Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་དྲུག་པ།


   
   
   
འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ།  ཀ་མ་ལ་ཤཱི་ལ།
   
   
   
   
   
   
   
   
   


 
previousའཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ཀ་མ་ལ་ཤཱི་ལ།next

འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ།
ཀ་མ་ལ་ཤཱི་ལ།


DTG116_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཨ་བི་ཀལྤ་པྲ་བེ་ཤ་དྷཱ་ར་ཎཱི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ལོག་རྟོག་དྲ་བ་མང་པོ་དག །མ་ལུས་བསལ་ལ་ཕྱག་འཚལ་ཏེ། །རྣམ་པར་མི་རྟོག་འཇུག་པའི་དོན། །ཅི་ནུས་རྣམ་པར་དབྱེ་བར་བྱ། །དེ་ལ་མདོ་སྟེ་འཆད་པར་འདོད་པས་ཉན་པའི་སྐྱེ་བོ་དག་ནན་ཏན་གྱིས་ལེན་པ་ལ་སོགས་པ་ལ་གཟུད་བའི་ཕྱིར་དང་པོར་དགོས་པ་ཇེ་བརྗོད་པར་བྱ་སྟེ། དགོས་པ་མ་རྟོགས་པར་ནི་རྟོག་པ་དང་ལྡན་པ་དག་གང་ལ་ཡང་འཇུག་པར་མི་འགྱུར་རོ། །དེའི་འོག་ཏུ་མདོ་སྡེའི་དོན་བདེ་བླག་ཏུ་ཟིན་པར་བྱ་བའི་ཕྱིར་བསྡུས་པའི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་བསྡུས་པའི་དོན་རྟོགས་པར་བྱ་བའི་ཕྱིར་ཚིག་གི་དོན་བརྗོད་པར་བྱའོ། །དེའི་འོག་ཏུ་དོན་ལ་འབྲེལ་བ་མེད་དུ་དོགས་པ་བསལ་བའི་ཕྱིར་ཚིག་གི་མཚམས་སྦྱར་བ་བསྟན་པར་བྱའོ། །དེའི་འོག་ཏུ་སྔ་ཕྱི་རིགས་པ་དང་འགལ་བ་བསལ་བའི་ཕྱིར་རྒོལ་བའི་ལན་བརྗོད་པར་བྱ་སྟེ། ཚུལ་ནི་དེ་ལྟའོ། །དེ་ལ་དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་གྱི་མཚན་ཉིད་ཀྱིས་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པ་དང༌། རྟོག་པའི་དྲ་བ་མ་ལུས་པར་སྤང་བ་ནི་མདོ་སྡེ་འདིའི་དགོས་པའོ། །དེ་ནས་ས་ཡོངས་སུ་སྦྱོང་བའི་རིམ་གྱིས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་བར་ནི་དགོས་པ་མཐར་ཕྱིན་པའོ། །དེ་ལྟར་ན་མདོ་སྡེ་འདི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པའི་ཐབས་ཡང་དག་པར་སྟོན་ཏོ། །གང་དག་ཐབས་གང་ལ་ཕྱིན་ཅི་


DTG116_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལོག་པར་གནས་པ་དེ་དག་ནི་དེ་འཐོབ་པ་ལ་ཐེ་ཚོམ་མི་སྐྱེ་སྟེ། དཔེར་ན་ཕྱིན་ཅི་མ་ལོག་པར་ནད་མེད་པར་སྒྲུབ་པ་ལ་ནད་པ་རྣམས་གནས་ན་ནད་མེད་པར་འགྱུར་བ་བཞིན་ནོ། །དེ་བས་ན་གང་དག་མདོ་སྡེའི་དོན་ཐོས་ནས་དེ་ལ་བརྟེན་ཏེ་ཡང་དག་པར་བསྒོམ་པ་ལ་རྟག་ཏུ་ནན་ཏན་གྱིས་ཡུན་རིང་པོར་བརྩོན་པར་བྱེད་པ་དེ་དག་ནི་གདོན་མི་ཟ་བར་ཇི་སྐད་གསུངས་པའི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པ་ལ་འཇུག་པར་འགྱུར་རོ། །དེས་ན་སྒྲིབ་པ་བསགས་པ་དག་མ་ལུས་པར་རིམ་གྱིས་ཟད་དེ། སྒྲིབ་པ་མེད་པའི་ཡེ་ཤེས་ཤར་ནས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་ཏེ། དེ་སྐད་དུ་ཡང་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཟུང་ན། བྱང་ཆུབ་སེམས་དཔའ་མྱུར་བ་མྱུར་བར་སངས་རྒྱས་ཀྱི་ཆོས་རྣམས་སྒྲུབ་ཞིང་རྟག་ཏུ་ཁྱད་པར་དུ་ཡང་འགྲོའོ་ཞེས་གསུངས་སོ། །དགོས་པ་དེ་ནི་འདིའི་མིང་གིས་ཀྱང་བསྟན་ཏེ། དེ་ལྟར་ན་འདི་ལ་རྣམ་པར་རྟོག་པ་མེད་པས། རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཞེས་བྱའོ། །དེ་ལ་གང་དྲན་པ་དང་ཤེས་རབ་ཀྱི་ཁྱད་པར་གྱིས་འཇུག་པ་དེ་ནི་རྣམ་པར་མི་རྟོག་པ་ལ་འཇུག་པའོ། །དེའི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཀུན་འཛིན་པས་ན་དེ་ཉིད་གཟུངས་ཞེས་བྱའོ། །ཚིག་ཀྱང་དེ་ནི་རྒྱུར་འགྱུར་བས་ན་དེ་སྐད་བསྟན་ཏེ། དཔེར་ན་སངས་རྒྱས་རྣམས་འབྱུང་བ་བདེའོ་ཞེས་བྱ་བ་ལྟ་བུའོ། །མདོ་སྡེ་འདི་དངོས་སུ་ནི་རྣམ་པར་རྟོག་པའི་གཉེན་པོར་གསུངས་མོད་ཀྱི། འོན་ཀྱང་ཉེས་པ་ཐམས་ཅད་ནི་ལོག་པར་རྟོག་པ་ལས་འབྱུང་བས་ན་དེའི་ཕྱིར་ཉེས་པ་མ་ལུས་པའི་གཉེན་པོ་ཉིད་དུ་ཡང་གནས་སོ། །དེ་ལ་གཟུངས་འདིའི་བསྡུས་པའི་དོན་ནི་རྣམ་པ་བཅུ་བཞི་སྟེ། གླེང་བཞི་དང༌། གླེང་བསླང་བ་དང༌། ཡང་དག་པར་འཛིན་དུ་འཇུག་པ་དང༌། གསོལ་བ་འདེབས་པ་དང༌། འཁོར་སྣོད་དུ་བྱ་བ་དང༌། གནས་པ་དང༌། མཚན་མ་ཡོངས་སུ་སྤང་བར་ཡང་དག་པར་སྦྱོར་བ་དང༌། རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་དང༌། རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དང༌། དེར་ཞུགས་པའི་རྟགས་དང༌། དེའི་ཕན་ཡོན་དང༌། དེའི་ལས་དང་དཔེས་རྣམ་པར་མི་


