི་འཇུག་པར་གདམས་ངག་གི་སྲང་ལ་བཅུར་ནས་ཆོས་ཉིད་ཀྱི་དབྱིངས་སུ་བསྟིམ་པ་ལ་ཟེར་བས། ཚེ་རབས་ནས་སྨོན་ལམ་དང་ཚོགས་གཉིས་ཀྱི་བསགས་རྒྱབ་ཅུང་ཞིག་ཡོད་པ་དང་། ཚེ་འདིར་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་བླ་མ་ལ་མོས་པ་མ་ལོག་ཅིང་། དམ་ཚིག་ལ་ཉེས་ལྟུང་མེད་པ་ཞིག་གིས་ནི་འགྲུབ་སླ་བར་གདའ་ཡང་། སུ་རུང་རུང་གིས་ཡོང་བར་དཀའ་བ་འདྲ་ཞིང་། སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱ་བ་ཟེར་ཡང་གོང་དུ་བཤད་པ་ལྟར་གྱི་རྟེན་འབྲེལ་འཛོམ་དགོས་པར་གསལ་བས་གདམས་ངག་ཐམས་ཅད་ཀྱི་གོམས་འདྲིས་དང་རྟེན་འབྲེལ་ཀུན་ད་ལྟ་རང་དབང་དང་ལོང་ཁྱབ་དུས་ནས་བསྒྲིགས་པ་ནི་གནད་དམ་པའོ། །འདིར་སྨྲས་པ། རྗེ་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་ལས། །ཆོས་མདོ་རྒྱུད་ཟབ་དོན་གྱི་ཆར་བབས་ཀྱང་། །བློ་འཁྲུལ་ཞེན་ཨ་འཐས་ཀྱི་སེམས་ཅན་ལ། །རྒྱུད་སྨིན་གྲོལ་མྱུ་གུ་ཞིག་འཁྲུང་པར་དཀའ། །ཚེ་འདི་གང་ཆོས་མིན་གྱི་དབང་བཏང་ན། །དོན་དགོས་ངེས་དམ་ཆོས་ཉིད་ཡལ་བར་དོར། །ནམ་འཆི་ཁར་འགྱོད་ཆེན་གྱི་མེ་ལོང་དེ། །རང་གདོང་ལ་རང་ཉིད་ཀྱིས་འཕྱར་ཚེ་འཕྱི། །དྲན་གསལ་པོ་མི་ཆོས་ཀྱི་ཕེར་ཡོང་དང་། །ཚིག་ཁ་བཤད་རྒྱ་འབྱམས་ཀྱི་མཁས་པ་རྣམས། །གག་ཐུག་པོ་ཤི་ནད་ཀྱིས་ཐེབས་དུས་དེར། །གྱོད་ལན་ཉེས་སུ་ཞིག་ལ་འདེད་དམ་སོམས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དོན་གསུམ་པ་ཆོས་ཉིད་འོད་གསལ་གྱི་བར་དོའི་རང་བཞིན་བཤད་པ་ལ་ཡང་། ངོ་བོ་ངོས་བཟུང་བ་དང་། འཆར་ཚུལ་རྒྱས་པར་བཤད་པ་དང་། གདམས་ངག་ལམ་དུ་ཁྱེར་ཐབས་དང་གསུམ་གྱི་དང་པོ་ངོ་བོ་གང་ཞེ་ན། དེ་ལྟར་གོང་དུ་བཤད་པའི་ཐིམ་རིམ་མཐའ་དག་རྫོགས་པ་དང་། ཁམས་ཀྱི་དྭངས་མ་དཀར་དམར་ཨ་ཧཾ་ཐབས་ཤེས་ཁ་སྦྱོར་གྱི་བར་དུ་རླུང་རིག་འདུས་པའི་རྐྱེན་གྱིས་ཡེ་གདོད་མའི་འོད་གསལ་ཆོས་ཀྱི་སྐུ་སྤྲོས་བྲལ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་བཅོས་མ་མ་ཡིན་པ་ཞིག་ངེས་པར་འཆར་བ་དེ་ལ། མིང་གི་རྣམ་གྲངས་སུ། རྒྱུའི་ཐེག་པ་རྣམས་ལས་ནི་དོན་དམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཅེས་བྱ་ལ། དབུ་མ་པས་ནི་དོན་དམ་པའི་བདེན་པ་ཅེས་ཟེར། ཕྱག་ཆེན་པ་རྣམས་ནི་མི་རྟོག་པ་ནང་འཕྲོད་པ་ཡང་ཟེར། རྫོགས་ཆེན་སེམས་ཕྱོགས་པས་ནི་རིག་པ་གཤིས་ཐོག་ཏུ་ཕེབ་པ་ཟེར། འོད་གསལ་གསང་སྐོར་རྣམས་ནས་ནི་ལྷུན་གྲུབ་འོད་གསལ་གྱི་བསུན་མ་ཡང་ཟེར། ཟབ་ལམ་པ་རྣམས་ལྷན་སྐྱེས་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ཡང་ཟེར། ཆོས་སྤྱི་ཁྱབ་ཀུན་མཐུན་པར་བར་དོ་དང་པོའི་འོད་གསལ་ཞེས་གྲགས་པ་དེ་ཉིད་དོ། །འཆར་ཚུལ་རྒྱས་པར་བཤད་པ་ལའང་ཐུན་མོང་དང་ཁྱད་པར་གཉིས་ཀྱི་དང་པོ་ནི། དེ་ཡང་རྒྱུད་སྡེ་ཕལ་མོ་ཆེ་རྣམས་ལས་ནི། ཐོག་མར་སྨིག་སྒྱུ་ལ་སོགས་སྔར་བཤད་པ་དེ་རྣམས། རིམ་ཅན་དུ་འཆར་བ་དེ་ལ་སྣང་བའི་འོད་གསལ་དུ་བརྗོད་ལ། ཐིམ་རིམ་རྫོགས་ནས་གཞིའི་འོད་གསལ་དངོས་དེ་ལ་སྣང་མེད་ཀྱིའམ། སྟོང་པའི་འོད་གསལ་ཀྱང་ཟེར། ཡང་འགའ་ཞིག་ལས་ནི། སྣང་མཆེད་ཐོབ་གསུམ་གྱི་འཆར་ཚུལ་དེ་དག་ལ་རྟགས་ཀྱི་འོད་གསལ་དང་། དངོས་གཞི་འདི་ལ་དོན་གྱི་འོད་གསལ་ཞེས་པའི་ཐ་སྙད་ཀྱང་མཛད་ཅིང་། རྒྱུད་གཉིས་མེད་རྣམ་རྒྱལ་ལས་ཀྱང་། དང་པོ་སྨིག་སྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པ་ཟླ་བ་ལྟ་བུ་དང་། །གསུམ་པ་ཉི་མ་ལྟ་བུ་སྟེ། །བཞི་པ་མུན་པ་ལྟ་བུ་དང་། །ཞེས་རྟགས་ཀྱི་འོད་གསལ་རྣམས་བཤད་ནས། ལྔ་པ་སྤྲིན་མེད་ནམ་མཁའ་ལྟར། །མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་དོན་གྱི་འོད་གསལ་དངོས་བསྟན་པའོ། །དེ་དག་ལ་རྟགས་ཀྱི་འོད་གསལ་བརྗོད་པ་ཅི་ཞེ་ན། དང་པོ་སྨིག་སྒྱུ་སོགས་ནི་སྒོ་ལྔའི་རྣམ་ཤེས་ཀུན་གཞིར་ཐིམ་པའི་རྟགས་དང་། དེ་བཞིན་དུ། དཀར་ལམ་ནི་ཉོན་ཡིད་ཀུན་གཞིར་ཐིམ་རྟགས་དང་། དམར་ལམ་ནི་ཡིད་ཤེས་ཐིམ་རྟགས་དང་། ནག་ལམ་ནི་ཀུན་གཞི་མ་རིག་པའི་ཆ་དེ་ཉིད་རང་སར་ཐིམ་པ་དང་། དེ་ཐམས་ཅད་དོན་དམ་ཆོས་དབྱིངས་སུ་ཐིམ་པའི་ཆོས་སྐུའི་ཡེ་ཤེས་དྲི་མ་དངས་པར་འཆར་བ་ཡིན་ལ། དེ་ལྟ་བུའི་གཞིའི་འོད་གསལ་དེ་སྐབས་འདིར་འཆར་བའི་རྒྱུ་ནི། སེམས་ཅན་ཐམས་ཅད་ལ་བདེ་གཤེགས་སྙིང་པོས་ཡེ་ཁྱབ་དུ་གནས་པ་དེ་ཉིད་ལ་ལྷན་ཅིག་སྐྱེས་པའི་མ་རིག་པའམ། ཀུན་གཞི་གཏི་མུག་གི་ཆས་བསྒྲིབས་ཏེ། རང་ལ་ཡོད་པའི་ཡེ་ཤེས་ཡིན་པར་རང་ངོ་མ་ཤེས་པས་རྟག་ཏུ་འཁྲུལ་འབྱམས་སུ་གྱུར་ཅིང་། ཐིམ་རིམ་གྱི་སྐབས་འདིར་སྒྲིབ་ཆ་དེ་དར་ཅིག་རང་སར་ཐིམ་པའི་གནད་ཀྱིས་ཡེ་ཤེས་རྗེན་པར་ཤར་བ་ཡིན་ལ། ཐ་མལ་པ་རྣམས་ལ་ཤར་ཡང་རང་ངོ་མ་ཤེས་པས། སླར་སྒྲིབ་པའི་བག་ཆགས་ལངས་ཏེ་ཡང་ཡང་སྐྱེ་བ་ཕྱི་མའི་འཕྲོ་མཐུད་དེ་འཁོར་བ་ལུ་གུ་རྒྱུད་དུ་གྱུར་པ་ཡིན་པ་དང་། གདམས་པའི་གནད་ལ་གོམས་པ་ཐོབ་པའི་རྣལ་འབྱོར་ལ་ནི། གདོད་མའི་གནས་ལུགས་རང་བཞིན་གྱིས་ཤར་བའི་འོད་གསལ་མ་དེ་དང་། ལམ་ཉམས་སུ་བླངས་པའི་འོད་གསལ་བུ་དེ་གཉིས་སྔར་འདྲིས་ཀྱི་མི་འཕྲད་པའམ། ཆུ་སྣ་རྒྱ་མཚོར་སླེབ་པ་ལྟར་དབྱེར་མེད་དུ་འདྲེས་ཕྱིར་གྲོལ་སླ་བའི་རྒྱུ་མཚན་དེ་ལྟར་ཡིན་པ་སྟེ། འདི་ལ་གསང་སྔགས་གསར་མ་ལྟར་ན། དོན་དམ་པའི་འོག་མིན་ཆོས་ཀྱི་དབྱིངས་རྣམ་དག་གི་ཕོ་བྲང་ན་ཟུང་འཇུག་ཡན་ལག་བདུན་ལྡན་གྱི་སྟོན་པ་རྡོ་རྗེ་འཆང་དབྱིངས་དང་ཡེ་ཤེས་རོ་མཉམ་དུ་གྱུར་པའི་བདག་ཉིད་ཅེས་སོགས་གསུངས་པ་དང་། རྙིང་ལུགས་རྣམས་ནས་ཀྱང་། གདལ་པ་ཆེན་པོ་ཀུན་ཁྱབ་ཀྱི་ཞིང་དུ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་རང་ཤེས་རིག་པའི་རྒྱལ་པོ་དང་། ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་མཁའ་དབྱིངས་རྣམ་པར་དག་པའི་བདག་ཉིད་གཉིས་དབྱེར་མེད་བདེ་ཆེན་ཀ་དག་གི་ངོ་བོར་དུས་བཞི་མཉམ་ཉིད་འཕོ་འགྱུར་མེད་པར་བཞུགས་སོ། །ཞེས་པ་སོགས་མདོར་ན་གསང་སྔགས་ཟབ་མོའི་རྒྱུད་ཀྱི་གླེང་གཞི་ཐམས་ཅད་གནས་ལུགས་འདིའི་མངོན་རྟོགས་སུ་གསུངས་པ་ཁོ་ན་ཉིད་ལས་མ་འདས་ཡིན་ནའང་། བློ་ཆུང་དང་རྟོག་གེ་བ་རྣམས་ཀྱི་བློར་ཤོང་པ་དཀའ་མོད། ཁྱད་པར་སྐབས་འདིར། ཉིད་ཀྱི་དྲིས་པའི་དངོས་དོན་གྱི་སྙིང་པོ་དང་། འཕྲོས་སུ་རྡོ་རྗེའི་ཚིག་རྐང་དང་སྐྱེས་ཆེན་རྣམས་ཀྱི་གསུང་སྒྲོས་ལུང་འདྲེན་དང་བཅས་པ་མཛད་སྣང་བ་དེ་བཞིན་བདག་གི་ཡིད་ལའང་ཤིན་ཏུ་འབབ་ཅིང་། འདི་སྐབས་ནི་གསར་རྙིང་གི་རྒྱུད་སྡེ་རྣམས་དང་། རིག་འཛིན་གྲུབ་ཐོབ་ཐམས་ཅད་བཞེད་པ་ཡང་ཤིན་ཏུ་མཐུན་པར། གཞིའི་འོད་གསལ་འདི་དོན་དམ་ཆོས་སྐུའི་ངོ་བོའམ་གྲོལ་གཞིར་དགོངས་ཚུལ་མཐུན་ལ། འོན་ཀྱང་། རྗེ་ཇོ་ནང་པའི་ཞལ་ཆེམས་སུ། བླ་མ་གཞན་རྣམས་འོད་གསལ་ཞེས་འདོད་པ་དེ་ནི་ཞི་གནས་ལ་བརྟན་པ་ཅུང་ཟད་ཐོབ་པའི་གང་ཟག་ལ་རླུང་དབུ་མར་ཚུད་པའི་བདེ་སྣང་ཅུང་ཞིག་འཆར་བ་ལ་སེམས་ཆགས་པ་ཡིན་ཏེ། བྲག་ཕུག་འོད་གསལ་ཞེས་བྱ་སྟེ་འོད་གསལ་རྣལ་མར་མི་འདོད། ཅེས་གསུངས་པ་ཡོད་པར་གྲགས་ཀྱང་། དགོས་པའང་སྐབས་དོན་གཞན་ལ་དགོངས་པ་ལྟ་བུ་ཡིན་ལས་ཆེ་ཞིང་། གཞན་ནི་ཆོས་ལུགས་ཐམས་ཅད་འདི་སྐབས་བཞེད་ཚུལ་གཅིག་པར་སྣང་ཀྱང་། གང་ཟག་ཕལ་ཆེར་ནི་ཤར་ཡང་ངོ་མ་ཤེས། ཤེས་ཀྱང་གོམས་ཆ་ཆུང་བས་དེའི་ངང་ལ་གནས་མ་ནུས་པའི་ལན་པ་མ་གཏོག་གྲོལ་གཞི་དངོས་ཡིན་པར་ཐེ་ཚོམ་དང་བྲལ་བ་སྟེ། ཇི་སྐད་དུ། རྫོགས་ཆེན་སེངྒེ་རྩལ་རྫོགས་ཀྱི་རྒྱུད་ལས། སངས་རྒྱས་རྣམས་ཀྱི་དགོངས་པའི་ཆོས་ཉིད་ནི། །འགྲོ་བ་ཀུན་ལ་རང་བཞིན་ཡེ་ནས་ཁྱབ། །གསང་བའི་རིག་པ་ཡུལ་ལ་སྣང་གྱུར་ན། །སྣང་བའི་འོད་ལྔ་མ་བུ་ཕྲད་པའི་ཚུལ། །བུ་ཡི་སྣང་བ་མ་ལ་ཐིམ་པའི་ཚེ། །བྱ་བྱེད་བློ་ཡི་སྣང་བ་ཀུན་སངས་ཏེ། །འཁྲུལ་རྟོག་ལུང་གི་ཐེ་ཚོམ་ཆོད་གྱུར་ནས། །ཡེ་ཤེས་ཉི་ཟེར་ཀུན་ཏུ་སྣང་བ་ཡིས། །མཚན་མའི་དངོས་པོ་རབ་ཏུ་དེངས་པར་འགྱུར། །རྣམ་རྟོག་བློ་ཡི་ཐེ་ཚོམ་བྲལ་བའི་མཐུས། །རིག་པའི་ཡེ་ཤེས་སྟོབས་སུ་གྱུར་ནས་ནི། །བསམ་བྲལ་ངང་ལ་དེ་བཞིན་གནས་པ་འབྱུང་། །སྣང་བ་མེད་པའི་ཡེ་ཤེས་ཅི་ཡང་མཐོང་། །གསང་སྔགས་འབྲས་བུ་བཅུད་དང་ལྡན་གྱུར་ནས། །རིག་པའི་ཡེ་ཤེས་ཐིག་པ་མེད་པར་སྣང་། །དེ་ཚེ་རང་གི་དྲན་པ་སད་ནས་ནི། །ཡུལ་རྐྱེན་འབྱུང་བའི་ངོ་བོ་རྣམ་པར་དག །ཐ་སྙད་བྲལ་བའི་ཡེ་ཤེས་དོན་ལ་སྤྱོད། །གསང་སྔགས་ཚད་མའི་སྣང་བ་མཐོང་བར་འགྱུར། །ཡིན་དང་མིན་པའི་ཤེས་པ་མ་ཞུགས་ན། །ཞག་ལྔ་དག་ན་ཏིང་འཛིན་ཐོབ་པར་འགྱུར། །ཞེས་སོགས་དང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ཕྱིར་འདི་ལ་གོམས་པའི་ཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང་། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་གྲོལ། །བྱར་མེད་ལྷུན་རྫོགས་ཆེན་པོའོ། །ཞེས་པ་དང་། གཞན་ཡང་། དུས་འཁོར་རྩ་རྒྱུད་ལས། འོད་གསལ་དེ་ལ་སེམས་ཟིན་ན། །བར་དོ་མེད་པར་མྱ་ངན་དང་། །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལས་ཀྱང་། འོད་གསལ་ཟིན་པའི་གང་ཟག་ལ། །བར་དོའི་གྲོང་ཁྱེར་དེ་མི་མཐོང་། །གཞན་དོན་གཟུགས་སྐུའི་སྣང་བ་འཆར། །དཔེར་ན་ཡིད་བཞིན་ནོར་བུ་བཞིན། །ཞེས་སོགས་ལུང་མཐའ་ཡས་ཕྱིར་ཐེ་ཚོམ་མི་བྱའོ། །དེས་སྤྱི་མཐུན་ལྟར་བཤད་ནས། ཁྱད་པར་རྫོགས་པ་ཆེན་པོ་མན་ངག་གི་སྡེ་དང་། ཡང་གསང་བླ་ན་མེད་པ་སྙིང་ཏིག་སྐོར་གྱི་ལུགས་ལྟར་ན། ཀ་དག་ཆོས་སྐུའི་འོད་གསལ་དང་། ལྷུན་གྲུབ་ལོངས་སྐུའི་འོད་གསལ་གཉིས་སུ་ཕྱེ་བའི་དང་པོ་དེ་ནི་སྔར་བསྟན་པའི་གནས་ལུགས་གཞིའི་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུར་འཆར་བ་དེ་ཉིད་ཡིན་པས། དེར་རང་ངོ་ཤེས་ན་ཤེས་ཐོག་དེར་གདོད་མའི་ཀ་དག་ཆེན་པོར་འཚང་རྒྱ་བས། འོག་མ་རྣམས་འཆར་བའི་སྤྲོས་པ་དང་བྲལ་ལ། གལ་ཏེ་དེ་ཉིད་ལ་གོམས་པ་ཆུང་བས་གྲོལ་མ་ནུས་ན། དེ་ནས་ནང་དབུགས་ཆད་དེ་དམར་ཆ་སྣ་བུག་གཡས་ནས་ཁྲག་གམ་ཆུ་སེར་གྱི་རྣམ་པར་ཕྱིར་འབྱུང་ལ། དཀར་ཆ་གསང་ལམ་ནས་འཐོན་པ་དང་དུས་མཚུངས་སུ། རིག་པ་མེ་སྟག་ཡར་བ་བཞིན་དུ་མིག་སོགས་སྒོ་གང་རུང་ནས་འཐོན་པ་དང་ཆོས་ཉིད་བར་དོ་འཆར་བ་ཡིན་ལ། དེ་ལ་ཀ་དག་ཆོས་སྐུའི་འོད་གསལ་དེར་མ་གྲོལ་ན། ནམ་མཁའ་འོད་གསལ་ལ་ཐིམ་པའི་མཐར། འོད་གསལ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། སྐད་ཅིག་དེར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་རྒྱན་དང་ཆ་ལུགས་ཕྱག་མཚན་སྣ་ཚོགས་པ་མགོ་བརྙན་གྱི་རྣམ་པ་མང་པོ་དང་བཅས་པས་འཇིག་རྟེན་གྱི་ཁམས་གང་བར་འཆར་ཞིང་། ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་དང་། འོད་དང་ཟེར་གྱི་ཚོགས་མཚོན་ཆའི་ཆར་བབས་པ་ལྟ་བུ་སོགས་འཇིགས་རུང་གི་སྣང་བ་ཚད་མེད་པར་འཆར་བ་འབྱུང་སྟེ། འདི་དུས་ངོ་མ་འཕྲོད་པའི་གང་ཟག་རྣམས་སེམས་རབ་ཏུ་སྐྲག་ཅིང་བརྒྱལ་བར་འགྱུར་ལ། བརྒྱལ་སངས་ཙ་ན་དེ་དག་གར་སོང་ཆ་མེད་དུ་ཡལ་ནས། སླར་ཞི་བའི་ལྷ་ཚོགས་རིམ་གྱིས་འཆར་ཏེ། སྣང་ཡུལ་མཐའ་དག་གདོས་བཅས་ས་རྡོ་རི་བྲག་སོགས་མེད་པར་འཇའ་འོད་ཀྱི་རང་བཞིན་ཀུན་ཏུ་གསལ་ཞིང་འཚེར་བ་རྒྱ་ཆེ་ཞིང་ཐོགས་རྡུག་དང་བྲལ་བ། བཀྲག་གསལ་ལྷུན་སྡུག་ཅིང་མཐའ་ལས་འདས་པའི་རང་བཞིན་དུ་འཆར་ཏེ། དེ་ཚེ་རང་གི་ལུས་ཀྱང་འོད་ལུས་ཀྱི་རྣམ་པར་ཡོད་པ་སྙམ་བྱེད་ཅིང་། ཕྱོགས་མཚམས་སྟེང་འོག་ནམ་མཁས་གར་ཁྱབ་ཏུ་འཇའ་འོད་ལྔ་ལྡན་གྱི་ཐིག་ལེ་རྣམ་པ་གྲངས་མེད་པ་རེ་རེའི་ནང་ནའང་རྒྱལ་བ་རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མ་སོགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམ་འགྱུར་ཆ་ལུགས་ངོ་མཚར་ལྟ་བས་ཆོག་མི་ཤེས་པ་དཔག་ཏུ་མེད་པར་འཆར་བའི་ཐུགས་ཀ་ནས་འོད་ཀྱི་ཟེར་ཐག་ཤིན་ཏུ་ཕྲ་བ་རེ་རེ་རང་གི་སྙིང་ཁར་ཟུག་པ་དང་། སྣང་བ་དེ་དག་ཐམས་ཅད་ཀྱང་ཕྲིག་ཕྲིག་ཏུ་བྱེད་ཅིང་སྙིང་གའི་ཟེར་ཐག་དེ་ལས་ཀྱང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཕྲོ་བར་འཆར་ལ། སླར་སྐུ་དེ་དག་ཐམས་ཅད་རང་ཉིད་ལ་ཐིམ་པར་སྣང་བར་འགྱུར་རོ། །དེ་རྗེས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པ་ཞེས་བྱ་བ། རང་གི་སྙིང་ཀ་ནས་སྟེང་གི་ནམ་མཁར་འོད་མཐིང་ཁ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་རྣམས་དར་ཡུག་བརྐྱང་པ་ལྟ་བུ་བརྩེགས་མར་སྣང་ཞིང་། དེ་དག་ལ་རང་རང་གི་ཁ་དོག་དང་མཐུན་པའི་འོད་ཀྱི་ཐིག་ལེ་རེ་རེ་ལ་ཐིག་ཕྲན་ལྔ་ལྔས་བརྒྱན་པ་ཤར་བའི་སྟེང་དུ་འོད་ལྔ་ལྡན་རྨ་བྱའི་གདུགས་ལྟར་བཀྲ་བ་ཞིག་ཀྱང་འཆར་ཏེ། འདི་དག་ལ་ནི་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་ཀྱང་བྱ་སྟེ། ཡེ་ཤེས་བཞི་སྦྱོར་གྱི་འོད་ལམ་ཡིན་ནོ། །འོད་ལམ་ལྗང་གུ་མི་སྣང་བ་ནི་ཉམས་ལེན་གྱི་རྩལ་མ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་འོད་མི་སྣང་བར་གསུངས་སོ། །དེ་ནས་ཡེ་ཤེས་ཉིད་ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་པ་ཞེས་བྱ་བ། གོང་གི་འོད་སྣང་དེ་དག་སྟེང་གི་འོད་ལྔ་གདུགས་ལྟར་སྣང་བ་དེ་ཉིད་ལ་འདུས་ཏེ། སླར་རང་སྣང་གི་སྟེང་ཐམས་ཅད་དུ་ཀ་དག་རིག་སྟོང་མཚོན་པའི་ནམ་མཁའ་སྤྲིན་བྲལ་ལྟ་བུ་ཆོས་སྐུའི་སྣང་བ་དང་། བར་དུ་ལྷུན་གྲུབ་གཟུགས་སྐུ་ཁྲོ་བོའི་ཞིང་དང་། ཞི་བའི་ཞིང་ཁམས་དང་། རང་བཞིན་སྤྲུལ་སྐུའི་ཞིང་གི་བྱེ་བྲག་ཐམས་ཅད་སྣང་ལ། འོག་ཏུ་མ་དག་རིགས་དྲུག་གི་འཇིག་རྟེན་ཀྱི་བཀོད་པ་ཐམས་ཅད་ཀྱང་དུས་གཅིག་ཏུ་སྣང་བ་མེ་ལོང་གི་གཟུགས་བརྙན་བཞིན་དུ་འཆར་ཞིང་། འདིའི་སྐབས་སུ་གང་ཟག་དེ་ལ་མངོན་པར་ཤེས་པ་དྲུག་དང་། རྗེས་སུ་དྲན་པ་དྲུག་དང་། མི་བརྗེད་པའི་གཟུངས་དང་། རྒྱུན་ཀྱི་ཏིང་ངེ་འཛིན་རྣམས་ཀྱང་རང་བཞིན་གྱིས་ཤར་བར་འགྱུར་བ་ཆོས་ཉིད་ཡིན་ལ། གཞན་ཡང་སྔར་ཤེས་པ་དང་མི་ཤེས་པའི་ཆོས་ཀྱི་རྣམ་གྲངས་མང་པོ་ཡང་རྒྱུད་ལ་འཆར་བར་གསུངས་ཏེ། མདོར་ན་འདི་དག་གང་དང་གང་ལ་གདམས་པའི་གནད་དྲན་ཅིང་ཉམས་ལེན་གྱིས་སླེབ་ན་ངེས་པར་གྲོལ་ལ། གལ་ཏེ་གོམས་ཤུགས་ཆུང་བས་མ་གྲོལ་ན། སྲིད་པ་བར་དོར་རྨི་ལམ་གྱི་སྣང་བ་ཙམ་ཞིག་མཐོང་ནས་སླར་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་ཕྱུངས་ཏེ་ས་ལམ་རྣམས་མྱུར་དུ་བགྲོོད་པས་འཚང་རྒྱ་བར་གསུངས་སོ། །ད་ནི་ཆོས་ཉིད་ཀྱི་བར་དོ་འདི་དག་གདམས་ངག་གི་ལམ་དུ་ཁྱེར་ཚུལ་ཇི་ལྟར་བྱ་བ་ནི། དེ་ཡང་དང་པོར་འཆི་ཁ་བར་དོ་ནས་བཟུང་སྟེ་འདི་ཡན་ཆད་དུ་ཡུན་རིང་ཐུང་ཇི་ཙམ་གནས་སྙམ་ན། ད་ལྟ་འཆར་ཚུལ་བཤད་པའི་སྐབས་འདིར་ཚིག་གི་བརྗོད་རྒྱུ་མང་ཞིང་ཁ་ཐག་རིང་བ་ལྟ་བུ་འདི། བར་དོ་འདི་རྣམས་ཀྱང་འཆར་ཡུན་རིང་མོ་ཞིག་ཡོང་བ་འདྲ་བར་ཡོད་ནའང་དོན་ལ་ནི་དེ་ལྟར་མི་འགོར་ཏེ། ཐོག་མར་ཐིམ་རིམ་ཕྱི་ནང་རྣམས་ཀྱང་གང་ཟག་སོ་སོའི་རྩ་ཁམས་དང་ནད་རྐྱེན་གྱི་བྱེ་བྲག་གིས་གཅིག་ཏུ་མ་ངེས་མོད་ཀྱང་། ཕལ་ཆེར་ལ་ཡུད་ཙམ་རེ་ལས་མེད་ཅིང་། ཁྱད་པར་དུ་དཀར་ལམ་དམར་ལམ་ནག་ལམ་རྣམས་ནི་བྱ་རྫོགས་ཀྱི་སྐད་ཅིག་རེ་ལས་མི་གནས་པར་གསུངས་ལ། དེ་ནས་འཆི་བ་འོད་གསལ་ཆོས་སྐུ་ལྷན་སྐྱེས་ཀྱི་ཡེ་ཤེས་ཤར་བ་དེ་ཡང་གང་ཟག་ཕལ་པ་སོགས་ཉམས་ལེན་མེད་པ་ཀུན་ལ་ནི་སེ་གོལ་གྱི་ཡུན་ཙམ་ལས་མི་གནས་པ་མང་ལ། ལ་ལར་ཟན་གཅིག་ཟ་ཡུན་ཙམ་གནས་ཐུབ་པ་ཡང་ཡོད་པ་དང་། ཉམས་ལེན་ཅུང་ཟད་ཡོད་པའི་རིགས་ལ་ནི་ད་ལྟ་མཉམ་བཞག་དངོས་གཞིའི་ངང་ལ་ཇི་ཙམ་རང་དབང་ཐོབ་པ་དེ་དང་མཐུན་པར་གནས་པ་དེ་ལ་བསམ་གཏན་གྱི་ཞག་ཅེས་བྱ་བ་དེ་ཉིད་གཅིག་ནས་ལྔའི་བར་ཅི་རིགས་གནས་པར་གསུངས། ཡང་རྣལ་འབྱོར་པ་རྟོགས་པའི་གདེང་ལྡན་དག་ནི་འོད་གསལ་གྱི་ངང་དེར་ཡུན་ཅི་ཙམ་འདོད་པ་མཉམ་པར་འཇོག་ཅིང་། དེ་ལྟ་བུ་རྣམས་ལ་ནི་མཐར་ཡེ་ཤེས་ཀྱི་གཡོན་ཡེ་ཤེས་ཀྱི་རླུང་རྒྱུ་བའི་གནད་ཡོད་པས་སོ། །རླུང་གིས་རིག་པ་སྤྱི་གཙུག་ཏུ་བཏོན་ནས་ཡར་གྱི་ཟང་ཐལ་ཆེན་པོ་འགྲུབ་ལ། དེའི་རྟགས་སུ་བྱང་སེམས་དཀར་པོ་སྤྱི་བོའམ་སྣ་བུག་གཡོན་པར་འཐོན་པ་འབྱུང་བ་དང་། འཕོ་བ་ཐེབ་པ་ཚུལ་ལྡན་གྱི་རྟགས་ལའང་བྱང་སེམས་འཐོན་ལུགས་འདི་བཞིན་འབྱུང་ཡང་། དེང་སང་གི་འཕོ་བ་ཐེབས་ཡོད་ཟེར་བ་ཕལ་ཆེ་བར་རྟགས་འདི་མ་བྱུང་བ་མང་བས་ཐེབས་མ་ཐེབས་ཐེ་ཚོམ་ལ། ཡང་འཇམ་དབྱངས་དཔལ་ལྡན་བཟང་པོ་སོགས་མཁས་གྲུབ་འགའི་གསུངས་ལས། ཕུང་པོ་ལས་རྣམ་ཤེས་མ་ཐོན་པར་ཡུན་རིང་སྡོད་པ་ཐམས་ཅད་རང་ནི་ཐུག་དམ་ལ་བཞུགས་པ་ཚུལ་ལྡན་ཡིན་པར་མ་ངེས་ཏེ། གང་ཟག་ལ་ལ་ཕུང་པོ་ལ་སེམས་ཆགས་ནས་སྡོད་པ་དག་ཀྱང་ཡོད། ཅེས་གསུངས་ལ། གང་ལྟར་ཡང་མཆོག་དམན་སུ་ལའང་ཁམས་དཀར་དམར་སྟེང་འོག་གི་སྒོར་མ་ཐོན་པའི་བར་ལ་ནི་ཕུང་པོ་བསྲེག་སྦྱོང་སོགས་གཏན་ནས་མི་རུང་བ་ཉིད་དེ། ཅིའི་ཕྱིར་ན། ཐུགས་དམ་ལ་བཞུགས་པ་ཡིན་ན་ནི་དེ་ཡི་བར་ཆད་དུ་འགྱུར་ལ། ཕལ་པ་རོ་ལ་ཆགས་པ་ཡིན་པའི་ཚེ་ནའང་རྣམ་ཤེས་མ་ཐོན་ཚེ་གསད་པ་དང་མཚུངས་པར་འགྱུར་བས་སོ། །དེ་ནས་རྫོགས་ཆེན་ལྟར་གྱི་ལྷུན་གྲུབ་འོད་གསལ་གྱི་སྣང་བ་དེ་དག་ཀྱང་གོམས་འདྲིས་ཅུང་ཞིག་ཡོད་པ་དག་ལ་ནི་རང་ཉིད་ཀྱི་གོམས་ཆ་དང་མཚུངས་པའི་བསམ་གཏན་གྱི་ཞག་རེ་རེ་ནས་ལྔའི་བར་དུ་འཆར་ལ། གོམས་མེད་རྣམས་ལ་བྱ་རྫོགས་སྐད་ཅིག་རེ་རེ་ལས་མི་འབྱུང་ཚེ་ཟིན་པ་དཀའ་ཞིང་། ལ་ལ་ནི་སྒྲ་འོད་ཟེར་གསུམ་རང་སྣང་དུ་མ་ཤེས་པར་སྐྲགས་པས་བརྒྱལ་ཐབས་སུ་ཟད་དོ། །དེ་ལྟར་འཕྲོས་དོན་བརྗོད་ནས། སྐབས་དོན་དངོས་གཞི་ནི། དེ་ཡང་བར་དོ་དང་པོ་གཞིའི་འོད་གསལ་འདི་ཉིད་ཟིན་ཅིང་གྲོལ་བར་བྱེད་པའི་ཐབས་ཀྱི་མཆོག་ནི། ད་ལྟ་སྐྱེ་གནས་བར་དོའི་སྐབས་འདིར་སེམས་ཀྱི་གདར་ཤ་ལེགས་པར་བཅད་ཅིང་། གནས་ལུགས་དོན་དམ་ཐ་མལ་ཤེས་པ་བཟོ་མེད་རང་བབས་ཆོས་སྐུ་འཁོར་ཡུག་གི་ཉམས་ལེན་བསྒོམས་ཡེངས་ལས་འདས་པ་ལ་གནད་དུ་བསྣུན་དགོས་པ་ཁོ་ན་སྟེ། འདི་ལ་སྐྱོན་གྱི་སེལ་དང་བློས་བྱས་ཡིད་བྱེད་ཀྱི་དྲི་མས་མ་བསླད་པར་སྐྱོང་ཤེས་ན། བར་དོ་དང་པོ་མ་ཟད་རྣམ་པ་ཀུན་ཏུ་གཅེས་པའི་སྙིང་པོ་ཡིན་པ་དང་། མདོ་རྒྱུད་མན་ངག་མཐའ་དག་གི་དོན་སྙིང་བཅུད་མཆོག་མཐར་ཐུག་པ་ཉིད་དེ། བརྒྱད་ཁྲི་བཞི་སྟོང་གི་ཆོས་ཐམས་ཅད་འདིར་འདུས་ཤིང་རྫོགས་པས་ན་རྫོགས་པ་ཆེན་པོའོ། །ཐམས་ཅད་སྐུ་གསུམ་ལས་འདས་པ་མེད་པས་ཕྱག་རྒྱ་ཆེན་པོ། བློས་བྱས་ཐམས་ཅད་ལས་འདས་པས་ཤེས་རབ་ཕར་ཕྱིན། མཐའ་ཐམས་ཅད་དང་བྲལ་བས་དབུ་མ། ལམ་གྱི་མཆོག་འབྲས་བུ་མངོན་དུ་བྱེད་ཕྱིར་ལམ་འབྲས། ཉོན་མོང་རང་སར་ཞི་བས་ཞི་བྱེད། གཉིས་སྣང་གི་ཞེན་འཛིན་རྩད་ནས་གཅོད་པས་གཅོད་ཡུལ། སངས་རྒྱས་ཀྱི་གོ་འཕང་ལ་དངོས་སུ་སྦྱོར་བས་སྦྱོར་དྲུག མ་རིག་པ་འཁྲུལ་བའི་བློ་རྟོག་སྦྱོང་བས་བློ་སྦྱོང་སོགས། མདོར་ན་ཆོས་ཟབ་དགུའི་རྣམ་གྲངས་མཐའ་ཡས་པའི་དངོས་དོན་གྱི་སྙིང་པོ་འདི་ཁོ་ན་ལས་གཞན་མེད་ཕྱིར། དེ་བས་ན་ངེས་པའི་དོན་ལ་ཆིག་དྲིལ་དུ་མི་འབད་ན། བློ་མང་གི་བྱ་བྱེད་ཀྱིས་དགོས་ཁར་དོན་མི་འགྲུབ་སྟེ། ཀུན་མཁྱེན་རྒྱལ་པོའི་རྒྱུད་ལས། རང་སེམས་དེ་བཞིན་ཉིད་འདི་རྟོགས་གྱུར་ན། །སངས་རྒྱས་ཚིག་གི་ལམ་ལ་གནས་མིན་ཏེ། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་བ་དམན་པ་རྣམས་ལ་ནི། །གབ་པ་མངོན་དུ་ཕྱུང་ཡང་མི་གོ་སྟེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེས། །ཤིང་ལ་ཕྱི་དོར་བྱས་པས་མི་འབྱུང་བཞིན། །ཞེས་པ་ལྟར། ད་ལྟ་ནས་མ་ནོར་བའི་དོན་ལ་བརྩོན་པ་གལ་ཆེ་ཞིང་བྱེ་བྲག་ཏུ། ཆོས་དྲུག་དང་ཐོས་གྲོལ་སོགས་མན་ངག་སོ་སོ་ནས་འབྱུང་བ་ལྟར་གྱི་འོད་གསལ་སྦྱངས་པའི་རིམ་པ་རྣམས་ལ་ཡང་ནན་ཏན་དུ་བྱས་ལ། གཉིད་འཐུག་པའི་སྐབས་སོགས་སུ་རྟོགས་པའི་འོད་གསལ་རང་དབང་ཐོབ་ན་འདི་སྐབས་ཀྱི་གཞིའི་འོད་གསལ་ཟིན་པ་ལ་དཀའ་ཚེགས་མེད་ཅིང་། ལར་འོད་གསལ་དང་པོ་ཟིན་ཐུབ་མི་ཐུབ་ཀྱི་ཚད་ནི་ད་ལྟ་ཉིད་ལ་དགེ་སྦྱོར་སླེབ་མི་སླེབ་ཁོ་ནས་ཤེས་པས། དེ་ལྟར་ན་གོང་དུ་བཤད་པའི་ཐུགས་དམ་ལ་བཞུགས་པ་དངོས་དང་། ཕུང་པོ་ལ་ཆགས་ནས་སྡོད་པ་གཉིས་ཀྱི་དབྱེ་བ་ཡང་འདི་ཀས་ཤེས་མོད་ཅིང་། ཐུགས་དམ་ལ་བཞུགས་པ་ཚུལ་ལྡན་སྣང་ན་དེ་ཀའི་གསལ་འདེབས་བཞིན་བྱེད་ཤེས་ན་མ་གཏོགས། གཞན་ནི་མཚན་བཅས་ཀྱི་འཕོ་བའི་རིགས་སོགས་ཀྱང་མི་གདབ་ཅིང་། འདི་ལྟ་བུ་ལ་ནི་སླད་དུ་ཁྲུས་ཆོག་བྱང་བཞུས་སོགས་ལའང་ལྟོས་མི་དགོས་པར་འགྲུབ་བོ། །སྣང་བའི་འོད་གསལ་གྱི་ངོ་སྤྲོད་ནི། ཐབས་ལམ་རིམ་ལྔ་སྦྱོར་དྲུག་སོགས་ལ་འདྲིས་པའི་གང་ཟག་དག་ལ་ནི་སྔར་བཤད་བཞིན་སྨིག་སྒྱུ་སོགས་དང་དཀར་ལམ་སོགས་གང་ཤར་ཐམས་ཅད་རང་རིག་ཆོས་སྐུའི་གདངས་ལས་གཞན་མ་ཡིན་པར་ངོ་འཕྲོད་དགོས་པ་དང་། རྫོགས་ཆེན་ཐོད་རྒལ་བ་རྣམས་ལ་ནི། སྒྲ་འོད་ཟེར་གསུམ་ཞི་ཁྲོའི་ལྷ་དང་ཐིག་ལེ་ཟེར་ཐག་འོད་ལམ་ཞིང་ཁམས་ཅི་ཤར་ཐམས་ཅད་ཀྱང་རིག་པའི་རང་གདངས་ཁོ་ནར་ཡིད་ཆེས་ཤིང་ཐག་ཆོད་པའི་ངང་ལ་མཉམ་པར་འཇོག་པ་ཤིན་ཏུ་གཅེས་ཏེ། དེ་ལྟར་བྱ་ནུས་པའི་ཐབས་སུ་ད་ལྟ་ཁྲེགས་ཆོད་གཞིའི་གནས་ལུགས་ལ་གདར་ཤ་ཆོད་ཅིང་། ཐོད་རྒལ་ལམ་གྱི་ངོ་སྤྲོད་གནད་དུ་བསྣུན་པས་ཉམས་སུ་ལེན་དགོས་མོད་ཀྱི། དེང་སང་གི་སྐབས་འདིར་ནི། ཆོས་སྤྱི་པ་རྣམས་ཀྱིས་ནི་བོན་དང་རྙིང་མ་བ་ཞེས་ཐ་ཆད་ལོག་པའི་ལམ་དུ་འཛིན་པ་མ་གཏོགས། ཆོས་ཀྱི་ཁྱུར་ཡང་མི་འཇུག་ལ། ཁྱད་པར་ཟབ་ཆོས་རྫོགས་པ་ཆེན་པོ་ནི་རྒྱ་གར་དུ་དགའ་རབ་འཇམ་དཔལ་ཤྲཱྀ་སེང་དང་མཁས་པ་ཉེར་ལྔ་སོགས་འོད་ལུས་གྲུབ་པ་མང་མོད་ཀྱི། དེ་དག་གིས་ནི་གསང་བ་སྦས་ཚུལ་དུ་ཐུགས་ཉམས་སུ་བཞེས་པ་གཏོགས་འོ་སྐོལ་བོད་ཀྱི་ལྟར་ཁེ་གྲགས་རྙེད་ཚོལ་གྱི་ཟོང་དུ་མི་མཛད་པས་གྲགས་ཆུང་ལ། རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་སོགས་ཕལ་ཆེར་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་དང་རིག་འཛིན་གྱི་གནས་རྣམས་སུ་བཞུགས་པས་མི་ཡུལ་དུ་བཞུགས་ཚན་ཆུང་བ་དང་། གངས་ལྗོངས་འདིར་ཡང་བསྟན་པ་སྔ་དར་གྱི་དུས་ཨཽ་རྒྱན་བཱི་མ་བཻ་རོ་སོགས་ཀྱི་སྐུ་དྲིན་ལས་སྐལ་ལྡན་མང་པོ་འོད་ལུས་སུ་གྲོལ་ཞིང་སྙན་རྒྱུད་དང་གཏེར་རྒྱུད་མང་པོ་དེང་སང་གི་བར་དུ་ཡོད་ནའང་། འགོས་ལྷས་བཙས་དང་། འབྲི་གུང་དཔལ་འཛིན་སོགས་ཀྱིས་སྣ་དྲངས་པའི་བཤེས་གཉེན་མང་པོས་རྫོགས་ཆེན་རྒྱ་གར་ན་དེང་སང་མི་འདུག་པས་བཀའ་ཚད་མ་མིན་གསུངས་པ་དང་། ཧ་ཤང་གི་ལྟ་བ་ཡིན་པ་སྐད་དུ་མཛད་པ་དང་། བོད་ཀྱི་བརྩམས་ཆོས་ཡིན་པར་འདོད་པ་སོགས་ཀྱི་བཀའ་བཀྱོན་སྣ་ཚོགས་པས་དད་ཅན་མང་པོ་ཉམས་ཉེས་པར་མཛད་ཅིང་། བཀའ་འགྱུར་དང་རྒྱུད་འབུམ་གྱི་ཁྲོད་དུ་དྲི་ཙམ་ཡང་མནམ་དབང་མེད་པར་གྱུར་པའི་མཐུས། གང་ཟག་ཕལ་མོ་ཆེ་ནི་རྫོགས་པ་ཆེན་པོ་སོགས་ཡོ་ག་རྣམ་གསུམ་གྱི་ཆོས་ལ་ནད་ངན་གྱི་ཤི་བའི་རོ་མཐོང་བ་བཞིན་འཛེམས་པར་བྱེད་ལ། རྙིང་ལུགས་པར་ཁས་འཆེ་བ་དག་ནི་བསྲུང་བཟློག་མཐུ་གཏད་སོགས་ཀྱིས་ཡིད་དྲངས་ཤིང་རང་འཁོར་བུ་སྨད་གསོ་ཕྱིར་གྲོང་ཆོག་རྙེད་ཚོལ་སྐྱུར་འབྱམས་ལ་ཉམས་ལེན་བྱེད་པ་མ་གཏོགས། རྫོགས་པ་ཆེན་པོའི་གནད་དོན་ནི་ཡིད་ཀྱི་རྒུ་ལའང་ཐོས་མ་མྱོང་བ་ཤ་སྟག་ཏུ་གྱུར་ཚེ། དེས་ན་གོང་གི་འཕྲོ་ལྟར། ཚེ་འདིར་འོད་ལུས་འགྲུབ་པའམ། འོད་གསལ་དང་པོར་གྲོལ་བ་ལྟ་ཞོག