ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས་བླ་མ་དྲག་པོ་པདྨ་གཏུམ་པོའི་དབང་ཆོག་དྲེགས་པ་ཀུན་འཇོམས། བློ་གྲོས་མཐའ་ཡས།
ཡང་ཟབ་རྩ་གསུམ་སྙིང་པོའི་སྐོར་ལས། བླ་མ་དྲག་པོ་པདྨ་གཏུམ་པོའི་དབང་ཆོག་དྲེགས་པ་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་པདྨ་ཙཎྜཱ་ཡ། ཡེ་ཤེས་རབ་ཁྲོས་གར་དགུའི་གཟིས། །ས་གསུམ་དྲེགས་ཚོགས་ཐལ་བར་བརླག །པདྨ་གཏུམ་པོས་བདག་བྱིན་རློབས། །སྨིན་བྱེད་ཟབ་མོའི་ལག་ལེན་དགོད། ཁྲག་འཐུང་པདྨ་གཏུམ་པོའི་སྨིན་བྱེད་བསྒྲུབ་པ་ལ་སྦྱོར་བ་སྟེགས་བུའི་སྟེང་དུ་མཎྜལ་ལ་ཚོམ་བུ་དམར་པོ་གཅིག་དགོད། དེ་སྟེང་ཁྲིའུའི་ཁར་བུམ་པ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་དམར་ནག་ཁ་རྒྱན་གསེབ་ཏུ་སྐུ་ཙག་གིས་བརྒྱན་པ་དང་། མདུན་དུ་དཔལ་གཏོར། གཡས་སུ་མེ་ལོང་ལ་བསྙེན་སྔགས་མཚལ་གྱིས་བྲིས་པ། གཡོན་དུ་རྡོ་རྗེ། རྒྱབ་ཏུ་ལྕགས་ཀྱུ་ཕུར་པ་རྣམས་བཀོད། སྨན་རཀ་མཆོད་པས་བསྐོར། བསྒྲལ་དབང་བྱེད་ན་ལིངྒ་གདབ་ཕུར་ཟོར་གཏོར་སོགས་ཀྱང་བསྡོགས། གཞན་ཡང་ཉེར་མཁོ་རྣམས་ཚོགས་པར་བྱས་ལ། སྐྱབས་སེམས་ཚོགས་གསག་མཆོད་པ་བྱིན་རླབས་སྤྱི་མཐུན་གཏང་། སྒྲུབ་ཐབས་ལྟར་བདག་མདུན་ཆིག་རྫོགས་སུ་བསྒྲུབ། བསྙེན་སྒྲུབ་བཟླས་པ་ཅི་ནུས་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ལྟར་བྱས་ལ་མཆོད་བསྟོད་དབང་ལེན་ནམ་རིག་མེ་དོར་ཞིང་ལས་བུམ་བསྐྱེད་བཟླས་ཀྱང་གང་རུང་བྱའོ། །དངོས་གཞི་དབང་ལ་སློབ་མ་རྣམས་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་གསལ་བཏབ། མཚམས་སྦྱོར་གྱི་ཁྱད་པར། དེའང་ཇི་སྐད་དུ། བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ སྲོག་བདག་གཟའ་ཀླུ་རྒྱལ་འགོང་བཙན༔ བདུད་བཞིའི་འཇིགས་པ་ཐམས་ཅད་ཀྱི༔ གཉེན་པོ་གཅིག་ཏུ་དྲིལ་བའི་ལྷ༔ པདྨ་གཏུམ་པོའི་སྒྲུབ་ཐབས་འདི༔ ཨོ་རྒྱན་བླ་མའི་ཐུགས་ཁྲག་སྟེ༔ མ་འོངས་བོད་ཁམས་
སྡུག་བསྔལ་དུས༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ཅེས་གསུངས་པ་ལྟར། སྙིགས་མའི་དུས་ཀྱི་ཡང་མཐའ་སྐྱེ་དགུའི་རྒྱུད་མ་རུངས་པའི་ཉོན་མོངས་ཀྱི་རང་གཟུགས་ཕྱི་རོལ་དུ་ཤར་བ་འབྱུང་པོ་གདུག་པ་ཅན་གྱི་རྣམ་པར་འཚེ་བས་ལུས་ཅན་མཐའ་དག་ནད་གདོན་གློ་བུར་གྱི་ཟུག་རྔུས་འཕྲལ་དང་ཡུན་དུ་སྡུག་བསྔལ་ཁོ་ནས་མནར་བ་ལ་ཆེད་དུ་དགོངས་ཏེ། སངས་རྒྱས་སྤྲུལ་པའི་སྐུ་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ་ཉིད་གང་འདུལ་སྒྱུ་འཕྲུལ་རྣམ་པར་རོལ་པའི་ཕྱག་རྒྱ་དང་སྔགས་ཀྱི་གསང་བ་མཐའ་ཡས་པ་བསྟན་པ་རྣམས་ལས་སྙིང་པོའི་ཡང་བཅུད་ཆེ་མཆོག་དྲག་པོ་པདྨ་གཏུམ་པོའི་གདམས་ཟབ་འདི་ཉིད། འཇའ་ལུས་མཁའ་འགྲོ་ཉེར་ལྔ་ལས་ཤེལ་དཀར་མགོན་སྐྱིད་ཀྱི་སྤྲུལ་བསྒྱུར་མི་འགྱུར་ལས་འཕྲོ་གླིང་པའི་ཟབ་གཏེར་འདུས་པ་སྐོར་བཞིའི་ལྡེབས་སུ་བྱོན་ཅིང་། ཐམས་ཅད་མཁྱེན་གཟིགས་བཀའ་བབས་བདུན་ལྡན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་གུ་རུ་རིན་པོ་ཆེ་དང་གཏེར་སྟོན་རྣམས་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུས་སྨིན་གྲོལ་ཉེ་བརྒྱུད་དུ་བསྩལ། བདག་ཅག་ལ་སྨིན་བྱེད་ཀྱིས་རྗེས་སུ་བཟུང་བའི་ཚེ། མེ་ལོང་ལ་བྲིས་པའི་སྔགས་བྱང་གི་གཟུགས་བརྙན་བསུབ་ཏུ་མེད་པའི་རང་བྱོན་ངོ་མཚར་ཅན་དུ་ཤར་བས་མཚོན། བྱིན་རླབས་གཟི་བརྗིད་ལྷག་པར་འབར་བ་སྟེ། གཞུང་ལས། དབང་འདི་ལན་གཅིག་
ཐོབ་པས་ཀྱང༔ པདྨ་གཏུམ་པོས་བྱིན་བརླབས་ནས༔ བར་ཆད་ཀུན་གྱིས་ཉེ་མི་ནུས༔ མཐར་ཐུག་དངོས་གྲུབ་རྣམ་གཉིས་འགྲུབ༔ ཅེས་བསྔགས་པ་དོན་དང་ལྡན་པའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག །ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་བླ་མ་རྡོ་རྗེ་འཆང༔ པདྨ་གཏུམ་པོ་བདག་ལ་དགོངས༔ ཁྲོ་རྒྱལ་ཆེན་པོའི་དཀྱིལ་འཁོར་དུ༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། བླ་མ་དང་གཉིས་སུ་མེད་པའི་ཁྲག་འཐུང་པདྨ་གཏུམ་པོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་སྤྲིན་གཏིབས་པ་ལྟར་བསྐོར་ནས་བཞུགས་པའི་སྤྱན་སྔར་རྒྱུད་དག་པའི་ཕྱིར་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་བྱ་བའི་བློས་ཚིག་དོན་ཟུང་དུ་འབྲེལ་བའི་བསྒོམ་དོན་གསལ་ཐོབ་ལ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་དབང་གི་གཞི་འགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་དུ་སྒོམས། ཧཱུྃ༔ སྟོང་གསལ་ངང་ལས་སྣོད་བཅུད་ཀུན༔ ཅེས་སོགས་དམ་ཚིག་པ་བསྐྱེད་ཅིང་། སྤྱན་འདྲེན་དང་སྙིང་པོའི་མཐར། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ། བཏགས་པ་བརྗོད་ལ་ཡེ་ཤེས་པ་དབབ་ཅིང་བསྟིམ། རྡོ་རྗེ་མེ་ཏོག་མགོར་བཞག །ཏིཥྛ་བཛྲས་བརྟན་པར་བྱ། དབང་དངོས་ལ་སྐུ་
གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡོད་པ་ལས། དང་པོ་སྐུའི་དབང་གི་སླད་དུ། རྣམ་རྒྱལ་བུམ་པ་ཁྲག་འཐུང་པདྨ་གཏུམ་པོའི་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ཁྱེད་རང་གི་སྤྱི་བོར་བཞག་པས་རྡོ་རྗེ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར། ཡེ་ཤེས་ཀྱི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན། དཔྲལ་བར་ཐིམ་པས་གཟི་བརྗིད་རབ་འབར་དྲག་པོའི་སྐུ་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །བུམ་པ་སྤྱི་བོར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ སྐུ་ནི་སྣང་ལ་རང་བཞིན་བྲལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བསྐྱེད་པ་ལྷ་ཡི་དབང་ཐོབ་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་གི་དབང་གི་སླད་དུ། གཏུམ་པོའི་མགྲིན་པ་ནས་འབར་བའི་སྔགས་ཀྱི་ཕྲེང་བ་འཕྲོས། མགྲིན་པར་ཐིམ་པས་མཐུ་ནུས་སྟོབས་ལྡན་དྲག་པོའི་གསུང་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ གསུང་ནི་མ་འགག་རང་བྱུང་དབྱངས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ཐུགས་ཀྱི་དབང་གི་སླད་དུ༔ གཏུམ་པོའི་ཐུགས་ཀ་ནས་ཡེ་ཤེས་རྡོ་རྗེ་འབར་བའི་རྣམ་པ་བྱོན། སྙིང་གར་ཐིམ་པས་འཁྲུལ་རྟོག་རྩད་གཅོད་དྲག་པོའི་ཐུགས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །རྡོ་རྗེ་
སྙིང་གར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཐུགས་ནི་སྟོང་ཉིད་རྡོ་རྗེའི་དབྱིངས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིང་འཛིན་དགོངས་པའི་དབང་ཐོབ་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཡོན་ཏན་གྱི་དབང་གི་སླད་དུ། དཔལ་གྱི་གཏོར་མ་ཁྲག་འཐུང་པདྨ་གཏུམ་པོ་དངོས་སུ་གསལ་བས་བྱིན་གྱིས་བརླབས་པས་གང་འདུལ་རེ་སྐོང་དྲག་པོའི་ཡོན་ཏན་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །དཔལ་གཏོར་ལྟེ་བར་བཞག་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཡོན་ཏན་རེ་སྐོང་ཡིད་བཞིན་གཏེར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གང་འདུལ་འགྲོ་བ་སྒྲོལ་བར་ཤོག༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་ཀྱི་དབང་གི་སླད་དུ། འགུགས་སྒྲོལ་གྱི་ཕྱག་མཚན་ལག་གཡས་གཡོན་དུ་གཏད་པས་ཐོགས་མེད་རྩལ་ལྡན་དྲག་པོའི་ཕྲིན་ལས་དང་དབྱེར་མེད་དུ་གྱུར་པར་མོས་ཤིག །ལྕགས་ཀྱུ་གཡས་དང་ཕུར་པ་གཡོན་དུ་གཏད་ལ། ཧཱུྃ༔ ཁྲག་འཐུང་པདྨ་གཏུམ་པོ་ཡི༔ ཕྲིན་ལས་དགྲ་བགེགས་དགུག་ཅིང་སྒྲོལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མངོན་སྤྱོད་སྟོབས་ཀྱི་དབང་ཐོབ་ཤོག༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྐབས་འདིར་ལིངྒ་ལ་འགུགས་བསྒྲལ་བསྟབ་པ་དྲག་པོའི་གཞུང་གཞན་ལྟར་བྱ། ལིང་རོ་ཐུན་གཏོར་དུ་བསྟབས་ལ་ལས་གཞུང་གིས་བསྐུལ་ལ་གཏོར་མ་དགྲ་ཕྱོགས་སུ་འཕེན་དུ་གཞུག །མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་ལྟར་
དབང་ཐོབ་ནས་དམ་ཚིག་བསྲུང་སྡོམ་གྱི་ཐ་ཚིག་བསྒྲག་པ་ཡིན་ཏེ། དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ༔ བླ་མ་གཙུག་གི་རྒྱན་དུ་ཟུངས༔ ལྷ་བསྒོམ་སྔགས་བཟླས་རྒྱུན་མ་བཅད༔ རང་གཞན་དོན་ཀུན་རྟག་ཏུ་སྒྲུབས༔ ཇི་ལྟར་བསྒོས་པ་རྣམས་ཚུལ་བཞིན་རྗེས་སུ་བསྒྲུབ་པའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དབང་གི་རྗེས་རིམ་དང་། གཏང་རག་མཆོད་བསྟོད་ནོངས་བཤགས་སོགས་ལས་གཞུང་གི་མཇུག་ཆོག་ཀྱང་སྤྱི་ལྟར་བྱའོ། །འདིས་ཀྱང་ཟབ་ཅིང་དཀོན་པའི་ཆོས། །གདུལ་བྱ་མུ་མཐའ་ཡས་པར་འཕེལ། །ཀུན་ཀྱང་པདྨ་གཏུམ་པོ་དང་། །དབྱེར་མེད་ཆེ་བཙན་ཟླ་བྲལ་ཤོག །ཅེས་པའང་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་དེ་བཱི་ཀོ་ཊིའི་སྒྲུབ་གནས་སུ་བགྱིས་པ་དགེ་ལེགས་འཕེལ།། །།