DTG116_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་གཅིག་ཏུ་བླང་བ་དང༌། ཇི་ལྟར་ཡིད་ལ་བྱས་པས་མཚན་མ་ཡོངས་སུ་སྤངས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པར་འགྱུར་བ་ཐབས་དང་བཅས་པ་དང་བཅུ་བཞིའོ། །དེ་ལ་འདི་སྐད་ཅེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཐབས་ཅིག་གོ་ཞེས་བྱ་བའི་བར་འདིས་ནི་གླེང་བཞི་བསྟན་ཏོ། །དེའི་འོག་ཏུ་དེ་ནས་ཞེས་བྱ་བ་ནས་བཟུང་སྟེ། ཆོས་རྣམས་ཀྱི་རྣམ་པར་མི་རྟོག་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ་ཞེས་བྱ་བའི་བར་འདིས་ནི་གླེང་བསླང་བའོ། །དེ་ནས་ཞེས་བྱ་བ་ནས་བཟུང་སྟེ། རྟག་ཏུ་ཁྱད་པར་དུ་ཡང་འགྲོའོ་ཞེས་བྱ་བའི་བར་འདིས་ནི་ཡང་དག་པར་འཛིན་དུ་འཇུག་པའོ། །དེ་ནས་ཞེས་བྱ་བ་ནས་བཟུང་སྟེ། རྒྱ་ཆེར་སྟོན་པར་འགྱུར་བར་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་བཤད་དུ་གསོལ་ཞེས་བྱ་བའི་བར་འདིས་ནི་གསོལ་བ་འདེབས་པའོ། །དེ་སྐད་ཅེས་གསོལ་བ་དང་ཞེས་བྱ་བ་ནས་བཟུང་སྟེ། ཉེས་པ་དང་ཞེས་བྱ་བའི་བར་འདིས་ནི་སྣོད་དུ་བྱ་བའོ། །བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བཟུང་སྟེ། བསམ་པ་གཞག་ནས་ཞེས་བྱ་བའི་བར་འདིས་ནི་གནས་པའོ། །རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་ཡོངས་སུ་སྤོང་སྟེ་ཞེས་བྱ་བ་ནས་བཟུང་སྟེ། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བ་ཚུལ་བཞིན་གྱི་ཏིང་ངེ་འཛིན་ནི་ཡོད་དོ་ཞེས་བྱ་བའི་བར་འདིས་ནི་ཡང་དག་པར་སྦྱོར་བའོ། །དེ་ཡང་དག་པར་ཞེས་བྱ་བ་ནས་བཟུང་སྟེ། རིམ་གྱིས་ཡོངས་སུ་སྤོང་དོ་ཞེས་བྱ་བའི་བར་འདིས་ནི་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པའོ། །ཅིའི་ཕྱིར་ཞེས་བྱ་བ་ནས་བཟུང་སྟེ། གནས་མེད་པའི་ཞེས་པའི་བར་ནི། རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ཞེས་བྱ་བ་ནས་བཟུང་སྟེ། སྦྲུལ་བ་དང་མཚུངས་བར་མཐོང་ངོ་ཞེས་བྱ་བའི་བར་འདིས་ནི་དེར་ཞུགས་པའི་རྟགས་སོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནས་བཟུང་སྟེ། བཤད་པ་ཆེན་པོ་ལ་དབང་པོ་ཤིན་ཏུ་རྒྱས་པ་ཡང་འཐོབ་པོ་ཞེས་བྱ་བའི་བར་འདིས་དེའི་ཕན་ཡོན་ནོ། །དུས་ཐམས་ཅད་དུ་ཞེས་བྱ་བ་ནས་བཟུང་སྟེ། སངས་རྒྱས་ཀྱི་མཛད་


DTG116_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྷུན་གྱིས་གྲུབ་པ་ཡང་རྒྱུན་མི་གཅོད་དོ་ཞེས་བྱ་བའི་བར་འདིས་ནི་དེའི་ལས་སོ། །རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་བཟུང་སྟེ། རིགས་ཀྱི་བུ་དག་དེ་ལྟར་དཔེ་ཉེ་བར་བཀོད་པ་འདིས་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བའི་བར་འདིས་ནི་དཔེའོ། །ཚིག་ལྷག་མ་རྣམས་ཀྱིས་ནི་ཐབས་སྟོན་ཏོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཇི་སྐད་གསུངས་པའི་དོན་བསྡུ་བ་སྟེ་བསྡུས་པའི་དོན་དང་སྦྱར་རོ། །ཚིག་གི་དོན་ལ་སོགས་པ་ནི་གདོད་བརྗོད་པར་བྱ་སྟེ། དེ་ལ་བདག་ལ་ཡིད་ཆེས་པ་བསྐྱེད་པ་དང༌། ཡིད་བརྟེན་དུ་རུང་བས་མདོ་སྡེ་གསུངས་པར་བསྟན་པས་དེ་ལ་གུས་པ་བསྐྱེད་པའི་ཕྱིར་ཡང་དག་པར་སྡུད་པར་བྱེད་པས་ཐམས་ཅད་དུ་ཐོག་མར་གླེང་གཞི་སྨོས་ཏེ། དེའི་ཕྱིར་ཡིད་བརྟེན་དུ་རུང་བས་གསུངས་པར་ངེས་པ་སྦྱིན་བས་ན་གླང་གཞི་ཞེས་བྱའོ། །དེ་སྐད་ཅེས་བྱ་བ་ནི་དེས་ནི་ཡང་དག་པར་སྡུད་པར་བྱེད་པས་མདོ་སྡེའི་དོན་འོག་ནས་འབྱུང་བ་མཐའ་དག་སྟོན་ཏེ། སྒྲོ་བཏགས་པ་དང་སྐུར་པ་སྤངས་པའི་ཕྱིར་རོ། །བདག་གིས་ཞེས་བྱ་བས་ནི་མངོན་སུམ་དུ་ཐོབ་པར་བསྟན་པ་སྟེ། བདག་ཉིད་ཀྱིས་ཐོས་ཀྱི་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་མ་ཡིན་པའོ། །ཐོས་པ་ཞེས་བྱ་བ་འདིས་ནི་བདག་གིས་མ་རྟོགས་སོ་ཞེས་བྱ་བ་བསྟན་པ་སྟེ། ཐོས་པར་ཟད་ཀྱི་རྟོགས་པ་མེད་པར་རྣམ་པ་གཅོད་པའོ། །ཆོས་ཀྱི་དབྱིངས་ཐུག་སུ་ཆུད་པ་འཕགས་པ་འཇམ་པའི་དབྱངས་ལ་སོགས་པ་ཐེག་པ་ཆེན་པོ་ཡང་དག་པར་སྡུད་པར་བྱེད་པར་གྲགས་མོད་ཀྱི། འོན་ཀྱང་སངས་རྒྱས་དང་འདྲ་བར་འདི་འདྲ་བའི་ཆོས་རྣམ་པ་ཐམས་ཅད་དུ་རྟོགས་པ་གཞན་ལ་མི་སྲིད་དེ། དེ་བས་ན་དེ་དག་གིས་ཀྱང༌། བདག་ཉིད་ཡང་དག་པར་སྡུད་པར་བྱེད་པར་ཁས་བླངས་པས་མདོ་སྡེའི་དོན་རྣམ་པ་ཐམས་ཅད་དུ་མ་རྟོགས་སོ་ཞེས་སྟོན་ཏོ། །གཞན་དུ་ན་ནི་དེ་ཉིད་སྟོན་པ་པོར་འགྱུར་ཏེ། །ཡང་དག་པར་སྡུད་པར་བྱེད་པ་མ་ཡིན་ནོ། །དེ་ཉིད་ནི་ཡིད་ཆེས་པར་བྱེད་པའི་རྒྱུ་སྟེ། གཞན་དུ་ན་མི་སྲིད་པའི་དོན་སྨྲས་ན་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་རོ། །ཡང་ན་ཐོས་ཞེས་བྱ་བ་འདིས་ནི་བདག་ཉིད་འཆད་པ་པོ་དགག་པ་སྟེ། གཟུངས་འདི་ཡིད་བརྟེན་དུ་རུང་བས་གསུངས་པར་སྟོན་ཏེ། བདག་ནི་དེའི་