ཆོས་ཉིད་བར་དོ་ངོ་ཤེས་པའི་གོ་རྟོགས་འཇག་པ་ཙམ་ཡོང་བའི་གོ་སྐབས་ཀྱང་མི་སྣང་བར་གསལ་ཏེ། མདོར་ན། རྒྱལ་བ་ཡང་དགོན་པ་ཆེན་པོས། ཆོས་རྫོགས་ཆེན་ཡིན་པས་མི་ཕན། གང་ཟག་རྫོགས་པ་ཆེན་པོར་སོང་བ་ཞིག་དགོས། ཞེས་གསུངས་པ་ཤིན་ཏུ་བདེན་པར་ཟད་དོ། །༈ དེ་ལྟར་སྣང་ཚུལ་གྱི་དྲང་གཏམ་འཕྲོས་དོན་དུ་བརྗོད་ནས། འདི་སྐབས་ཀྱི་དངོས་དོན་ལ། དེ་ཡང་རྫོགས་ཆེན་རང་གཞུང་སོ་སོ་ནས་འབྱུང་བ་ལྟར་གྱི་ཁྲེགས་ཆོད་ལ། ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་རྣམས་དང་། ཐོད་རྒལ་ལ་སྒྲོན་མ་དྲུག་གི་རང་བཞིན་གཏན་ལ་ཕབས་ཏེ། མི་འགུལ་བ་གསུམ་ལ་གཞི་བྱ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིའི་གྲོལ་ཚད་བསྟན་པ་སོགས་ཐམས་ཅད་ཁ་ཚིག་ལ་མ་འབྱམས་པར་དོན་རྒྱུད་ཐོག་ཏུ་ཁེལ་ན། སྣང་བ་བཞི་མཐར་ཕྱིན་ཏེ། རབ་ཀྱིས་ཕུང་པོ་ཟག་མེད་འོད་སྐུར་གྲོལ་བ་དང་། འབྲིང་བུམ་ཆག་ནམ་མཁའ་ཕྱི་ནང་འདྲེས་པ་བཞིན་གཞིའི་འོད་གསལ་ལ་བཙན་ས་ཟིན་པས། སེངྒེ་མངལ་རྒྱ་དང་ཁྱུང་སྒོང་རྒྱ་གྲོལ་བ་ལྟར་རྣམ་སྨིན་ལུས་རྒྱ་གྲོལ་བ་དང་སེམས་ཉིད་ཆོས་སྐུ་འགྲུབ་པ་དུས་མཉམ་དུ་འབྱུང་། ཐ་མ་ཡང་ཆོས་ཉིད་བར་དོར་ལྷུན་གྲུབ་གཟུགས་སྐུའི་འོད་གསལ་འཆར་ཚེ། འོད་གསལ་ཟུང་འཇུག་ལ་ཐིམ་དུས་འཇུག་པ་ཤེས་པའི་གནད་དང་ལྡན་པ་དང་། ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚེ་གྲོལ་བས་ལུས་ཀྱི་གནད་དང་། ལྷུན་གྲུབ་རིན་པོ་ཆེ་ལ་ཐིམ་དུས་མཐར་ཕྱིན་ངོ་ཤེས་ཀྱི་གནད་རྣམས་གལ་ཆེ་ཞིང་། ལྷུན་གྲུབ་ཀྱི་སྐབས་འདིར། རྒྱུད་ལས་ཀྱང་། ལྷུན་གྲུབ་རིག་པའི་འཆར་ཚུལ་ནི། །རྣམ་པ་བརྒྱད་དུ་ཤར་བའོ། །ཞེས་པ་བཞིན། རིག་པའི་གདངས་ཉིད་ཐུགས་རྗེ་ལྟར་ཤར་བ་དང་། འོད་ལྟར་ཤར་བ་དང་། སྐུ་ལྟར་ཤར་བ་དང་། ཡེ་ཤེས་ལྟར་ཤར་བ་ད ང་། གཉིས་མེད་ལྟར་ཤར་བ་དང་། མཐའ་གྲོལ་ལྟར་ཤར་བ་དང་། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བ་དང་། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བ་སྟེ། དེ་དག་ལ་གདམས་པས་ཟིན་ན་ཐིམ་ལུགས་ཀྱང་རྣམ་པ་བརྒྱད་འབྱུང་ཏེ། ཐུགས་རྗེ་ཐིམ་པས་འཁོར་བའི་སེམས་ཅན་རང་སྣང་དུ་གྲོལ་ཏེ་འཁྲུལ་པའི་མིང་མེད་པ་དང་། དེ་བཞིན་དུ་འོད་ཐིམ་པས་མཚན་མའི་ཁ་དོག་སོགས་རིས་ཅན་དུ་མ་གྲུབ་པར་ཆོས་དབྱིངས་སུ་རོ་གཅིག་པ་དང་། སྐུ་ཐིམ་པས་ཞལ་ཕྱག་གི་སྤྲོས་པ་ལས་འདས་པའི་ངོ་བོར་རྣམ་པར་དག་པ་དང་། ཡེ་ཤེས་ཐིམ་པས་ཆོས་ཉིད་མ་བུ་འདྲེས་པ་དང་། གཉིས་མེད་ཐིམ་པས་སྟོང་ཆེན་ངོ་བོ་ཉིད་དུ་གྲོལ། མཐའ་གྲོལ་ཐིམ་པས་དམིགས་གཏད་ཀྱི་ཡུལ་ཟད། འཁོར་བའི་སྒོ་ཐིམ་པས་སྐྱེ་གནས་འཁྲུལ་པའི་ཡུལ་རྐྱེན་བྲལ། དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཉིད་སྐུ་ལ་ཐིམ་པས་ཀ་དག་ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱ་བ་སྟེ། ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ཆེན་ལས། རྣག་ཆེན་ལུས་འདི་མ་བོར་བར། སངས་རྒྱས་ཡོན་ཏན་མི་སྣང་སྟེ། །དཔེར་ན་ཁྱུང་ཕྲུག་སྒོ་ངའི་ནང་། །གཤོག་དྲུག་རྒྱས་པར་གྱུར་མོད་ཀྱང་། །མ་ཆགས་བར་དུ་འཕུར་མི་ནུས། །སྒོང་ཆག་འཕུར་ཤེས་དུས་མཉམ་འབྱུང་། །དེ་བཞིན་སངས་རྒྱས་ཡོན་ཏན་ཡང་། །ད་ལྟ་མི་སྣང་ལུས་ཀྱིས་བསྒྲིབ། །རྣམ་སྨིན་ལུས་འདི་བོར་མ་ཐག །སངས་རྒྱས་ཡོན་ཏན་སྣང་བར་འགྱུར། །ཞེས་པ་དང་། དགོངས་པ་ཐིག་འདེབས་ལས་ཀྱང་། རྟོགས་པའི་གདེང་ཆེན་དེ་ལྡན་ན། །སེངྒེ་མཆོང་པས་ས་ཆོད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོ་མེད་པར་སྐད་ཅིག་ལ། །རིན་ཆེན་སྦུབས་སུ་སངས་རྒྱས་འགྱུར། །ཞེས་སོགས་གསུངས་ལ། གྲོལ་ཚད་ཀྱང་། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། དེ་ལྟར་དབང་པོའི་རིམ་པ་ནི་གསུམ་སྟེ། །རབ་ནི་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་ནི་བསམ་གཏན་གྱི་ཞག་ལྔ་ལ་གྲོལ་བ་ཡང་ཡོད་དོ། །སྐད་ཅིག་ཉི་ཤུ་རྩ་བཞི་ལ་ནི་བརྟན་པ་ཐོབ་ངེས་པ་ཡིན་ནོ། །དབང་པོ་ཐ་མ་རྣམས་ནི་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་བྱུང་ནས་བར་དོ་མེད་པར་སངས་རྒྱས་པའོ། །ཞེས་གསུངས་ཏེ། གཙོ་བོར་ད་ལྟའི་ཉམས་ལེན་ལ་རག་ལས་སོ། །ཡང་འདི་སྐབས་སུ་གང་ཟག་ལ་ལའི་བསམ་ཡུལ་དུ། རྫོགས་ཆེན་མ་གཏོགས་པའི་ཆོས་གཞན་ལས་ནི་བར་དོ་དང་པོའི་འོད་གསལ་མ་ཟིན་ན་རྣམ་ཤེས་འཐོན་ཏེ་སྲིད་པ་བར་དོ་འཆར་བར་བཤད་པ་ལས། སྒྲ་འོད་ཟེར་གསུམ་མམ། ཞི་ཁྲོའི་ལྷ་སོགས་འཆར་ཚུལ་མི་འབྱུང་ལ། གལ་ཏེ་འཆར་བ་ཡིན་ནའང་རང་རང་གི་ཆོས་ལུགས་དང་ཉམས་ལེན་གང་བྱེད་དེའི་ལྷ་ཚོགས་ཤར་ན་མ་གཏོགས། ཐམས་ཅད་རྙིང་ལུགས་ཀྱི་ཞི་ཁྲོ་འཆར་བ་མི་སྲིད་སྙམས་པ་སོགས་བྱེད་པ་འབྱུང་མོད་ཀྱི། དེ་ལ་སྤྱིར་ཆོས་ལུགས་སོ་སོའི་ལམ་རིམ་མན་ངག་དེ་དང་ཆ་མཐུན་པར་བར་དོའི་གདམས་པ་ཡང་ཆ་ཚང་འབྱུང་མོད་ལ། རང་རང་གི་རྒྱུད་གཞུང་དེ་ཀའི་དགོངས་དོན་ལྟར་ཉམས་ལེན་གྱི་རྩལ་འདོན་ཕྱོགས་ཀྱང་གང་མང་མཆིས་ཏེ། འགའ་ཞིག་ལ་བསྐྱེད་རིམ་གཙོ་བོ་གསུངས་པ་དང་། ལ་ལར་ཐབས་ལམ་བདེ་སྟོང་གི་ཉམས་ལེན་ལ་རྩལ་དུ་བཏོན་པ་དང་། གཞན་དག་ཏུ་སྤྲོས་མེད་ཁོ་ནར་དྲིལ་བར་གསུངས་པ་སོགས་མཐའ་ཡས་མོད་ཀྱི། ད་ལྟ་ཉམས་ལེན་གང་ལ་གོམས་པ་དེས་བར་དོར་སླེབ་དགོས་པ་གཞིར་བཅས་ཕྱིར། རྫོགས་ཆེན་སྙིང་ཏིག་སོགས་ནི་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་ཏུ་ཉམས་སུ་ལེན་པའི་སྐབས་ཡིན་པས། ད་ལྟ་དེ་དག་ལ་གོམས་ཚེ་བར་དོ་དེའང་དེ་ལྟར་འཆར་ཞིང་། དེ་ལ་ཉམས་ལེན་གྱིས་སླེབས་ན་གྲོལ་བ་ཡང་གཞི་གྲུབ་ལ། ཆོས་གཞན་ནས་ཐོད་རྒལ་གྱི་ཉམས་ལེན་དངོས་སུ་མ་གསུངས་པས། བར་དོར་དེ་དག་འཆར་བ་ཡང་མ་གསུངས་མོད་ཀྱང་། སྒྲ་འོད་ཟེར་གསུམ་ནི་རླུང་སེམས་དབྱེར་མེད་དངས་མ་ལྔ་འདུས་ཀྱི་རྐྱེན་ལས་ནམ་ཡང་འཆར་ལ། དེ་ཡང་འཕྲང་སྒྲོལ་ཆེན་མོ་སོགས་ནས། དོན་གྱི་རྩ་རླུང་ཐིག་ལེ་རྣམས་ནི་ནམ་དུའང་འབྲལ་བ་མེད་པར་གསུངས་པའི་དོན་དང་། གཞན་ཡང་དུས་འཁོར་སྦྱོར་དྲུག་ནི་རྫོགས་ཆེན་གྱི་སྣང་མུན་ཉམས་སུ་ལེན་ཚུལ་དང་མཐུན་ལ། ལྷ་འཆར་བ་རྣམས་ཀྱང་། འགྲོ་བའི་ཕུང་པོ་ཁམས་དབང་སྐྱེ་མཆེད་ཐམས་ཅད་གཟོད་མ་ནས་དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ་ཚུལ་ནི་རྒྱུད་སྡེ་ཀུན་མཐུན་ཏེ། ཕུང་པོ་ལྔ་རྒྱལ་བ་རིགས་ལྔ། འབྱུང་བ་ལྔ་ནི་ཡུམ་ལྔ། ཚོགས་བརྒྱད་སེམས་དཔའ་བརྒྱད། ཡུལ་བརྒྱད་སེམས་མ་བརྒྱད་སོགས་སུ་ཡེ་ནས་ཡིན་ཚེ། དམ་པ་རིགས་བརྒྱར་བཤད་པའི་ཁོངས་སུ་ལྷ་གཞན་ཡང་མ་འདུས་རྒྱུ་མེད་པ་དང་། འོན་ཀྱང་སྐུ་མདོག་ཕྱག་མཚན་སོགས་མི་གཅིག་པ་སྣ་ཚོགས་ནི་སྦྱང་གཞི་སྦྱང་འབྲས་སྦྱོང་བྱེད་ཀྱི་དག་སྦྱོར་སོ་སོ་ལ་བརྟེན་ནས་བཤད་པ་མ་གཏོགས། དོན་དམ་པ་ནི་རང་རིག་སྐུ་གསུམ་དབྱེར་མེད་དམ། སྐུ་གཉིས་ཟུང་འཇུག་ཏུ་མ་འདུས་པའི་ལྷ་དང་དཀྱིལ་འཁོར་ནི་འགའ་ཡང་མེད་པ་དང་། རང་རང་གི་བག་ཆགས་གོམས་འདྲིས་ཀྱི་མཐུ་ལས་ནི་དམ་པ་རིགས་བརྒྱར་མ་ཟད་གཞན་འཆར་བར་ཡང་མ་ངེས་ལ། སྡིག་ཆེན་ལ་གཤིན་རྗེའི་སྐྱེས་བུར་སྣང་བ་ཡང་རང་ཉིད་ཀྱི་ལས་སྣང་དུ་ཟད་ཅིང་། དོན་དུ་ནི་གང་དང་གང་ལྟར་ཤར་ཡང་རང་སྣང་ཉིད་དུ་ཤེས་དགོས་པ་ནི་གནད་ཀྱི་དམ་པའོ། །གཞན་ཡང་ཇི་སྐད་དུ་སྡོམ་འབྱུང་ལས། རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མས། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། རོལ་མོའི་སྒྲ་ནི་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་སྟེེ། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པ་འདི་ཡང་རྙིང་ལུགས་ཀྱི་ཆོས་ཉིད་བར་དོ་དང་དགོངས་པ་མཐུན་པར་སྣང་ངོ་། །ལར་ཅིར་སྣང་ལྷ་དང་ལྷ་མོའི་རོལ་པ་དང་དེ་ཡང་རང་རིག་དང་གཉིས་མེད་རོ་མཉམ་ཆེན་པོར་རྟོགས་པའི་གང་ཟག་ལ་ནི་འདི་ཕྱི་བར་དོ་ཁྱད་མེད་དུ་ཆོས་ཉིད་བདེ་བ་ཆེན་པོའི་ཞིང་ལས་མ་གཡོས་མོད་ཀྱི། གཞན་ནི་མཁའ་སྤྱོད་གླུ་ཕྲེང་ལས། མདང་རྨི་ལམ་གཉིད་ཀྱི་འཁྲུལ་ལུགས་ཀྱི། །སང་བར་དོ་འབྱོངས་བ་དཀའ་མོར་མཆིས། །ཞེས་གསུངས་པ་འདི་ཁོ་ན་ཉིད་དོ། །ད་ལྟ་ལུས་ངག་ཡིད་རྣམས་ལྷན་ཅིག་ཏུ་རང་དབང་ཐོབ་དུས་འདིར་ཡང་འཁྲུལ་པ་ཨ་འཐས་ཡང་འཐས་ལ་ཞེན་པས་ཉིན་མཚན་འདའ་ལུགས་འདི་འདྲ་ལ། འཆི་དུས་གནད་གཅོད་ཀྱི་སྡུག་བསྔལ་དང་འཇིགས་སྐྲག་འཁྲུལ་སྣང་རླུང་ལྟར་འཚུབས་དུས་དེ་འདྲར་ཐུགས་དམ་གྱི་སླེབ་རེ་ཨ་ཐང་ཆད་པར་གདའ་བས། གཏན་གྱི་དོན་ཆེན་ད་ལྟ་ནས་གྲབ་ཆུད་ཅིག་ཅིས་ཀྱང་དགོས་པར་སྣང་ངོ་། །འདིར་སྨྲས་པ། གཞི་བདེར་གཤེགས་སྙིང་པོའི་གནས་ལུགས་དང་། །ལམ་རང་བྱུང་ཆོས་སྐུའི་རང་འགྲོས་དང་། །འབྲས་དྲི་བྲལ་མངོན་གྱུར་སངས་རྒྱས་གསུམ། །དོན་དབྱེར་མེད་ད་ལྟའི་རིག་པར་གཅིག །དེ་ཡིན་ཡང་དབུལ་བོའི་ཁྱིམ་གཏེར་བཞིན། །དུས་ཐོགས་མེད་ད་བར་ངོ་མ་ཤེས། །དེ་ཤེས་ཀྱང་རང་བབས་མི་སྐྱོང་བར། །བློ་འཁྲུལ་ཞེན་མང་པོས་བསླད་པས་ཕུང་། །ད་ཡིན་ལུགས་རང་ངོ་རིག་ཐོག་ཏུ། །སྒོམ་བློས་བྱས་ཀྱི་འཇུར་བུས་མ་བཅིངས་པར། །སེམས་གང་ཤར་གྱི་ངོ་བོ་ཡེངས་མེད་སྐྱོངས། །དེས་བར་དོ་ཀུན་བཙན་ཆོད་དུ་འགྱུར་ཏེ་མཆི། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྤྱི་དོན་བཞི་པ་སྲིད་པ་ལས་ཀྱི་བར་དོའི་རང་བཞིན་བཤད་པ་ལའང་གསུམ་གྱི་དང་པོ་ངོ་བོ་ངོས་བཟུང་བ་ནི། དེ་ཡང་རྫོགས་ཆེན་གྱི་རྣལ་འབྱོར་རབ་འབྲིང་རྣམས་ནི་སྔར་བཤད་པའི་བར་དོ་གོང་མ་དེ་དག་ཏུ་གྲོལ་ལ། ཐ་མའི་རྣལ་འབྱོར་རྣམས་ཚེ་འདིར་ངོ་སྤྲོད་ཀྱི་སྒོ་མཐོང་ཡང་ཉམས་སུ་མ་བླངས་པས་སྔ་མ་རྣམས་སུ་གྲོལ་བར་མ་ནུས་ཚེ། སྲིད་པ་བར་དོའི་སྣང་བ་རྨི་ལམ་ཙམ་ཞིག་མཐོང་བས་རྐྱེན་བྱས་ཏེ་སྔར་གྱི་གདམས་པ་དྲན་པའི་མཐུ་དང་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས། རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་པདྨ་ལས་བརྫུས་ཏེ་སྐྱེས་ནས་རྨི་ལམ་སད་པ་ལྟར་དྲན་པའི་ཏིང་འཛིན་རྙེད་པར་འགྱུར་རོ། །ཤར་མངོན་པར་དགའ་བའི་ཞིང་དུ་མི་བསྐྱོད་རྡོ་རྗེ་རིགས་ཀྱི་སྤྲུལ་པའི་ཞལ་མཐོང་། ལྷོ་དཔལ་དང་ལྡན་པར་རིན་ཆེན་རིགས་ཀྱི་སྤྲུལ་པས་དབང་བསྐུར། ནུབ་པདྨ་བརྩེགས་པར་འོད་དཔག་མེད་ཀྱི་སྤྲུལ་པས་ལུང་བསྟན། བྱང་ལས་རབ་གྲུབ་པར་ཕྲིན་ལས་རིགས་ཀྱི་སྤྲུལ་པས་བག་ཆགས་སྦྱངས། དབུས་ཕྱོགས་འཁོར་བ་ཡོངས་སྒྲོལ་གྱི་ཞིང་དུ་དཔལ་ཧེ་རུ་ཀ་ཁྲོ་བོ་འདུས་པའི་དཀྱིལ་འཁོར་དུ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཚུན་ཆད་ཟད་པར་བྱས་ཏེ། མི་ལོ་ལྔ་བརྒྱ་ན་ཆོས་སྐུ་ཀ་དག་ཆེན་པོར་སངས་རྒྱས་ནས་སྤྲུལ་པ་དུ་མས་འགྲོ་བའི་དོན་བྱེད་ལ། གང་ཟག་འགའ་ཞིག་ནི་ཕྱོགས་བཞིའི་ཞིང་ཁམས་དེ་དག་གང་རུང་གཅིག་ཁོ་ནར་དབང་བསྐུར་ལུང་བསྟན་དབུགས་དབྱུང་ཐོབ་ནས་སངས་རྒྱ་བ་དག་ཀྱང་འབྱུང་བ་སྟེ། མདོར་ན་འདིའི་གང་ཟག་དེ་ལ་ནི་སྲིད་པ་བར་དོའི་སྣང་བ་ཡུད་ཙམ་འཆར་ཡང་དེའི་སྡུག་བསྔལ་རྣམས་མི་མྱོང་ཞིང་མངལ་སྒོར་མི་འཇུག་པར་ཞིང་ཁམས་ཟིན་པ་ཡིན་ཚེ། སྲིད་པ་བར་དོ་དངོས་སུ་མི་བཞེད་དེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོར་ཉིད་སྣང་གྱུར་རམ། །འོན་ཏེ་མི་སྣང་བ་འམ་ཅི། །སྟོན་པས་གསུངས་པ་དེ་སྣང་སྟེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་དབྱུངས་ཏེ། །བར་དོ་མེད་པར་ཟང་ཐལ་ཉིད། །ཅེས་གསུངས་ལ། སྲིད་པ་བར་དོ་དངོས་དེ་གང་ཡིན་ཞེ་ན། ལུས་སེམས་སོ་སོར་གྱེས་ནས་ཆོས་ཉིད་འོད་གསལ་སྒྲ་འོད་ཟེར་གསུམ་སོགས་རང་ངོ་མ་ཤེས་པས་ཡལ་ཞིང་འཁྲུལ་པའི་བག་ཆགས་ལངས་པ་ནས་མགོ་བཟུང་སྟེ། ཕྱི་མའི་མངལ་དུ་མ་ཆུད་ཀྱི་བར་སྐབས་དེ་དག་ལ་སྲིད་པ་ལས་ཀྱི་བར་དོ་ཞེས་བྱ་བའོ། །གཉིས་པ་དེ་དག་འཆར་ཚུལ་རྒྱས་པར་བཤད་པ་ལ། དེ་ཡང་གང་ཟག་ཐ་མལ་པ་རྣམས་གདམས་པ་ཟབ་མོའི་གདེངས་དང་ནི་མི་ལྡན། ལས་སྒྲིབ་ཤས་ཆེ་བས་འཕོ་བའི་མན་ངག་སོགས་ཀྱི་མཚམས་སྦྱོར་དང་རྟེན་འབྲེལ་འགྲིགས་པ་ཡང་དཀའ་ལ། གལ་ཏེ་འཕོ་བ་བཏབ་ཀྱང་ངེས་ཤེས་དང་གོམས་འདྲེས་མེད་ཚེ་དམིགས་ཡུལ་དེར་འཕོ་ཐུབ་པ་ཡང་ཤིན་ཏུ་དཀའ་བའི་དབང་གིས། ཐོག་མར་ཐིམ་རིམ་གྱི་ཟུག་རྔུ་རྣམས་ཉམས་སུ་མྱོང་ཞིང་། སླར་གཞིའི་འོད་གསལ་འཆར་བ་དེ་ལ་ཕལ་པ་རྣམས་རྣམ་ཤེས་བརྒྱལ་བ་ཞེས་ཀྱང་ཟེར་ལ། རང་ངོ་མ་ཤེས་པས་བརྒྱལ་བ་ལྟ་བུ་ཞིག་བྱས་ནས། མཐར་ཁམས་དཀར་དམར་སྟེང་འོག་གི་སྒོ་གཉིས་སུ་འཐོན་སྐབས་རྣམ་ཤེས་ཉིད་ཀྱང་ལས་རླུང་གིས་བསྐྱོད་དེ་སྒོ་དགུ་གང་རུང་ཞིག་ནས་འཐོན་པར་འགྱུར་ལ། འདི་དུས་ཆོས་ཉིད་ཀྱི་རང་སྒྲ་ལ་ནི་སྔངས། འོད་གསལ་གྱི་སྣང་བ་ལ་ནི་སྐྲག ཐུགས་རྗེའི་ཟེར་ཐག་ལ་ནི་འབྲོས། ཡེ་ཤེས་རང་བྱུང་གི་ལྷ་ཚོགས་ལ་ནི་གཤིན་རྗེའི་ལས་མཁན་དུ་མཐོང་བས་འཇིགས། ལྷུན་གྲུབ་རིན་པོ་ཆེའི་ཞིང་གི་བཀོད་པ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་བཀྲ་ལམ་མེ་མཐོང་ཡང་། ཡར་སྐུ་གསུམ་དག་པའི་ཞིང་ཁམས་རྣམས་ལ་ནི་མིག་གིས་བལྟ་ཡང་མི་ཕོད་པར། མར་རིགས་དྲུག་འཁོར་བའི་སྣང་ཚུལ་དག་ལ་སྔར་ཞེན་གྱི་བག་ཆགས་ངན་གོམས་མཐུ་བརྟས་པའི་དབང་གིས་ཡིད་འཇུག་པར་བྱེད་དོ། །དེ་ཡང་སྔར་རང་བཞིན་བརྒྱད་ཅུའི་རྟོག་པ་དང་འབྱུང་ལྔའི་རླུང་རྣམས་གཞི་ལ་ཐིམ་པའི་གནད་ཀྱིས་རང་བྱུང་གནས་ལུགས་ཀྱི་འོད་གསལ་རྣམས་ཤར་ཡང་ངོ་མ་ཤེས་པའི་མཐུས། ད་ནི་སླར་མ་རིག་པ་ཁྱབ་བྱེད་ཀྱི་རླུང་ལས། རླུང་གི་རླུང་ཚུར་བྱུང་ཞིང་། དེ་ལས་མེའི་རླུང་དང་། དེ་ལས་ཆུ་རླུང་། དེ་ལས་ས་རླུང་བྱུང་སྟེ། འཁོར་བར་འདུ་བྱེད་པ་དང་རྣམ་པར་ཤེས་པ་གསལ་དུ་སོང་བས། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་པོ་ཚུར་ལངས། དེ་ལས་ཀྱང་འཁྲུལ་རྟོག་རག་ཏུ་སོང་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་དང་། ཞེ་སྡང་གི་རྟོག་པ་སོ་གསུམ་པོ་ཐམས་ཅད་ལངས་ཏེ། ཁམས་ལྔའི་རླུང་དང་རྣམ་པར་ཤེས་པ་ཟུང་འབྲེལ་དུ་གྲུབ་པའི་མཐུ་ལས། ཡིད་ཀྱི་ལུས་དབང་པོ་ཀུན་ཚང་བའི་སྣང་བ་ཅན་གཅིག་ཏུ་གྱུར་ཅིང་། ལུས་ལ་འོད་ཅུང་ཟད་དང་ལྡན་པ། ཟས་སུ་དྲི་ཟ་ཞིང་གཞན་སེམས་ཤེས་པའི་མངོན་ཤེས་ཕྲ་མོ་ཡོད་པ། མའི་མངལ་དང་རྡོ་རྗེ་གདན་མ་གཏོགས་སྟོང་གསུམ་ཀུན་ཏུ་ཡིད་ལ་བསམ་པ་ཙམ་གྱིས་བགྲོོད་ཐུབ་པ། མངོན་ཤེས་ཅན་དང་རང་གི་རིགས་མཐུན་བར་དོའི་འགྲོ་བ་རྣམས་ཕན་ཚུན་རྣམས་མཐོང་ལ་ལུས་ཅན་གཞན་གྱིས་མི་མཐོང་བ་དེ་ལྟ་བུར་ཀྲོངས་ཀྱིས་གྱུར་ཏེ། དེ་སྐབས་ནི་རང་གི་སྔར་གྱི་རོ་སོགས་མཐོང་ཡང་ད་དུང་རང་ཉིད་ཤི་བ་ནི་མི་ཤེས་ཤིང་། རང