DTG116_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་ཉེན་པར་ཟད་ཀྱི་འཆད་པ་པོ་ནི་མ་ཡིན་ཏེ། འཆད་པ་པོ་ནི་བཅོམ་ལྡན་འདས་སོ་ཞེས་སྟོན་པའི་ཕྱིར་རོ། །འོ་ན་ཡང་དག་པར་སྡུད་པ་སྡུད་པར་བྱེད་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་བ་ཞེས་ཅིའི་ཕྱིར་མ་བརྗོད་ཅེ་ན། དེ་སྐད་ཅེས་སྨྲས་པ་ལ་ཡོན་ཏན་ལྷག་པ་ཅི་ཞིག་ཡོད། གལ་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཉིད་དུ་བསྟན་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། བདག་གིས་ཐོས་པ་ཞེས་བྱ་བ་འདིས་ཀྱང་དེ་བསྟན་པར་འགྱུར་ཏེ། ཇི་སྐད་གོང་དུ་བཤད་པ་བཞིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་སྨྲས་ན་ནི་ཡང་དག་པར་སྡུད་པར་བྱེད་པ་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་བ་མ་ཡིན་པར་བསྟན་པར་འགྱུར་ཏེ། དེའི་ཕྱིར་ཐོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་འོངས་པའི་ཚིག་ཡིན་པར་དགོས་ཤིང་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར་རོ། །འོན་ཏེ་དེའི་ཕྱིར་བདག་གིས་ཐོས་པ་ཞེས་བྱ་བ་འདི་དང་གཞན་ཡང་སྨོས་ན་ནི་དེའི་ཚེ་ཚིག་མངས་པར་འགྱུར་རོ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་དེ་ཙམ་གྱིས་ཀྱང་བརྗོད་པར་འདོད་པའི་དོན་རྫོགས་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བའི་ཚིག་ལྷག་པར་འགྱུར་རོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་སོགས་པའི་མདོ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ཀྱིས་ཡང་དག་པར་བསྡུ་བ་བྱོས་ཤིག་ཅེས་ལུང་ཕོག་གོ །དེ་བས་ན་བཅོམ་ལྡན་འདས་ཀྱི་ལུང་དང་མཐུན་བར་ཡང་དག་པར་སྡུད་པར་བྱེད་པས་དེ་བཞིན་དུ་ཡང་དག་པར་བསྡུ་བ་བྱས་པར་འགྱུར་ཏེ་རྒོལ་བ་འདི་ནི་མི་རུང་ངོ༌། །གཞན་དག་གིས་འདིར་ལན་དུ་སྨྲས་པ། བཅོམ་ལྡན་འདས་ཀྱི་གསུང་གཅིག་ལ་སེམས་ཅན་གྱི་མོས་པ་སྣ་ཚོགས་ཀྱི་དབང་གིས་རྣམ་པ་དུ་མར་བཤད་པར་སྣང་བའི་ཤེས་པ་སྐྱེ་བས་འདི་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་བ་ཞེས་བྱ་བར་མི་རུང་ངོ༌། །དེ་བས་བདག་གིས་ཐོས་པ་ཞེས་བྱ་བ་འདིས་ནི། ཡང་དག་པར་སྡུད་པར་བྱེད་པས་བདག་ཉིད་ཀྱིས་ཐོས་པའི་ལམ་ནས་འོངས་པའི་རིམ་པ་སྟོན་པས་བཅོམ་ལྡན་འདས་


DTG116_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་སྐད་བཀའ་སྩལ་བ་ཞེས་མི་བརྗོད་དེ། བཅོམ་ལྡན་འདས་ཀྱིས་བཤད་པ་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བས་ན་མཇུག་ཏུ་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བརྗོད་ཀྱི་འདི་སྐད་བཀའ་སྩལ་ཏོ་ཞེས་ནི་མ་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་ནི་ཡི་གེ་དང་ངེས་པའི་ཚིག་ཏུ་བརྗོད་པས་ཅུང་ཟད་ཀྱང་མ་བཤད་དེ། དེ་ནི་དུས་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དབང་ཙམ་གྱིས་སེམས་ཅན་རྣམས་ལ་དེ་ལྟར་ཆོས་སྟོན་པར་སྣང་བར་འགྱུར་ཏེ། དེ་བས་ན་ཡང་དག་པར་སྡུད་པར་བྱེད་པ་ཉིད་ལ་རབ་ཏུ་སྣང་བ་དང་མཐུན་པར་ཐོས་པ་ཐོས་ཞེས་བྱ་བར་སྨྲས་ཀྱི། བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་པ་ནི་མ་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་ཡི་གེ་འབྲུ་གཅིག་ཀྱང་མ་བཤད་པའི་ཕྱིར་རོ་ཞེ་འོ། །དེ་ཡང་མི་རུང་སྟེ། གལ་ཏེ་ཡང་དག་པར་སྡུད་པར་བྱེད་པས་རང་གིས་ཐོས་པའི་ལམ་ནས་འོངས་སམ། རང་ལ་སྣང་བ་ཙམ་ལས་འོངས་སོ་ཞེས་བསྟན་ན་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་མ་ཡིན་ཏེ། དེའི་ཚེ་མདོ་སྡེ་འདི་ཞལ་ནས་གསུངས་པ་ཉིད་དུ་བསྟན་པར་བྱས་པ་མ་ཡིན་པས་མ་ཉན་པའི་སྐྱེ་བོ་དག་འདི་ལ་གུས་པར་མི་སྐྱེད་པར་འགྱུར་རོ། །གལ་ཏེ་འདི་བདག་ལ་སྣང་བ་དང་མཐུན་པར་བསྟན་ན་ནི་དེ་ལ་དེ་བཞིན་དུ་སྣང་བ་མ་སྐྱེས་པ་ནི་མ་ཡིན་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་བ་ཞེས་ཀྱང་ཅིའི་ཕྱིར་མ་བསྟན། འོན་ཏེ་འཆད་པར་སྣང་བ་མེད་ན་ནི་དེ་ཐོས་སོ་སྙམ་པའི་སྣང་བའང་མི་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཆོས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ཡང་དག་པར་སྡུད་པར་བྱེད་པས་ཅིའི་ཕྱིར་བརྗོད་པ་སྨོས་ཤིག །གལ་ཏེ་གཞན་དག་དམ་པའི་ཆོས་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་རང་ལ་སྣང་བ་དང་མཐུན་པར་འདི་སྐད་སྨྲས་སོ་ཞེ་ན་ནི། གལ་ཏེ་དེ་ལྟ་ན་དེ་བཞིན་དུ་དང་པོར་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་ཞེས་ཅིའི་ཕྱིར་མ་བརྗོད་གཞན་དུ་ན་སྔར་ནི་རང་ལ་སྣང་བ་ཙམ་གྱིས་བཤད་པར་བསྒྲུབས་ལ། ཕྱིས་ནི་བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་ཏོ་ཞེས་མཇུག་ཏུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པར་བསྒྲུབ་ན་ལྟག་འོག་འགལ་


DTG116_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་བ་ཞེས་བྱ་བ་དང༌། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཅེས་བྱ་བའི་ཚིག་འདི་གཉིས་ནི་བསྣན་པ་མེད་པར་བྱེ་བྲག་ཅུང་ཟད་ཀྱང་མེད་དེ། ཡང་དག་པར་སྡུད་པར་བྱེད་པས་བདག་ལ་སྣང་བ་ཙམ་དང་མཐུན་པས་ཚིག་གཉི་ག་ལ་བསྣན་པ་དང་བཅས་པས་ཚིག་སྦྱར་ཀྱང་ཅུང་ཟད་ཀྱང་མི་འགལ་ན། གང་གིས་ན་མཇུག་ཏུ་དེ་སྐད་ཅེས་བཀའ་སྩལ་ཏོ་ཞེས་བརྗོད་ཀྱི། འདི་སྐད་བཀའ་སྩལ་ཏོ་ཞེས་ནི་མ་བརྗོད་དོ་ཞེས་བྱ་བ་ཡང་ཁུངས་སུ་མི་འགྱུར་ཏེ། དེ་བས་ན་འདི་ནི་ཅིར་ཡང་མི་རུང་ངོ༌། །དུས་གཅིག་ན་ཞེས་བྱ་བ་ནི་དུས་གཅིག་གི་ཚེ་འམ་འཁོར་འདུས་པ་ན་འདི་ཐོས་སོ་ཞེས་གོང་མ་དང་སྦྱར་རོ། །འདིས་ནི་ཆོས་འདི་ཐོས་པར་དཀའ་བར་སྟོན་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱིས་འདི་འདྲ་བའི་ཆོས་ཐོས་པར་མི་འགྱུར་རོ་ཞེས་བསྟན་པའོ། །ཡང་ན་བདག་ཉིད་མང་དུ་བསྟན་པ་སྟེ། དུས་གཞན་ན་ནི་གཞན་ཡང་ཐོས་པར་སྟོན་པའི་ཕྱིར་ཏེ། དུས་གཅིག་ན་བཅོམ་ལྡན་འདས་བཞུགས་ཞེས་བྱ་བ་འོག་མ་དང་སྦྱར་རོ། །འདིས་ནི་འདུལ་བའི་དགོས་པ་མཐའ་ཡས་པས་དུས་གཞན་ན་ནི་བཅོམ་ལྡན་འདས་གཞན་ན་བཞུགས་སུ་སོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་ཞེས་བྱ་བ་འདིས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་སྒོ་ནས་བྱུང་བར་བསྟན་པ་སྟེ། གཞན་ལ་ཡོན་ཏན་འདི་ལྟ་བུ་མི་སྲིད་པའི་ཕྱིར་རོ། །དེ་ལ་བདུད་བཞི་བཅོམ་པའམ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་བཅོམ་ལྡན་འདས་ཏེ། དབང་དང་རབ་ཏུ་ལྡན་པ་དང༌། །གཟུགས་དང་དཔལ་དང་གྲགས་པ་དང༌། །ཡེ་ཤེས་དང་ནི་ནན་ཏན་དང༌། །དྲུག་དང་རབ་ཏུ་ལྡན་ཕྱིར་རོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །ཡང་ན་སྲིད་པ་དང་མྱ་ངན་ལས་འདས་པ་དང་བྲལ་བའམ། སྲིད་པའི་འགྲོ་བ་ལས་འདས་པའི་ཕྱིར་རོ། །ཡང་ན་མི་འཇིགས་པ་བཞི་ཐོབ་ནས་འཇིགས་པ་མ་ལུས་པ་དང་བྲལ་བས་ངེས་པའི་ཚིག་གི་ཚུལ་གྱིས་བཅོམ་ལྡན་འདས་ཞེས་བྱ་སྟེ། འཕགས་པ་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལས། །ནམ་མཁའ་འདྲ་བའི་ཆོས་དག་ནི། །ལུས་ཅན་རྣམས་ལ་རབ་སྟོན་ཀྱང༌། །འདི་ལ་འཇིགས་པ་མེད་པ་སྟེ། །


DTG116_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་བཅོམ་ལྡན་འདས་ཞེས་བྱ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི། གྲོང་ཁྱེར་གྱི་ཁྱད་པར་གྱི་མིང་སྟེ། སྔོན་རྒྱལ་པོའི་མིང་ཁང་བའི་མིང་དུ་བཏགས་པས་མི་མ་ཡིན་པ་དག་གིས་མ་གཙེས་པས་དེ་སྐད་བཏགས་ཞེས་གྲག་སྟེ། དེ་བས་ན་གྲོང་ཁྱེར་དེ་ལ་དེ་སྐད་ཅེས་བྱའོ། །འདི་ནི་གྲོང་ཁྱེར་ཐམས་ཅད་ཀྱི་མཆོག་ཡིན་པས་ན་དེར་བཤད་པས་དེ་བཞིན་དུ་མདོ་སྡེ་འདི་ཡང་མདོ་སྡེ་ཐམས་ཅད་ཀྱི་མཆོག་ཏུ་སྟོན་ཏོ། །བཞུགས་ཞེས་བྱ་བ་ནི་རྣམ་པ་གསུམ་གྱིས་བཞུགས་པ་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང༌། ཆོས་འཆད་ཅིང་བཞུགས་པ་དང༌། ནང་དུ་ཡང་དག་འཇོག་ལ་བཞུགས་པའོ། །ཁམས་གསུམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་ནང་དུ་ཡང་དག་འཇོག་ལ་བཞུགས་པ་སྟོན་ཏོ། །འདིར་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་ཡིད་དང་བར་བྱེད་པས་ན་ཁང་བཟངས་ཞེས་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཏོ། །རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ནི་ཁང་པ་གང་ལ་སྙིང་པོར་ཡོད་པ་དེ་ལ་དེ་སྐད་ཅེས་བཤད་དེ། དེ་རྟོགས་པས་གནས་པའི་ཕྱིར་དེ་ཉིད་དེའི་སྙིང་པོ་ཞེས་བྱའོ། །ཟག་པ་མེད་པས་ཁམས་གསུམ་ལས་འདས་པའི་ཕྱིར་དེ་ནི་ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཡང་ཡིན་ལ་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ཡང་ཡིན་ནོ་ཞེས་བསྡུའོ། །ཡང་ན་ཁང་པ་ནི་གནས་ཀྱི་ཁྱད་པར་ཏེ། དེ་ཡང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་བྱུང་བས་ཁམས་གསུམ་གྱི་སྲེད་པ་དག་གིས་བདག་གིར་མ་བྱས་པའི་ཕྱིར། ཁམས་གསུམ་ན་དེ་ལྟ་བུ་གཞན་མེད་པས་ཁམས་གསུམ་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་རྟོགས་པ་ལས་བྱུང་བའི་ཕྱིར་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་ལས་བྱུང་བའི་གནས་དེ་ལ་དེ་སྐད་ཅེས་བཤད་དོ། །དེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཟབ་ཅིང་རྒྱ་ཆེ་བ་གཞལ་དུ་མེད་པས་རྣམ་པར་སྦྱངས་པའི་ཡེ་ཤེས་ཀྱི་མིག་ཅན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་ཏེ། དམན་པ་ལ་མོས་པ་མིག་སེར་གྱི་ནད་ཀྱིས་ཐེབས་པ་ལྟ་བུའི་ཡེ་ཤེས་ཀྱི་