་གི་ཁང་ཁྱིམ་ནོར་རྫས་ཡོ་བྱད་སོགས་ལ་ཞེན་པ་ཆེན་པོས་བདག་འཛིན་བྱེད་ལ། གྲོགས་དང་ཉེ་འཁོར་རྣམས་ཀྱིས་རང་ཉིད་ཀྱི་དངོས་པོ་ལོངས་སྤྱོད་པ་སོགས་ལ་འཕང་སེམས་དང་ཁོང་ཁྲོ་སྔོན་ལས་རགས་པ་མང་པོ་བྱེད་ཀྱང་ཁོང་རྣམས་ཀྱིས་ནི་མི་ཤེས། ནང་གི་དངས་མ་དཀར་དམར་མེད་པའི་གནད་ཀྱིས་ཕྱི་རོལ་གང་དུ་ཕྱིན་ཀྱང་ཉི་ཟླའི་སྣང་བ་མེད་པ་དང་། བཀྲེས་སྐོམས་ཀྱིས་རབ་ཏུ་གདུང་ཀྱང་བཟའ་བཏུང་མ་བསྔོས་པ་ལ་སྤྱོད་དབང་མེད་པ་དང་། རྟེན་གཞི་ལུས་དངོས་མེད་པའི་གནད་ཀྱིས་བྱ་སྒྲོ་རླུང་ཁྱེར་བཞིན་རང་དབང་མེད་པ་ཡད་ཡུད་ཕྱད་ཕྱོད་དུ་འཁྱམས་ཤིང་སྡུག་བསྔལ་གྱི་ཚོར་བ་གཞན་ལས་རགས་པ་མང་པོ་འབྱུང་། གཞན་ཡང་དེ་ཚེ་མ་ངེས་པའི་རྟག་དྲུག་འཆར་ཏེ། གནས་ལ་ངེས་པ་མེད་པར་ཡུད་ཙམ་རེ་ལ་འཕོ་འགྱུར་བྱེད་ཅིང་ཁང་སྟོང་བྲག་ཕུག་གྲོག་པོ་ཕུག་རྡུག་ལ་སོགས་ངེས་མེད་དུ་སྡོད་པར་སྣང་བ་དང་། རྟེན་ས་ངེས་མེད་ཟམ་རྒྱུར་( ཟུག་རྔུའི་)ངལ་སྟེགས་མཆོད་རྟེན་རྩ་བརྒྱད་སོགས་ལ་བརྟེན་པ་དང་། སྤྱོད་པ་ངེས་མེད་སྐད་ཅིག་རེ་ལ་སྣ་ཚོགས་བྱེད་པ་དང་། ཁ་ཟས་ངེས་མེད་རིགས་དྲུག་གི་ཟས་བཟང་ངན་སྣ་ཚོགས་མཐོང་ཡང་མ་བསྔོས་ན་མི་ཐོབ། གྲོགས་ངེས་མེད་ལྷ་དང་འདྲེ་སྲིན་བར་དོའི་འགྲོ་བ་སྣ་ཚོགས་དང་ཡུད་ར ེ་འཕྲད་ཅིང་འགྲོགས། སྣང་ཚུལ་ངེས་མེད་ཡིད་ཀྱི་འཆར་སྒོ་བདེ་སྡུག་རྣམ་པ་སྣ་ཚོགས་སྐད་ཅིག་ལ་འགྱུར་ལྡོག་བྱེད་ཅིང་། འཇིགས་སྐྲག་འཁྲུལ་སྣང་ལ་མི་འབྱུང་བའི་སྣ་མེད་པ་མང་པོ་འཆར་བར་འགྱུར་རོ། །གཞན་ཡང་། འཇིགས་པའི་སྒྲ་བཞི་ཞེས་བྱ་བས་རླུང་ལོག་པའི་རྐྱེན་གྱིས་རི་སྙིལ་བའམ་ཁང་པ་རྡིབ་པའི་འོག་ཏུ་ཚུད་པའི་སྣང་བ་དང་། ཆུ་རླུང་ལོག་པས་ཆུ་ཆེན་པོའི་ཀླུང་དུ་ཁྱེར་བའམ་མཚོ་ཆེན་དུ་བྱིང་བའི་ཉམ་སྣང་དང་། མེ་རླུང་ལོག་པས་ནགས་ཚལ་ལམ་ཁང་ཁྱིམ་ཚིག་པའི་དཀྱིལ་དུ་བསྲེགས་པའི་སྣང་བ་དང་། རླུང་གི་རླུང་ལོག་པས་རླུང་འཚུབས་ཆེན་པོས་འཁྱེར་བའི་ཉམས་སྣང་བ་སོགས་འབྱུང་ཞིང་། ཉོན་མོངས་པ་དུག་གསུམ་གྱི་བག་ཆགས་ཀྱི་རང་གཟུགས་ལས་གཡང་ས་ཆེན་པོ་དཀར་དམར་ནག་གསུམ་དུ་ལྷུང་བར་སྣང་བའི་སྡུག་བསྔལ་དང་། ཆར་ལྷག་གིས་བརྡུང་བ་དང་། རྣག་ཁྲག་གི་སེར་བ་འབབ་པ་དང་། ཤ་ཟ་སྲིན་པོ་གཅན་གཟན་འཇིགས་རུང་མང་པོས་དེད་པའི་སྣང་བ་དང་། ཁྱད་པར་དུ་ཉ་པ་རྔོན་པ་ཤན་པ་སོགས་ཚེ་འདིར་སྡིག་ཆེན་གྱི་ལས་གང་དང་གང་ལ་བསགས་པ་དེ་དང་དེ་དག་མང་པོས་ཚུར་བརྡེགས་བརྡུངས་གསོད་གཅོད་ཀྱི་འཁྲུལ་སྣང་ཤེས་ཆེར་འབྱུང་ལ། མདོར་ན་བདུན་ཕྲག་གཅིག་ནས་ཞེ་དགུའི་བར་རམ། ལ་ལ་དག་ལོ་ཟླ་འགའི་བར་དུ་སྲིད་པ་བར་དོའི་སྡུག་བསྔལ་མྱོང་བ་ཡང་ཡོད་པ་དང་། ཕལ་ཆེར་ནི་བདུན་ཞག་མ་ཚང་གི་རིང་ལ་སྡོད་པ་ཤས་ཆེ་ཞིང་། ཞག་བདུན་བདུན་ལ་འཆི་ཐེབས་རེ་བྱེད་པའི་སྣང་བ་དང་ཟུག་རྔུའི་ཚོར་བ་ཉམས་སུ་མྱོང་ལ། ལར་བར་དོ་འདིར་ཡུན་ཇི་ཙམ་གནས་པའི་ཕྱེད་ཚུན་ཆད་ད་ལྟའི་ལུས་དང་སྐྱེ་བ་འདི་ཉིད་ཀྱི་བག་ཆགས་བྱེད་ཅིང་། ཕྱེད་ཕན་ཆད་ནས་སྐྱེ་བ་རྗེས་མ་དེའི་སྣང་བ་ཤེས་ཆེར་འགྱུར་བའོ། །དེ་ནས་ཕྱེད་མཚམས་དེ་ཤེད་དུ་གཤིན་ཡུལ་སྐྱ་མོའི་གླིང་དུ་གཤིན་རྗེ་ཆོས་རྒྱལ་འཁོར་ལས་མཁན་འཇིགས་རུང་མང་པོས་བསྐོར་བའི་མདུན་དུ་སླེབས་ནས་ལྷན་སྐྱེས་ཀྱི་ལྷ་དང་འདྲེས་རྡེའུ་དཀར་ནག་བཤར་ནས་དགེ་སྡིག་གི་ཤན་འབྱེད་བྱེད་པའི་སྣང་བ་ཡང་འབྱུང་བར་བཤད་ལ། ཕྱེད་མཚམས་ཕན་ཆོད་དེ་ནས་བརྩམས་ཏེ། ལས་རླུང་དང་དུག་ལྔའི་བག་ཆགས་ཀྱི་རྟེན་འབྲེལ་རང་གདངས་ལས། རིགས་དྲུག་གང་དུ་སྐྱེ་བའི་སྔ་རྟགས་སུ་རྣམ་བྱང་འོད་ཀྱི་ལམ་ལྔ་གང་རུང་འབྱུང་སྟེ། དེ་ཡང་ལྷར་སྐྱེ་ན་འོད་ལམ་དཀར་པོ་བཀྲག་མེད་དང་། དེ་བཞིན་དུ། ལྷ་མ་ཡིན་ལ་དམར་པོ། མི་ལ་སྔོན་པོ། དུད་འགྲོ་ལ་ལྗང་གུ། ཡི་དགས་ལ་སེར་སྐྱ་རྣམས་འཆར་ལ། དམྱལ་བར་སྐྱེ་བའི་ལས་ངན་ཅན་ཡིན་ན་མར་གྱི་ཟང་ཐལ་མ་གཏོགས་འདི་སྐབས་སུ་སྡོད་པར་མི་འགྱུར་བར་གསུངས་ཤིང་། གཞུང་ལ་ལར་ནི། འོད་ལམ་དུད་ཁ་ལ་ཟིན་ན། དམྱལ་བར་སྐྱེ་བ་རུ་ཡང་བཤད་པས་ངེས་པ་མེད་པར་མངོན་ཞིང་། ཐོས་གྲོལ་སོགས་ལས་ནི། འོད་ལམ་འདི་དག་གོང་དུ་ཡེ་ཤེས་བཞི་སྦྱོར་གྱི་འོད་དང་རིགས་ལྔའི་ལྷ་ཚོགས་འཆར་སྐབས་དེར་ལྷན་ཅིག་ཏུ་འཆར་བར་གསུངས་པ་ནི་གང་ཟག་གི་རིགས་ཐ་དད་ལ་དགོངས་པ་ཡང་ཡིན་མོད་ཀྱི། ལར་ཡང་ཉོན་ཡོངས་པ་དུག་ལྔ་པོ་ལམ་དུ་མ་ལྷོངས་ཤིང་མ་རྟོགས་པའི་ངོར་ནི་འགྲོ་དྲུག་གི་ལས་སྣང་དང་སྐྱེ་གནས་རྣམས་འཆར་ལ། དེ་དག་ཡེ་ཤེས་ལྔའི་རང་བཞིན་དུ་རྟོགས་པའི་རྣལ་འབྱོར་རྣམས་ཀྱི་ངོར་ནི་ཡེ་ཤེས་འོད་ལྔ་དང་རྒྱལ་བ་རིགས་ལྔ་ཤར་ནས་དེ་དག་གི་ངོ་བོར་གྲོལ་བ་ལ་དགོངས་ཤིང་། གཞན་ཡང་། འདི་སྐབས་ཐོས་གྲོལ་སོགས་ལས་ཆོས་ཉིད་བར་དོའི་ཞག་དང་པོ་རྒྱལ་བ་མི་བསྐྱོད་པ་གཙོ་འཁོར་རྣམས་འཆར་བ་དང་། གཉིས་པ་ལ་རིན་འབྱུང་སོགས་ཞག་གྲངས་རིམ་པ་ལྟ་བུར་དགོངས་ཅན་དུ་གསུངས་པ་འདི་ལ་ཉིན་ཞག་དང་པོ་ཡིན་པར་བསམ་པ་བྱེད་མཁན་མང་ཡང་མ་ཡིན་ཏེ། འདི་ནི་གོང་དུ་བརྗོད་པ་བཞིན་བསམ་གཏན་གྱི་ཞག་ཡིན་ཚེ། ཕལ་པ་རྣམས་ལ་ནི་ཡུད་ཙམ་ཞིག་ལས་མི་འཆར་བར་ཤེས་པར་བྱའོ། །༈ དེ་ལྟར་གོང་གི་འཕྲོས་བཞིན། རྣམ་བྱང་ལྔ་གང་རུང་ལ་ཟིན་པར་གྱུར་ནས་ནི་རང་ཉིད་ཤི་བ་ཡིན་པ་ཡང་ཤེས་ལ། བར་དོའི་ཡིད་ལུས་དེས་རབ་ཏུ་སྐྱོ་སྟེ། སྐྱེ་གནས་འཚོལ་བའི་འདུན་པ་ཁོ་ན་བྱེད་པར་འགྱུར་ཞིང་། དེ་ཡི་དབང་གིས་རིགས་དྲུག་གང་དུ་སྐྱེ་བའི་ལས་ཡོད་པ་དེ་དང་དེའི་སྣང་བ་སོ་སོར་འཆར་བ་སྟེ། ལྷར་སྐྱེ་ན་གཞལ་ཡས་ཁང་དུ་འགྲོ་བའི་སྣང་བ་འབྱུང་། ལྷ་མ་ཡིན་ལ་འོད་ཀྱི་འཁོར་ལོ་ལྟ་བུའམ། འགའ་ཞིག་ལ་ནི་དམགས་འཁྲུགས་གི་དཀྱིལ་ན་འགྲོ་བར་སྣང་བ་འབྱུང་། བྲག་ཕུག་གམ་གྲོག་སྟོང་འཇག་སྐྱིལ་སོགས་སུ་མཐོང་ན་བྱོལ་སོང་དང་། སྡོང་དུམ་དང་ནགས་ཁྲོད་དམ། རེ་ཕྱར་གྱི་སྣང་བ་ལྟ་བུས་ཡི་དྭགས་དང་། དམྱལ་བ་ལ་ནི་ས་དུང་ནག་པོར་དབང་མེད་དུ་འཁྲིད་པ་དང་། ལྕགས་ཀྱི་གྲོང་ཁྱེར་ལྟ་བུར་འགྲོ་བའི་སྣང་བ་དང་། ལ་ལ་ཞིག་ལ་ནི་གླུ་དབྱངས་དང་རྩེད་འཇོ་དང་གྲོགས་མཛའ་བས་འབོད་པར་སྣང་བ་ལ་ཞེན་ནས་ཕྱིན་པས་དམྱལ་བར་སྐྱེ་བ་ཡང་ཡོད་དོ། །མི་རྣམས་ལ་ནི་སོ་སོར་སྣང་ཚུལ་ཐ་དད་སྟེ། ངང་པ་ཕོ་མོས་བརྒྱན་པའི་མཚོ་མཐོང་ན་ཤར་ལུས་འཕགས་གླིང་དུ་སྐྱེ་བར་འགྱུར་བ་དང་། རྟ་ཕོ་མོས་བརྒྱན་པའི་མཚོ་ལས་བྱང་སྒྲ་མི་སྙན་དང་། བ་གླང་གིས་བརྒྱན་པའི་མཚོ་ལས་ནུབ་བ་གླང་སྤྱོད་དང་། འཛམ་བུའི་གླིང་འདིར་ཡང་། ན་བུན་ལྟ་བུའི་གསེབ་ཏུ་འགྲོ་བ་སྙམ་བྱེད་ན་མི་ཁོམ་པའི་གནས་སོགས་མི་ལུས་ཙམ་པོ་བར་སྐྱེ་ལ། ཁང་བཟང་གྲོང་ཁྱེར་དང་སྐྱེ་བོ་མང་པོའི་ཁྲོད་དུ་ཕྱིན་པའི་སྣང་བ་ལས་མི་ལུས་རིན་པོ་ཆེ་ཐོབ་པར་འགྱུར་བ་སྟེ། དེར་ཕ་མས་ཆགས་སྤྱོད་མཐོང་བས་རང་ཉིད་ཕོ་མོ་གང་དུ་འགྱུར་བ་དེ་དང་མཐུན་པའི་ཕ་མ་སོ་སོ་ལ་མིག་སེར་དང་ཆགས་སེམས་སྐྱེས་པས་མཚམས་སྦྱར་ནས་མངལ་དུ་འཇུག་པར་འགྱུར་ལ། གཞན་ཡང་བརྫུས་སྐྱེས་སམ། དྲོད་གཤེར་སྐྱེས་སོགས་སུ་འཇུག་པའི་རིགས་རྣམས་ཀྱང་། གནས་དེ་ཉིད་ལ་ཆགས་སྡང་གི་རྣམ་རྟོག་གང་རུང་ཞིག་གིས་རྐྱེན་བྱས་ཏེ་ཞུགས་པར་འགྱུར་བ་ཉིད་དོ། །གསུམ་པ་གདམས་ངག་གི་ལམ་ཁྱེར་བཤད་པས་འགགས་བསྡུ་བ་ནི། དེ་ལྟ་བུ་ཉམ་ང་ཞིང་འཇིགས་སུ་རུང་བའི་སྡུག་བསྔལ་ཟོ་ཆུའི་འཁྱུད་མོ་ལྟ་བུར་ཡང་ཡང་རྒྱུན་མི་ཆད་དུ་འཁོར་བར་འགྱུར་བའི་རྟེན་འབྲེལ་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོ་འདི་ད་རེས་ནས་རྒྱུན་ཆོད་པ་ཞིག་ཅིས་ཀྱང་དགོས་ཕྱིར། གོང་དུ་ཡང་ཡང་བརྗོད་པ་ལྟར་གདམས་པའི་གནད་ལ་ད་ལྟ་ནས་གོམས་དགོས་ཤིང་། མཆོག་ཏུ་རང་སེམས་ལ་རང་དབང་ཐོབ་པའི་ཉམས་ལེན་དྲན་རིག་དང་མ་བྲལ་ན་གདམས་པ་འདི་ཁོ་ནས་ཆོག་གི དེ་ཡང་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། དེ་ལ་བར་དོའི་སྐབས་སུ་སྐད་ཅིག་མ་ལ་ངོས་ཟིན་ཙམ་གྱིས་བརྟན་པ་ཐོབ་པའི་རྒྱུ་མཚན་ཅི་ཡིན་སྙམ་ན། ད་ལྟ་ནས་སེམས་རིག་ལས་རླུང་གི་རྒྱར་འཐུམས་ཤིང་། ལས་རླུང་གདོས་བཅས་ཤ་ཁྲག་གི་རྒྱར་འཐུམས་པས་རང་དབང་མ་ཐོབ་ལ། ལུས་འདི་བེམས་རིག་བྲལ་ནས་ཕྱི་མའི་ལུས་རྒྱར་མ་འཐུམས་པའི་བར་དེར་རླུང་སེམས་ཆོ་འཕྲུལ་དང་བཅས་པ་ལ་དངོས་ཅན་གྱི་རྟེན་མེད་ཅིང་། དེ་ལ་གདོས་བཅས་ཀྱི་རྟེན་མེད་རང་དབང་སྒྱུར་སླ་སྟེ་ངོས་ཟིན། ངོས་ཟིན་ཙམ་དེས་བརྟན་པ་ཐོབ་ནུས་པ་ནི། དཔེར་ན་བསྐལ་བའི་བར་གྱི་མུན་ནག་ལ་སྒྲོན་མེས་སླེབས་ནས་སྐད་ཅིག་ལ་སེལ་བ་ལྟར་འ གྱུར་པའོ། །བར་དོར་ད་ལྟ་ང ོ་སྤྲད་པའི་དུས་ལྟར་ཟིན་ན་སངས་རྒྱ་བ་ལ་ཐེ་ཚོམ་མེད་དོ། །དེས་ན་ད་ལྟ་ནས་གོམས་འདྲིས་སུ་བྱའོ། །ཞེས་གསུངས་སོ། །ཁྱད་པར་རྨི་ལམ་དང་བར་དོ་སྦྱངས་བ་ཐམས་ཅད་ཀྱི་གནད་ཀྱི་གཙོ་བོར་འདུན་པ་ཁོ་ན་གལ་ཆེ་སྟེ། དེ་ལ་ནི་ད་ལྟ་ཅི་བྱེད་ཐམས་ཅད་རྨི་ལམ་སྒྱུ་མའི་ཚུལ་དང་། བདག་ཤི་ནས་བར་དོར་སླེབ་འདུག སྣང་བ་ཅི་ཤར་འདི་ཐམས་ཅད་བར་དོའི་སྣང་བ་ཡིན། འདི་ལ་ཉམས་ལེན་གྱི་གནད་འདི་དང་འདི་བཞིན་བྱ་སྙམ་པའི་དྲན་འདུན་བར་མ་ཆད་པ་ཡོད་ན་བར་དོ་མི་འབྱོང་བའི་ཐབས་མེད་ཀྱང་། གང་ཟག་ཕལ་མོ་ཆེ་ཀུན་ད་ལྟའི་སྣང་བ་འདི་བདེན་བདེན་པ་ཡིན་ནོ། །མངོན་སུམ་ཡིན་ནོ། །མ་ཤི་བ་ཡིན་ནོ་སྙམ་པའི་ཞེན་པ་ཨ་འཐས་སུ་བྱེད་ལུགས་འདི་འདྲས་ནི་བར་དོ་ཟིན་པའི་ཐབས་རྩ་བ་ནས་ཟད་མོད་ཀྱི། ལར་ཚེ་འདིིའི་སྣང་ཞེན་ཅན་ལ་ཆོས་གང་ཡང་ལམ་དུ་འགྲོ་བར་གང་ནས་ཀྱང་མ་གསུངས་སོ། །དེས་ན་རྗེ་མི་ལས། ང་འཆི་བ་ཁོ་ནས་འཇིགས་འཇིགས་ནས། །སེམས་འཆི་མེད་གཉུག་མའི་ངང་དུ་སྦྱངས། །འཁོར་བ་རང་གྲོལ་གཞི་ཡི་གནད། །སྙིང་པོའི་དོན་ལ་ངོ་སྤྲོད་བགྱིས། །ནང་རིག་པ་རྟེན་མེད་གཅེར་བུ་འདི། །འགྱུ་བ་སྟོང་པ་ལྟ་བའི་གདེངས། །འོད་གསལ་སྟོང་པར་བློ་ཐག་ཆོད། །ད་སྐྱེ་འཆི་གཉིས་ལ་ཉམས་ང་མེད། །ཅེས་གསུངས་པ་ལྟ་བུར་འབད་དགོས་ཤིང་། བྱེ་བྲག་ཏུ། དེ་སྐབས་སུ་རྣམ་བྱང་གི་འོད་གསལ་མ་ཟིན་ཚུན་ཆོད་ནི། འཇིགས་སྐྲག་གི་སྣང་བ་ཅི་ཤར་ཐམས་ཅད་རང་སེམས་ཀྱི་འཆར་སྒོ་རུ་ཐག་ཆོད་པ་ནི་ཤིན་ཏུ་གཅེས་ལ། ཁྱད་པར་མཉམ་མེད་སྒམ་པོ་པའི་མན་ངག་དགྲ་བཞི་ལམ་ཁྱེར་སོགས་ཀྱང་ཤེས་ན་འདི་དུས་མཆོག་ཏུ་གལ་ཆེ་བར་མངོན་ཞིང་། གལ་ཏེ་རང་ཉིད་རྨི་ལམ་གྱི་གདམས་ངག་ལ་ཉམས་མྱོང་རྩལ་དུ་ཐོན་པ་ཞིག་ཡིན་པའི་ཚེ་ན། ད་ལྟ་རྨི་ལམ་སྤྲུལ་བསྒྱུར་རྩལ་སྦྱང་རྣམས་དང་ཁྱད་པར་དག་པ་ཞིང་སྦྱོངས་སོགས་ལ་གོམས་ཚེ། དེ་དག་གི་གནད་དོན་དྲན་པ་ཙམ་གྱིས་གང་འདོད་འགྲུབ་ལ། གོང་དུ་རྫོགས་ཆེན་ཀྱི་སྐབས་སུ་བཤད་པ་ལྟར་རང་སྣང་དག་པའི་ཞིང་ཁམས་ལ་དབང་ཐོབ་ཅིང་། དེར་ཁྱད་པར་གྱི་ས་ལམ་སྦྱངས་ཏེ་མྱུར་དུ་བྱང་ཆུབ་ཆེན་པོ་མངོན་དུ་འགྱུར་བར་ཚེགས་མེད་པ་དང་། མཁའ་སྤྱོད་ཞིང་གི་འཕོ་བ་སོགས་འབྱོངས་ཀྱང་འདི་དང་མཚུངས་སོ། །དེ་དག་གང་ལའང་ད་ལྟའི་བག་ཆགས་ངན་གོམས་ཀྱི་མཐུས་ཟང་ཟིང་གཉེན་འཁོར་སོགས་ལ་ཆགས་ཞེན་དང་། ཤུལ་གྱི་བྱ་བྱེད་བཟང་ངན་གྱི་ཚོགས་གང་མཐོང་ལ་ཆགས་སྡང་གི་རྟོག་པ་མ་ཞུགས་པ་ཞིག་གིས་ནི་ནན་ཏར་གལ་ཆེ་བར་འགྱུར་ཚུལ་གྱི་གཏམ་རྒྱུད་ལོ་རྒྱུས་སོགས་ཤིན་ཏུ་མང་བར་མདོ་རྒྱུད་དག་ལས་འབྱུང་ཕྱིར་གང་ལའང་མ་ཆགས་པར་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པར་བྱ་ཞིང་། གལ་ཏེ་རྣམ་བྱང་གི་འོད་ལ་ཟིན་ཕྱིན་ཆད་དེ་ནས་བཟུང་ཅུང་ཟད་བཟློག་པར་དཀའ་མོད་ཀྱི། འོན་ཀྱང་དེ་ཚེ་སྐྱེ་བ་ཕྱི་མའི་ཕ་མ་སོགས་ཡང་སྲིད་ཀྱི་མཚམས་སྦྱོར་གང་མཐོང་ཡང་། རབ་ཀྱིས་ནི་རིག་སྟོང་རྫོགས་ཆེན་ནམ། བདེ་སྟོང་ཕྱག་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་ཐོག་ཏུ་མཉམ་པར་བཞག་ན་མངལ་སྒོ་དགག་པའི་ཐབས་ཀྱི་མཆོག་ཡིན་ཏེ། འདི་ལ་ནི་འཇུག་བྱེད་ཀྱི་མཁན་པོ་དགག་པ་ཅེས་བྱ་ལ། ཡང་དེ་ཙམ་ཀྱི་ནུས་པ་མེད་ནའང་བསྐྱེད་པའི་རིམ་པ་རྣམ་དག་ལ་ངེས་ཤེས་རྙེད་པ་ཞིག་ཡིན་ན་དག་པའི་སྒྱུ་ལུས་སམ་བསྐྱེད་རིམ་སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་ལྡང་ནུས་ནའང་། བར་དོ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་གསར་རྙིང་ཐམས་ཅད་ནས་བཤད་ཅིང་། འདི་ལ་ནི་བསྐྱེད་རིམ་གྱི་བརྡ་དོན་རྟགས་གསུམ་ཇི་ལྟ་བར་ཤེས་པས་ད་ལྟ་ནས་བསྒོམ་པ་གོམས་པ་ཞིག་དགོས་མོད་ཀྱི། དེང་སང་ནི་དུས་དབང་གིས། བསྐྱེད་རིམ་པར་བསླབས་པ་ཕལ་ཆེར་ཨ་འཐས་སམ་ཀུན་བཏགས་ཀྱི་བསྐྱེད་རིམ་ལ་ཞེན་པ་ཆེན་པོས་བསྒོམས་ཤིང་། དེའི་དགོས་པའང་ཚེ་འདིའི་ནད་གདོན་ཞི་བྱེད་དང་ཐུན་མོང་གི་ལས་ཚོགས་ཕྲན་བུ་འགྲུབ་པའི་ནུས་པ་འབྱུང་དུ་རེ་བའི་བསམ་པ་ཁོ་ན་མ་གཏོགས་རྫོགས་བྱང་གི་སླད་དུ་ལྷ་སྔགས་ཀྱི་ཉམས་ལེན་དྲི་མེད་བྱེད་མཁན་ཡང་ཤིན་ཏུ་དཀོན་པར་སྣང་ཚེ། ཨ་འཐས་ཀྱི་བསྐྱེད་རིམ་དེས་ནི་བར་དོར་གྲོལ་བའི་རྒྱུར་འགྱུར་བ་ལྟ་ཞོག ཡི་དྭགས་ཡི་དམ་གྱི་གཟུགས་ཅན་དུ་སྐྱེ་ཚུལ་གྱི་གཏམ་རྒྱུད་རྣམས་དང་མཚུངས་པར་སེམས་ལ། བསྐྱེད་རིམ་ཚུལ་ལྡན་ཤེས་ན་ཕ་མ་སོགས་ཆགས་སྡང་མིག་སེར་གྱི་ཡུལ་རྐྱེན་གང་མཐོང་དེ་དག་ཡབ་ཡུམ་དུ་བསྒོམ་པས་ཀྱང་མངལ་སྒོ་འགག་པའི་ཐབས་མཆོག་ཏུ་འགྱུར་ལ། གལ་ཏེ་བསམ་བཞིན་དུ་མི་ལུས་ཆོས་ལྡན་གྱི་སྐྱེ་བ་ལེན་པར་སྤྲོ་ན་ཡང་རང་དང་ཕ་མ་ལྷར་བསྐྱེད་ཅིང་། མངོན་བྱང་ལྔ་དང་ཆོ་ག་གསུམ་སོགས་ཀྱི་ཏིང་འཛིན་དང་ལྡན་པས་མངལ་དུ་ཞུག་ན་ཇི་ལྟར་འདོད་པའི་དོན་འགྲུབ་པར་འགྱུར་བའོ། །ཡང་གལ་ཏེ་རང་ཉིད་བསླབ་པ་རིན་པོ་ཆེ་ལ་གཅེས་སྤྲས་བྱེད་པའི་དགེ་སྦྱོང་ཞིག་ཡིན་པའི་ཚེ་ན། སྲིད་པའི་མཚམས་སྦྱོར་གྱི་ཕ་མ་མཐོང་བ་དེའི་ཚེ། རང་ཉིད་ཀྱི་ཚུལ་ཁྲིམས་ལ་འདུན་པ་རྩེ་གཅིག་དང་ལྡན་པས་ཆགས་སྡང་གི་སྣང་བ་དང་བསམ་སྦྱོར་རིང་དུ་སྤངས་ལ། ཞེན་ལོག་ངེས་འབྱུང་གི་ཡིད་བརྟན་པ་དང་་ལྡན་ནའང་། འཁོར་བའི་གནས་ངན་སྐྱེ་སྒོ་ཁེགས་པར་ནུས་པས། དེ་ལྟ་བུའི་ཞེ་བཅད་ལ་གོམས་པའི་བློ་ཡང་ད་ལྟ་ནས་བསླབ་སྦྱངས་དང་། གཞན་ཡང་ཉམས་ལེན་དེ་དག་གང་ཡང་མེད་ཀྱང་། བར་དོའི་འཇིགས་སྐྲག་གིས་དབང་མེད་དུ་དེད་ཅིང་སྐྱེ་གནས་ངན་པ་དག་ཏུ་འཁྲི་ས་བྱེད་དགོས་པ་ལྟ་བུ་བྱུང་ཚེ། བླ་མ་དཀོན་མཆོག་རམ་མདར་སྦྲན་ཅིང་སྐྱབས་སུ་སོང་སྟེ་རྩེ་གཅིག་གསོལ་བ་བཏབ་ན། དེ་དག་གི་ཐུགས་རྗེ་བསླུ་མེད་ཀྱི་མཐུས་འཇིགས་སྐྲག་ལས་གྲོལ་ཞིང་། དལ་འབྱོར་ཆོས་ལྡན་གྱི་ལུས་བླངས་ཏེ་རིང་པོར་མི་ཐོག་པར་བྱང་ཆུབ་ཐོབ་པར་འགྱུར་བ་སྟེ། དེ་ལྟར་འོག་མ་འདི་དག་རྣམས་ལ་ནི་འཇུག་ཡུལ་གྱི་སྐྱེ་སྒོ་དགག་པའི་ཐབས་དང་། ཁེགས་པར་མ་ནུས་ན་སྐྱེ་གནས་གདམས་པའི་ཐབས་སོགས་ཏེ། བར་དོའི་སྐབས་དོན་གལ་ཆེ་བ་ཐམས་ཅད་འདི་དག་ཡན་ལ་ཚང་བར་མཆིས་ཤིང་། གཞན་གང་ཟག་ཕལ་པ་སྤྱི་ལ་ནི། འཆི་ཁར་གཞོག་གཡས་ས་ལ་ཕབ་པའི་སྤྱི་བོའི་ཕྱོགས་ནས་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་བྱིན་རླབས་ཅན་བསྒྲགས་པ་དང་། མན་ངག་འགའ་ཞིག་ནས་འབྱུང་བ་ལྟར་རྫས་ཀྱི་འཕོ་བ་དང་། བྱིན་རླབས་དམ་རྫས་སོགས་མདོར་ན་ངན་འགྲོ་ལས་སྐྱོབ་ཐབས་ཀྱི་རྟེན་འབྲེལ་དུ་མ་དང་། ཤུལ་དུ་ཡང་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་རྣམ་དག་དང་། བདེར་གཤེགས་ཀྱི་གསུང་བསྒྲག