DTG116_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ཅན་ཉན་ཐོས་ལ་སོགས་པ་དག་གིས་ནི་མ་ཡིན་ནོ། །དེ་བས་ན་ཉན་ཐོས་ཀྱི་མདོ་སྡེ་བསྟན་པ་ལས་ནི་རྣམ་པ་འདི་ལྟ་བུ་མ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་འབྱོར་པའི་རྣམ་པ་ཐམས་ཅད་ལ་དམན་པ་ལ་མོས་པའི་སེམས་ཅན་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་མོས་པར་མི་ནུས་ཏེ། དེ་བས་ན་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་བསམ་པ་དང་འཚམ་པར་ཉན་ཐོས་ལ་སོགས་པ་དག་ལ་བཅོམ་ལྡན་འདས་ཉིད་ཀྱང་སྤྱོད་པ་ཆུང་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྒྱ་ཆེན་པོ་ཡང་མི་འགལ་ལོ། །གནས་དབེན་པ་འདི་བསྟན་པས་ཀྱང་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལ་བཞུགས་པ་ཉིད་དུ་བསྟན་ཏོ། །རྒྱལ་པོའི་ཁབ་ན་བཞུགས་པས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། བདག་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་དེར་བཞུགས་སོ། །དེ་བས་ན་ཡུལ་གྱི་ཁྱད་པར་ཁོ་ན་བརྗོད་ཀྱི། དུས་ཀྱི་ཁྱད་པར་ནི་མ་ཡིན་ཏེ། འདི་ལྟར་ཡུལ་གྱི་ཁྱད་པར་བརྗོད་པས་ནི། དེ་ན་བཅོམ་ལྡན་འདས་ཆོས་འཆད་པས་བཞུགས་པ་དང༌། སྤྱོད་ལམ་གྱིས་བཞུགས་པ་བསྟན་ཏོ། །བཞུགས་པ་གཉིས་པོས་ནི་བཅོམ་ལྡན་འདས་གཞན་གྱི་དོན་མཛད་པར་ཤེས་པར་བྱའོ། །འདི་ལྟར་ཆོས་འཆད་ཅིང་བཞུགས་པས་ནི། ཡང་དག་པར་བསྟན་པ་དང༌། ཡང་དག་པར་འཛིན་དུ་འཇུག་པ་དང༌། གཟིངས་བསྟོད་པ་དང༌། རབ་ཏུ་དགའ་བར་མཛད་པས་ངན་འགྲོ་དང་འཁོར་བ་ལས་བཀྲོལ་ཏེ། བདེ་འགྲོ་དང་ཐེག་པ་གསུམ་ལ་རབ་ཏུ་བཀོད་པས་བཅོམ་ལྡན་འདས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པར་ཤེས་པར་བྱའོ། །སྤྱོད་ལམ་གྱིས་བཞུགས་པས་ཀྱང་བསོད་སྙོམས་ལ་རྒྱུ་བ་ལ་སོགས་པས་ན་གྲོང་གི་བུད་མེད་དང༌། རྒན་པོ་དང༌། ནད་པ་དང༌། དབུལ་པོ་ལ་སོགས་པས་བཅོམ་ལྡན་འདས་ལ་བསོད་སྙོམས་ལ་སོགས་ཅུང་ཟད་ཀྱང་ཕུལ་བས་ཀྱང་བསོད་ནམས་དཔག་ཏུ་མེད་པ་རབ་ཏུ་འཕེལ་བའི་ཕྱིར་རོ། །ངོ་མཚར་སྣ་ཚོགས་རྒྱུན་དུ་བསྟན་པས་ལོང་བ་ལ་སོགས་པས་ནི་མིག་ལ་སོགས་པ་འཐོབ་པ་དང༌། མ་དད་པ་རྣམས་ཀྱི་དད་པ་བསྐྱེད་པ་དང༌། དད་པ་རྣམས་ཀྱི་དད་པ་འཕེལ་བར་བྱ་བའི་


DTG116_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཏེ། མདོ་སྟེ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱི་བཞུགས་པ་གཉིས་ཀྱིས་ནི་གཞན་གྱི་དོན་དཔག་ཏུ་མེད་པ་ཉིད་དུ་ཤེས་པར་བྱའོ། །དུས་ཀྱི་ཁྱད་པར་བརྗོད་པས་ནི་ཕུན་སུམ་ཚོགས་པ་གང་ཡང་མི་སྟོན་པས་དེ་བས་ན་དེ་ནི་གང་དུ་ཡང་མ་སྨོས་ཏེ། ཡང་དང་ཡང་གཞན་དུ་འགྱུར་བས་དུས་ལ་ངེས་པ་མེད་དེ། བརྟག་དཀའ་བའི་ཕྱིར་རོ། །སྐད་ཅིག་མ་གཅིག་ལ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་དང༌། ཞག་དང༌། ཟླ་བ་ལ་སོགས་པའི་དབྱེ་བ་དུ་མ་སྟོན་པའི་ཕྱིར་རོ། །དེ་བས་ན་དུས་ལ་ངེས་པ་བྱ་བར་མི་ནུས་པས་གང་དུ་ཡང་མ་སྨོས་སོ། །གཞན་དག་གིས་ལན་དུ་སྨྲས་པ། དུས་དེ་ཉིད་ཀྱི་ཚེ། བཅོམ་ལྡན་འདས་ཡུལ་གཞན་དུ་ཡང་སྣང་བས་ཡུལ་ཐ་དད་པ་ནས་ལྷགས་པ་རྣམས་དུས་ཀྱི་ཁྱད་པར་བརྗོད་པ་ན་དེའི་ཚེ་ན་ནི་བཅོམ་ལྡན་འདས་ངེད་ཀྱི་དྲུང་ན་བཞུགས་སོ། །ངེད་ཀྱི་དྲུང་ན་བཞུགས་སོ་ཞེས་རྩོད་པར་འགྱུར་ཏེ། དེ་བས་ན་དུས་ཀྱི་ངེས་པ་ནི་མ་བྱས་སོ་ཞེའོ། །དེ་ལ་ཡུལ་གྱི་ཁྱད་པར་འདི་སྨས་པས་ཅིའི་ཕྱིར་རྩེད་པར་མི་འགྱུར་བ་སྨྲོས་ཤིག །དེའི་ཚེ་བཅོམ་ལྡན་འདས་ཡུལ་གཞན་ན་ཡང་སྣང་བའི་ཕྱིར་རོ། །འོན་ཏེ་བཅོམ་ལྡན་འདས་ཀྱི་མཐུའི་ཁྱད་པར་བསམ་གྱིས་མི་ཁྱབ་པ་ལ་མོས་པས་དེ་དག་དེར་རྩོད་པར་མི་འགྱུར་ན་ནི། དེ་ལྟ་ན་གང་དུས་ལ་ཡང་ངེས་པར་མི་འགྱུར་ཏེ་འདི་ནི་གྱི་ནའོ། །ནང་དུ་ཡང་དག་འཇོག་ལ་བཞུགས་པས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏེ། དོན་གཉིས་ཕུན་སུམ་ཚོགས་པའི་སྟོན་པ་ལ་ནི་སྐྱབས་སུ་འགྲོ་བར་རིགས་པའོ། །དེས་གསུངས་པའི་ལུང་ནི་མི་སླུ་བས་ཚད་མར་རིགས་ཏེ། དེ་བས་ན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་གུས་པ་བསྐྱེད་པའི་ཕྱིར་ཕུན་སུམ་ཚོགས་པ་གཉི་ག་སྨོས་སོ། །ཡང་འདི་ལ་དབང་སུ་ཡོད་སྙམ་པ་ལ། ཆེན་པོ་ཞེས་བྱ་བ་གསུངས་ཏེ། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་ངོ༌། །དེ་དག་འདུས་པ་ལ་བདུད་ལ་སོགས་པས་དབྱེར་མི་ཕྱེད་དེ་འདུས་པས་ན་དགེ་འདུན་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ཞེས་བྱ་བ་ནི། ཐབས་ཅིག་ཅེས་བྱ་བ་དང་སྦྱར་རོ། །དེ་དག་ནི་སེམས་