ཁྲུས་ཆོག་དབང་བསྐུར་བྱང་བུ་བཞུ་བ་སོགས་ཀྱི་ལས་རིམ་རྣམས་ཀྱང་ཇི་ལྟར་འཛོམ་པར་བགྱིས་ན། རྒྱུ་འབྲས་ཀྱི་རྟེན་འབྲེལ་བསླུ་མེད་དང་། རྒྱལ་བའི་ཐུགས་རྗེ་དང་ཆོས་ཉིད་ཀྱི་བདེན་པས་ཕན་པ་རླབས་པོ་ཆེར་འགྱུར་བ་གཞིར་བྱས་ལ། འོན་ཀྱང་ཆོ་ག་སོགས་བྱེད་པ་པོ་རྣམས་ཏིང་ངེ་འཛིན་ཚུལ་དང་ལྡན་པ་ཤེས་མི་ཤེས་ཇི་ལྟར་ཡང་རུང་། ལོག་པའི་བསམ་སྦྱོར་སོགས་ཚུལ་མ་ཡིན་པའི་བྱེད་སྤྱོད་ལས་ནི། ཚེ་འདས་དེ་ཡི་མངོན་པར་ཤེས་པས་མཐོང་བས་རྐྱེན་བྱས་ཏེ་མཚམས་སྦྱོར་ལོག་མིན་དུ་འགྲོ་བའི་ཉེན་ཡང་ཡོད་པས། ལྷག་བསམ་དག་པ་གལ་ཆེ་བ་དང་། ཁྱད་པར་གཤིན་པོ་ལ་དམིགས་པའི་དགེ་བ་མཆོད་སྦྱིན་སོགས་ལ་བསྙད་ནས་སྲོག་གཅོད་བྱེད་པ་སོགས་ནི་ཕན་པ་བས་གནོད་པ་ཆེན་པོར་འགྲོ་བར་མདོ་རྒྱུད་ཀུན་ལས་གསུང་ཕྱིར། ཤུལ་དུ་དགེ་བ་ཆེ་ཆུང་གང་བྱེད་ཀྱང་སྡིག་དང་མ་འདྲེས་པ་ཁོ་ན་གནད་ཆེ་མོད་ཀྱི། གང་ལྟར་ཡང་། ཉམས་ལེན་གྱི་སྒོར་ཞུགས་པའི་གང་ཟག་རྣམས་ནི་ཤི་བའི་ཤུལ་དུ་དགེ་བ་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་སྟེ། རང་ཉིད་དེ་དག་ལ་རེ་མི་དགོས་ཙམ་ཞིག་ད་ལྟ་ནས་མི་བྱེད་ན། ཆོས་བྱས་པའི་དགོས་པ་མི་འབྱུང་སྟེ། ཨོ་རྒྱན་གྱིས་གསུངས་པ་ལྟར། མ་ཤི་གོང་ནས་དམ་ཆོས་རེམ་ལ་ཀྱིས། །མཚན་བྱང་མགོ་ལ་དབང་བསྐུར་བྱེད་ཚེ་འཕྱི། །རྣམ་ཤེས་བར་དོར་ཁྱི་གླེན་བཞིན་དུ་འཁྱམས། །མཐོ་རིས་འདྲེན་ཏེ་དེ་ལ་དཀའ་ལས་ཡོད། །ཅེས་གསུངས་པ་དང་། ཞང་རིན་པོ་ཆེས། རྨས་ནས་གོ་ཆ་བསྐྱལ་བ་དང་། །འཆི་ཁར་སྡིག་ལ་འགྱོད་པ་དང་། །ཤི་ནས་རོ་ལ་དབང་བསྐུར་གསུམ། །ཡིན་དང་ཡིན་ཏེ་མ་ཕྱིས་སམ། །ཞེས་གསུངས་པ་བཞིན་དུ་འགྱུར་བས། དེ་བས་ན་ལུས་ཐོག་འདིར་འབུང་དགོས་ཤིང་། ཅིག་དྲིལ་དུ་ཉམས་ལེན་ནུས་ན་ཆོས་ཀྱི་ཐབས་མི་འགགས་ཏེ། ཕ་དམ་པའི་ཞལ་ནས། ཆོས་མ་ཤེས་ནས་ཕུང་བ་མིན་ཏེ་མ་ནུས་པས་ཕུང་བ་ཡིན། ཡིག་དྲུག་མི་ཤེས་མཁན་ག་ལ་འོང་ཏེ་དེ་ཡང་འདྲེན་མ་ནུས་པར་འདུག་མོད། ཅེས་གསུངས་ཕྱིར་ངེས་ཤེས་དང་ལྡན་པས་འབད་དགོས་ཏེ། དམ་པ་ཀུན་དགས་ཀྱང་། ངེས་ཤེས་སྐྱེས་ན་གདམས་པར་མ་གྱུར་མེད། །སྙན་རྒྱུད་གུད་དུ་མ་ཚོལ་དིང་རི་བ། །ཞེས་གསུངས་པ་ལྟར། རང་ཉིད་གང་ལ་མོས་ཤིང་གོམས་པ་དེ་ལ་ཉམས་ལེན་གནད་དུ་བསྣུན་ཏེ། རབ་འཆི་བ་ལ་བྲོད་པ། འབྲིང་མི་འཚེར་བ། ཐ་མ་ཡང་མི་འགྱོད་ཙམ་ཞིག་བྱེད་པ་ནི་གལ་པོ་ཆེའི་གནད་ཀྱི་སྙིང་པོ་དམ་པའོ། །ཀྱེ་མ། ཐོག་མེད་ད་ལྟའི་བར་དུ་འཁོར་བའི་མཚོ། །རྟག་ཏུ་བྱིང་ཡང་ད་དུང་མི་སྐྱོ་བར། །ཚེ་འདིའི་འདུན་མ་བསྒྲུབ་པའི་ཆོས་གཟུགས་རྣམས། །བློ་རྒྱུད་དགེ་ལ་བསྒྱུར་མཛོད་དཀོན་མཆོག་ཚོགས། །ཆོས་མིན་ཆེད་དུ་ལུས་སྲོག་ཅིར་མི་སེམས། །ཆོས་ཀྱི་ཕྱིར་དུ་དཀའ་བ་ཅིས་མི་བཟོད། །སྙིང་སྟོབས་གོ་ལོག་སྨྱོན་པ་ཆུར་འཕྱོང་འདྲའི། །ཆོས་པའི་ཟོལ་གྱིས་ས་སྟེང་ཁྱབ་ལ་གཟིགས། །བསྟན་པར་རློམས་ཀྱང་བསྟན་པའི་ཞབས་འདྲེན་ཞིང་། །བཙུན་པར་བཅོས་ཀྱང་མི་དགེའི་རྒྱུད་ཁེངས་པ། །དུག་ཚེར་དར་གྱི་བཏུམ་འདྲའི་མང་ལུགས་འདིས། །ཐུབ་བསྟན་ཉི་མའང་གཤེགས་པའི་ཐུན་འོད་ཙམ། །དལ་འབྱོར་ལ་ཁའི་ན་བུན་ཡལ་ལ་ཁད། །མི་ཚེ་རི་གཟར་འབབ་ཆུ་མགྱོགས་ལུགས་ལ། །ལོ་བརྒྱར་སྡོད་འདྲའི་ཤོམ་ར་མི་ཁོམ་གྱིས། །འཆི་གྲབས་མྱུར་དུ་ཆུག་དང་ངེས་པར་རན། །མི་ཁྱུར་མ་ཆུད་དོགས་པའི་འདུན་འགྲོས་དང་། །སྒས་ཁར་ལྟོགས་ཀྱིས་དོགས་པའི་རྒྱག་གྲབས་དང་། །ཐ་སྙད་ཤེས་རྒྱ་འདོད་པའི་སློབ་གཉེར་སོགས། །གང་ཡང་བྱེད་པའི་ཁོམ་ལོང་ད་མི་གདའ། །ཀྱེ་ཧོ། སྣ་ཚོགས་སྣང་བ་རྨི་ལམ་ལྟ་བུ་འདི། །བདེན་མེད་སྒྱུ་མ་རང་སྣང་ཉིད་ཤེས་པའི། །གང་ལའང་འཛིན་མེད་རང་རིག་བློ་འདས་སྐྱོང་། །སྐྱེ་གནས་བར་དོའི་ཉམས་ལེན་སྙིང་པོ་ལགས། །མྱུར་དུ་འཆི་ངེས་གང་གིས་ཕན་པར་དཀའ། །འཆི་བར་སྣང་བའང་རང་གི་རྣམ་རྟོག་ཙམ། །རྣམ་རྟོག་བཟོ་མེད་རང་རིག་ཀློང་དུ་བསྐྱུར། །འཆི་ཁ་བར་དོའི་ཉམས་ལེན་སྙིང་པོ་ལགས། །སྣང་དང་མི་སྣང་བཟང་ངན་འཛིན་པ་སེམས། །སེམས་ཉིད་ཆོས་སྐུའི་རང་རྩལ་ཅིར་ཡང་འཆར། །ཤར་ལ་ཞེན་རྟོག་དགག་བསྒྲུབ་མི་བྱ་བར། །ཆོས་ཉིད་བར་དོའི་ཉམས་ལེན་སྙིང་པོ་ལགས། །འཁོར་བ་རང་སེམས་མྱང་འདས་རང་གི་སེམས། །བདེ་སྡུག་འཁྲུལ་སྣང་སེམས་ལས་གཞན་མ་གྲུབ། །རང་སེམས་རང་དབང་རང་གིས་བསྒྱུར་བ་ནི། །སྲིད་པ་བར་དོའི་ཉམས་ལེན་སྙིང་པོ་ལགས། །རང་རིག་སྐུ་གསུམ་འདུ་འབྲལ་ཡེ་མེད་ཕྱིར། །འདི་ཕྱི་བར་དོའི་མཚན་མས་རབ་དབེན་ཀྱང་། །མ་རྟོག་བློ་ལ་བར་དོའི་འཁྲུལ་པ་ཤར། །ཤར་བ་དེ་ཀ་ལམ་དུ་འཁྱེར་བ་གཅེས། །རང་སྣང་སྣ་ཚོགས་རང་ལ་ཤར་བ་ལ། །སྤངས་པས་མི་སྤོངས་བཀག་པས་མི་ཁེགས་ཀྱང་། །རང་མཚངས་རིག་ལ་འཁྲུལ་བའི་རྒྱུ་རྐྱེན་བྲལ། །གནད་དོན་མ་ལུས་འདི་ཉིད་ཁོ་ནར་འདུས། །དེ་ཕྱིར་དམ་པའི་བླ་མ་ལེགས་བརྟེན་ནས། །ཆོས་ཀུན་མདོ་དོན་སྙིང་པོར་སྒྲོ་འདོགས་བཅད། །ཚེ་དང་སྒྲུབ་པ་མཉམ་པའི་བརྟུལ་ཞུགས་ཀྱིས། །རང་གཞན་དོན་གཉིས་མྱུར་འགྲུབ་འབད་པར་འཚལ། །གསང་སྔགས་ངེས་པ་དོན་གྱི་སྙིང་པོའི་ཉམས་ལེན་གནད། །མ་ལུས་བར་དོའི་གནས་སྐབས་བཞི་འདིར་འདུར་རུང་བས། །དེ་དག་དབྱེ་དང་བསྡུ་ཚུལ་གང་ཡིན་སྨྲོས་ཤིག་ཅེས། །སྨོན་ལམ་མཚན་ཅན་གང་གིས་བསྐུལ་ཕྱིར་འདི་བརྗོད་མོད། །བདག་འདྲ་གཞུང་ལུགས་ཐོས་བསམ་མ་བགྱིས་ཤིང་། །བསྒོམ་པའི་ཉམས་མྱོང་ཆ་ཙམ་མེད་བཞིན་དུ། །སྨྲས་འདིའི་གཞན་དག་མགུ་དང་ཕན་ནུས་མིན། །རང་ཉིད་ཡི་གེའི་ངལ་བ་ཙམ་དུ་ཟད། །དེང་སང་རྒྱལ་གསུང་མཁས་གྲུབ་མཛད་གཞུང་གི། །གླེགས་བམ་ཕལ་ཆེར་འབུ་སྲིན་ཚངས་འཆའ་ན། །བདག་འདྲའི་ཕལ་ཚིག་ཡི་གེར་བཀོད་འདི་ལ། །ཤེས་ལྡན་སུ་ཞིག་དགའ་བར་ཅི་ལ་འགྱུར། །འོན་ཀྱང་བསྐུལ་བ་པོ་ཡི་ངག །མི་གཅོག་སླད་དུ་དྲིན་ཅན་གྱི། །རྣམ་འདྲེན་འགའ་གསུང་ཐོས་པ་དག །གང་ནུས་ཡི་གེར་བཀོད་འདི་ཡི། །ནོར་འཁྲུལ་ཀུན་བཤགས་ལྷག་བསམ་དགེ་བ་གང་མཆིས་དེས། །མཐའ་མེད་འཁོར་བའི་མ་རྒན་རྫོགས་བྱང་ཐོབ་གྱུར་ཅིག །རྒྱལ་བསྟན་དྲི་མེད་གདུལ་བྱའི་སྒྲོན་མེར་རྟག་གསལ་བའི། །བཀྲ་ཤིས་བདེ་ལེགས་དུས་ཀུན་ཕྱོགས་མཐར་ཁྱབ་གྱུར་ཅིག །གསང་སྔགས་གསར་རྙིང་ཀུན་གྱི་དགོངས་པ་སྤྱི་མཐུན་དུ་གྱུར་པའི། བར་དོ་ཐམས་ཅད་ཀྱི་འཆར་ཚུལ་སྐྱོན་ཡོན་ཉམས་ལེན་ཇི་ལྟར་དགོས་པ་སོགས་ཞིབ་གསལ་དུ་བཀོད་པ་ཞིག་གྱིས་ཞེས། སེང་གཏམ་གྱི་གནས་ཆེན་ནས། སྐལ་ལྡན་སྨོན་ལམ་པས་ཚོགས་ཀྱི་འཁོར་ལོ་དང་བཅས་ཏེ་བསྐུལ་བར་མཛད་མོད་ཀྱང་། རང་ཉིད་ཐོས་བསམ་གྱི་མིག་རྒྱ་ཞན་ཅིང་། ཅུང་ཟད་ཐོས་པ་རྣམས་ཀྱང་བརྗེད་ངས་ཀྱི་དབང་དུ་གྱུར་པའི་གཤིས་ཀྱིས། མཐའ་ཆོད་པ་ཞིག་སྨྲ་བར་མ་ནུས་ཤིང་། འོན་ཀྱང་ཡིག་ཆ་ཕྲན་བུ་གང་མཐོང་དང་། རྣམ་འདྲེན་དམ་པ་འགའི་སྐུ་དྲིན་གྱི་ཆོས་གང་ཐོབ་རྣམས་ཅི་ཐོན་དུ་བྲིས་པ་འདི་ནི། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་གནས་ཆེན་དཔལ་རི་གངས་ཀྱི་ལྷོ་ཕྱོགས་རྒོད་ཚངས་དཔལ་གྱི་ཡང་དབེན་དུ། སྟོན་གསུམ་འབྲུ་བཅུད་ཡོངས་སུ་སྨིན་པའི་ཚེ་ཡི་གེར་བཀོད་པ་ལགས་ཤིང་། ཐོས་བསམ་རྣམ་དཔྱོད་ཀྱིས་རྨོངས་ཕྱིར་བརྗོད་བྱ་རྣམས་མི་གཙང་ཞིང་འགལ་ཟློས་སོགས་ཀྱི་སྐྱོན་ཚོགས་མང་བར་མཆིས་ན་མཁས་གྲུབ་དཔྱོད་ལྡན་རྣམས་ཀྱིས་མི་ཁྲེལ་བར་གསོལ་བ་འདེབས་ཤིང་། དགེ་བས་ཁམས་གསུམ་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་དམ་པ་ཐོབ་པར་གྱུར་ཅིག །མསྟུ སརྦཛགཏཾ།། །།


previousབར་དོ་སྤྱི་ཡི་དོན་ཐམས་ཅད་རྣམ་པར་གསལ་བར་བྱེད་པ་དྲན་པའི་མེ་ལོང་།next