DTG116_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ལ་ཁོང་དུ་ཆུད་པར་བྱེད་པའམ། བྱང་ཆུབ་ལ་འཇོག་པའམ། བྱང་ཆུབ་སེམས་དཔས་ན་བྱང་ཆུབ་སེམས་དཔའོ། །དེ་དག་གི་ཚོགས་ནི་འདུས་པ་སྟེ། ཚོགས་གཉི་ག་ཡང་གྲངས་དང་ཡོན་ཏན་གཉིས་ཀྱི་ཆེན་པོའོ། །ཐེག་པ་ཆེན་པོ་ལ་ཡང་ཉན་ཐོས་རྣམས་འཇུག་པར་འགྱུར་བ་བསྟན་པའི་ཕྱིར། ཐེག་པ་ཆེན་པོའི་མདོ་སྡེ་བཤད་པ་ལ་ཉན་ཐོས་རྣམས་ཀྱང་བཤད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་ཉན་ཐོས་ཀྱི་མདོ་སྟེ་བཤད་པ་ལ་མ་ཡིན་ཏེ། དེ་དག་དེར་མི་འཇུག་པའི་ཕྱིར་རོ། །དགེ་སློང་གི་དགེ་འདུན་ནི་རབ་ཏུ་བྱུང་བར་འདྲ་བ་དང༌། བྱ་བ་བྱས་པ་དང༌། བདག་གི་དོན་ལྷུར་ལེན་ན་བས་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཞ་འབྲིང་བྱེད་པ་དང༌། རབ་ཏུ་བྱུང་བ་རྣམས་ལ་གུས་པ་བྱ་བར་བརྗོད་པའི་ཕྱིར་གོང་དུ་བསྟན་ཏོ། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མིང་བརྗོད་པ་ནི་དེ་དག་མཐུ་ཆེན་པོར་གྲགས་པ་དང༌། མདོ་སྡེ་ཡང་དེ་དག་གི་ཕྱིར་བཤད་པའི་ཕྱིར་རོ། །ཉན་ཐོས་རྣམས་ཀྱི་མིང་མ་བརྗོད་པ་ནི་དེ་དག་དེ་ལས་བཟློག་པའི་ཕྱིར་རོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། སེམས་ཅན་གྱི་ཚོགས་ཆེན་པོ་བསྒྲལ་བའི་ཕྱིར་གོ་ཆ་བགོས་པ་དང༌། བློ་ཆེ་བ་དང༌། གཏོང་བ་ཆེན་པོ་དང་ལྡན་པ་དང༌། མཐུ་ཆེན་པོའི་ཕྱིར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་པས་ན་སེམས་དཔའ་ཆེན་པོའོ། །ཡང་ན་ཆོས་དང༌། སེམས་བསྐྱེད་པ་དང༌། བསམ་པ་དང༌། མོས་པ་དང༌། ཚོགས་དང༌། དུས་དང༌། ཡང་དག་པར་འགྲུབ་པ་ཆེ་བས་ན་སེམས་དཔའ་ཆེན་པོའོ། །དེ་ལ་ཆོས་ཆེན་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་ཆོས་རབ་ཏུ་རྒྱ་ཆེ་བའི་ཕྱིར་རོ། །སེམས་བསྐྱེད་པ་ཆེན་པོ་ནི་དེ་དག་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་རོ། །བསམ་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱ་བར་སེམས་པའི་ཕྱིར་རོ། །མོས་པ་ནི་ཆེན་པོ་ནི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་མོས་པའི་ཕྱིར་རོ། །ཚོགས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དཔག་ཏུ་མེད་


DTG116_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །དུས་ཆེན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་བརྩོན་འགྲུས་བརྩོམས་པས་བྱང་ཆུབ་འཐོབ་པའི་ཕྱིར་རོ། །འདི་དག་ཐམས་ཅད་ཀྱིས་ནི་རྒྱུ་ཆེན་པོ་བསྟན་ཏོ། །ཡང་དག་པར་འགྲུབ་པ་ཆེན་པོ་འདིས་ནི་འབྲས་བུ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པའི་ཕྱིར་རོ། །རྣམ་པར་མི་རྟོག་ཅེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་མི་རྟོག་པས་རྣམ་པར་མི་རྟོག་སྟེ། ལོག་པར་རྟོག་པ་སྤངས་པའི་ཕྱིར་རོ། །འདི་ལ་འདིས་རྣམ་པར་མ་བརྟགས་པས་ན་རྣམ་པར་མི་རྟོག་པ་སྟེ། དེ་བཞིན་ཉིད་དང༌། ཡང་དག་པའི་ཡེ་ཤེས་སོ། །དེས་དེ་ཐོབ་པས། སྣང་ཞིང་གསལ་བས་ན་རྣམ་པར་མི་རྟོག་སྣང་བའོ། །རྣམ་པར་མི་རྟོག་པ་ནི་ཟླ་བ་བཞིན་དུ་བསལ་བར་བྱེད་པས་ན་རྣམ་པར་མི་རྟོག་ཟླ་བའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པའི་ཕྱིར་དེ་ལ་དཔའ་བས་ན་རྣམ་པར་རྟོག་མེད་དཔའ་བའོ། །རྣམ་པར་མི་རྟོག་པའི་དབང་དུ་བྱས་ནས་རྣམ་པར་མི་རྟོག་པའི་ཆོས་ཐེག་པ་ཆེན་པོ་དེས་མངོན་སུམ་དང་བརྒྱུད་དེ་བཤད་པའི་ཕྱིར་དེ་སྟོན་པ་ལ་མཁས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པར་རྟོག་མེད་ངོ་བོ་ཉིད། །ཅེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་ཐོབ་པས་ན། རྣམ་པར་རྟོག་མེད་དབང་ཕྱུག་གོ །རྣམ་པར་མི་རྟོག་ཅིང་དམིགས་པ་མེད་པའི་བྱམས་པ་ཆེན་པོ་ལ་དབང་སྟེ་དབང་ཐོབ་པས་ན་རྣམ་པར་རྟོག་མེད་བྱམས་པ་ཆེ་པོའི་དབང་ཕྱུག་གོ །ཐུགས་བརྩེ་བས་སྐལ་བ་ཡོད་པ་དང་སྐལ་བ་མེད་པའི་སེམས་ཅན་ཐམས་ཅད་ལ་གཟིགས་པའི་དབང་པོ་སྟེ་དབང་ཐོབ་པས་ན་སྤྱན་རས་གཟིགས་དབང་ཕྱུག་གོ །མིང་ལྷག་མ་རྣམས་ནི་ཁོང་དུ་ཆུད་པར་སླ་བས་རྣམ་པར་མ་ཕྱེའོ། །ཇི་སྐད་དུ་བཤད་པའི་མིང་དོན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནའི་མིང་བརྗོད་པ་ནི་དེ་དག་གཙོ་བོ་ཡིན་པའི་ཕྱིར་ཏེ། །དེའི་ཚེ་རྣམ་པར་མི་རྟོག་པ་ལས་བརྩམས་ནས་ཆོས་སྟོན་པའི་ཕྱིར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྣམ་པར་རྟོག་པ་རིད་དུ་སྤངས་པ་དག་ཁོ་ནས་དམ་པའི་ཆོས་འདི་མཉན་པ་དང་མོས་པར་ནུས་ཏེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་


DTG116_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །གླེང་གཞི་བཤད་ཟིན་ཏོ། །གླེང་བསླང་བ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོངས་སུ་བསྐོར་ཞེས་བྱ་བ་ནི་ཀུན་ནས་ཏེ། འཁོར་དེ་རབ་ཏུ་མང་བའི་ཕྱིར་རོ། །མདུན་གྱིས་བལྟས་ཞེས་བྱ་བ་ནི་མདུན་གྱིས་ཕྱོགས་པ་སྟེ། གུས་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །ཆོས་རྣམས་ཀྱི་རྣམ་པར་མི་རྟོག་པ་ཉིད་ལས་བརྩམས་ཏེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ཆོས་ལས་འདས་པ་སྟེ། དེ་བས་ན་རྣམ་པར་མི་རྟོག་པ་ནི་བརྗོད་དུ་མེད་པའོ། །ཆོས་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཆོས་ཉིད་དེ་བརྗོད་པའི་ཕྱིར་ཆོས་སྟོན་ཏེ། སྐབས་འདིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་འདི་གསུངས་སོ། །དེ་བས་ན་ཇི་སྐད་གསུངས་པའི་ཆོས་སྟོན་པ་ན་འཁོར་སྣོད་དུ་རུང་བར་མཁྱེན་ནས་གཟུངས་འདི་ཉན་དུ་གཞུག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་འཛིན་དུ་འཇུག་པའོ། །ཡང་དག་པར་འཛིན་དུ་འཇུག་པ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་སྐབས་རྒྱུན་ཆགས་པའོ། །འཁོར་ལ་ཀུན་དུ་གཟིགས་པ་ནི་འཆད་པར་བཞེད་པ་བསྟན་པའམ། སྐལ་བ་ཡོད་པ་དང༌། སྐལ་བ་མེད་པ་བརྟག་པའི་དོན་ཏོ། །གལ་ཏེ་བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པས་དེའི་ཕྱིར་གཟིགས་ཞེས་བྱ་བ་མི་རིགས་སོ་ཞེ་ན། དུས་ཇི་ལྟ་བ་བཞིན་དུ་སྐལ་བ་ཡོད་པ་དང་སྐལ་བ་མེད་པ་མཁྱེན་པ་དང་ཁྱད་པར་མཛད་པས་དེའི་ཕྱིར་རྟག་ཏུ་མཉམ་པར་གཞག་པ་ཉིད་དེ། འདི་ནི་ཇི་ནའོ། །ཡང་དག་པར་འཛིན་དུ་འཇུག་པ་འདི་ཡང་ཚིག་གིས་འཇུག་པར་མཛད་པ་དང༌། འབྲས་བུ་བསྟན་པས་སོ། །ཟུང་ཤིག་ཅེས་བྱ་བ་ནི་ཚིག་གིས་འཇུག་པར་མཛད་པའོ། །བཟུང་བ་དེ་ཡང་ཚིག་དང་དོན་དང་བསྒྲུབ་པས་སོ། །དེ་བཟུང་ན་ཞེས་བྱ་བ་ལ་སོགས་པས་ནི་འབྲས་བུ་བསྟན་པས་སོ། །འབྲས་བུ་དེ་ཡང༌། རིང་བ་དང༌། ཉེ་བ་སྟེ། རིང་བ་ནི་སངས་རྒྱས་སུ་འགྲུབ་པའོ། །ཉེ་བ་ནི་གང་མོས་པས་སྤྱོད་པ་དང༌། ས་ལ་འཇུག་པ་ན་གོང་ནས་གོང་དུ་དུས་ཐམས་ཅད་དུ་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་འཐོབ་པའོ། །མྱུར་བ་མྱུར་བར་ཞེས་བྱ་


DTG116_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྐྱེན་པ་སྐྱེན་པར་རོ། །སྒྲུབ་ཅེས་བྱ་བ་ནི་སྐྱེད་པའོ། །རྟག་ཏུ་ཁྱད་པར་དུ་ཡང་འགྲོའོ་ཞེས་བྱ་བ་ནི་བྱེ་བྲག་འཐོབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ །ཁ་ཅིག་ཏུ་ནི་འདི་ལྟ་བུས་འདུལ་བའི་སྐྱེ་བོ་དག་ཉེ་བར་གྱུར་པས་བཅོམ་ལྡན་འདས་ཉིད་ཀྱི་ཡང་དག་པར་འཛིན་དུ་འཛུད་དོ། །ཁ་ཅིག་ཏུ་ནི་ཞུས་ཀྱང་མི་འཆད་དེ། དེ་ན་དེ་ལྟ་བུའི་ཆོས་ཀྱི་སྣོད་དུ་གྱུར་པ་མེད་པར་ཤེས་པར་བྱའོ། །ད་ནི་གསོལ་བ་འདེབས་པ་སྟེ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་བཅོམ་ལྡན་འདས་འཆད་བཞེད་པར་ཤེས་ན་བཅོམ་ལྡན་འདས་ལ་ཅིའི་ཕྱིར་གསོལ་བ་འདེབས། དེ་ཉིད་ཀྱི་ཕྱིར་ཏེ། འདི་ལྟར་གང་གི་ཕྱིར་བཅོམ་ལྡན་འཆད་པ་བཞེད་པར་ཤེས་པ་དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་དག་གསོལ་བ་འདེབས་ཏེ། མ་གསོལ་བར་ཆོས་འདི་ལྟ་བུ་མི་འཆད་དེ། བཅོམ་ལྡན་འདས་དང༌། ཆོས་རྣམས་ཀྱི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་སྣང་བ་དེས་ཆོས་ཀྱི་དབྱིངས་ཉིད་ཁོང་དུ་ཆུད་པས་གཟུངས་ཀྱི་དོན་རིག་ཏུ་ཟིན་ཀྱང་ཆོས་མཉན་པས་ངོམས་པར་མི་བྱའོ་ཞེས་གཞན་དག་ལ་བསྟན་པའི་ཕྱིར་གསོལ་བ་བཏབ་པོ། །སྟན་ལས་ལངས་པ་ལ་སོགས་པའི་རྒྱུ་ནི་བཅོམ་ལྡན་འདས་ལ་གུས་པར་བྱ་བ་དང༌། འདི་བཞིན་གསོལ་བ་ཐོབ་ཤིག་པར་གཞན་དག་ལ་བསྟན་པའི་ཕྱིར་རོ། །ཐོས་ནས་འཛིན་པ་ཞེས་བྱ་བ་འདིས་ནི་གཟུངས་བཤད་པའི་དོན་ཆེན་པོ་སྟོན་ཏེ། བདག་དང་གཞན་གྱི་དོན་སྒྲུབ་པའི་ཕྱིར་རོ། །ཚུལ་བཞིན་ཡིད་ལ་བགྱིད་པ་ཞེས་བྱ་བ་ནི་དེའི་དོན་ཇི་ལྟ་བ་བཞིན་དུ་བསམ་པ་དང་བསྒོམ་པའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པས་ཇི་ལྟར་གཟུངས་འདི་བཤད་པས་གཞན་དག་འདི་ལ་བདག་དང་གཞན་གྱི་དོན་ཆེན་པོ་འགྲུབ་པར་འགྱུར་བ་མཁྱེན་མོད་ཀྱི། འོན་ཀྱང་གསོལ་བ་མ་བཏབ་པ་ལ་བཅོམ་ལྡན་འདས་དོན་མེད་པར་ཅུང་ཟད་ཀྱང་མི་འཆད་དེ། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་གཟུངས་ལ་སོགས་པ་ནན་ཏན་གྱིས་སྒྲུབས་ཤིག་པར་གཞན་དག་ལ་བསྟན་པའི་ཕྱིར་འདི་གསོལ་ཏོ། །དེ་སྐད་ཅེས་གསོལ་བ་བཏབ་པ་ལ་གནང་བར་དགོངས་ནས། བཅོམ་ལྡན་འདས་ཀྱིས་


DTG116_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་སྣོད་དུ་རུང་བར་མཛད་པའི་ཕྱིར་བསྡུས་པའི་དོན་ལྔ་པ་སྟེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་སྦྱོར་བ་འདི་ནི་སྤྱི་ཡིན་པས་རྒྱུ་བསྟན་པ་སྟེ། བཤད་དོ་ཞེས་བྱ་བའི་ཚིག་དེ་དང་སྦྱར་རོ། །ཡང་ན་ཉོན་ཞེས་བྱ་བ་ལ་སོགས་པ་དང་ངོ༌། །གལ་ཏེ་ཁྱེད་ཅག་ཉན་པ་ལ་སོགས་པས་སྒྲུབ་ན་དེའི་ཕྱིར་ངས་བཤད་དོ་ཞེས་བྱ་བའམ། གང་གི་ཕྱིར་ངས་བཤད་པ་དེའི་ཕྱིར་ཁྱེད་ཅག་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ཉོན་ལ་ཞེས་བྱ་བ་ནི་རྣ་བླགས་ཏེ་ཉན་དུ་འཇུག་པའོ། །ལེགས་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་འཛིན་དུ་གཞུག་བའོ། །རབ་ཏུ་ཡིད་ལ་ཟུང་ཤིག་ཅེས་བྱ་བ་ནི་ཀུན་དུ་འཛིན་དུ་འཇུག་གཞུག་པའོ། །འདིས་ནི་སྣོད་ཁས་ཕུབ་པ་དང༌། མི་གཙང་བ་དང༌། རྡོལ་བ་ལྟ་བུ་དགག་པའི་ཕྱིར་གོ་རིམས་བཞིན་ཏེ་འཁོར་སྣོད་དུ་རུང་བར་མཛད་པའོ། །བཤད་དོ་ཞེས་བྱ་བ་ནི་དེ་ལྟ་ན་ངས་བཤད་ཀྱིས་གཞན་དུ་སྣོད་ཁས་ཕུབ་པ་དང༌། མི་གཙང་བ་དང༌། རྡོལ་བ་ལ་ཆར་བབ་པ་དང་འདྲ་ན་ནི་བཤད་པ་དོན་མེད་པར་འགྱུར་རོ་ཞེས་དགོངས་པའོ། །ཡང་ན་ང་ནི་འཆད་པར་ཟད་དེ། ཁྱེད་རྣམས་ཀྱིས་མཉན་པ་དང་གཟུང་བ་ལ་སོགས་པ་ལ་ནན་ཏན་གྱིས་སྒྲུབས་ཤིག་པར་སྟོན་ཏོ། །གཞན་དུ་ན་གལ་ཏེ་བཅོམ་ལྡན་འདས་ཉིད་ཀྱིས་ཐམས་ཅད་མཛད་པར་གྱུར་ན་ནི་དེའི་ཚེ་ཡིད་དུ་མི་འོང་བའི་ལས་ལ་སོགས་པའི་སྒྲིབ་པས་སེམས་ཅན་དམྱལ་བ་ལ་སོགས་པར་སུ་ཡང་མི་སྨིན་པ་ཞིག་ན། བཅོམ་ལྡན་འདས་ཀྱིས་ནི་ཐམས་ཅད་མཛད་པར་མི་སྤྱོད་དོ། །དེ་ལྟ་བས་ན་སེམས་ཅན་དེ་དག་ལུས་ཀྱི་ཉེས་པར་སྤྱོད་པ་ལ་སོགས་པ་ལ་མི་བརྟེན་པར་བྱ་བའི་ཕྱིར་ཅི་ཆོས་བསྟན་པར་བྱ་བ་འམ། འོན་ཏེ་དེ་དག་གི་ལུས་དང་སེམས་ཀྱི་ཚུལ་སྒྱུར། ལུས་ལ་སོགས་པ་ནི་རང་གི་གནས་དང་འབྲེལ་བར་འབྱུང་བས་གཞན་གྱི་ལུས་ལ་སོགས་པའི་དངོས་པོར་བསྒྱུར་དུ་བཏུབ་མི་སྲིད་དོ། །དེའི་ཕྱིར་ཆོས་རྣམས་བསྒྱུར་དུ་མི་རུང་བ་སེམས་ཅན་རྣམས་ནི་ལས་བདག་གིར་བྱ་བ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་འཆད་པ་སྟེ། ཁྱེད་ཅག་ཉིད་ཀྱིས་སྒྲུབ་པར་བྱོས་ཞེས་གསུངས་སོ། །ཡང་སྨན་པས་མ་ཉེས་སྨན་གྱིས་མ་ཡིན་ཏེ། ནད་པ་དེ་ཉིད་


DTG116_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་ཉེས་པར་གྱུར། །ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་ཞེས་བྱ་བ་ནི་ཁས་བླངས་པའོ། །ད་ནི་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བས་བྱང་ཆུབ་སེམས་དཔའ་ཉན་པ་རྣམས་ལ་གནས་པ་ལ་སོགས་པའི་དོན་སྟོན་ཏོ། །འདི་ལ་འདིས་རྣས་པར་མི་རྟོག་པས་རྣམ་པར་མི་རྟོག་པ་སྟེ། དེ་བཞིན་ཉིད་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་ཆེད་དུ་ཆོས་གང་བཤད་པ་དེ་ནི་རྣམ་པར་མི་རྟོག་པའི་དབང་དུ་བྱ་བའོ། །དེ་ནི་ཐེག་པ་ཆེན་པོ་མཐའ་དག་སྟེ། ཐམས་ཅད་ཀྱང་དེ་བཞིན་ཉིད་དང༌། བྱང་ཆུབ་ལ་གཞོལ་བའི་ཕྱིར་ཏེ། དགོངས་པ་ངེས་པར་འགྲེལ་བ་ལས། ཆོས་འདི་དག་ཐམས་ཅད་ནི་དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་བབ་པ། བྱང་ཆུབ་ལ་གཞོལ་བ། བྱང་ཆུབ་ལ་འབབ་པ། བྱང་ཆུབ་ལ་བབ་པ་ཞེས་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ། །དེའི་ཆོས་ཐོས་ཏེ་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱིས་སོ། །རྣམ་པར་མི་རྟོག་པ་ལ་བསམ་པ་གཞག་ནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་རྣམ་པ་གཉིས་སུ་ཇི་སྐད་གསུངས་པ་ལ་དད་པ་དང་འདུན་པའི་མཚན་ཉིད་ཀྱིས་ཏེ། བསམས་པའི་ཤེས་རབ་ཀྱིས་བསམ་པ་བསྟན་པར་བྱས་ནས་དེས་རབ་ཏུ་བསྟན་པ་དང༌། དད་པས་ནི་མངོན་པར་ཡིད་ཆེས་པ་སྐྱེ་ཞིང་འདུན་པས་ནི་མོས་པ་འཕེལ་བར་འགྱུར་བའི་ཕྱིར་ཏེ། རྣམ་པར་མི་རྟོག་པ་ལ་བསམ་པ་གཞག་པ་དེ་ལས་གཞན་དག་གིས་བསྐྱོད་མི་ནུས་པའི་དོན་ཏོ། །ཐོས་པ་དང་བསམ་པའི་ཤེས་རབ་ལ་གནས་པ་དེས་ནི་བསྡུས་པའི་དོན་དྲུག་པ་བསྟན་ཏོ། །དེ་ལ་རབ་ཏུ་གནས་པའི་བསྒོམ་པ་ལ་སྦྱོར་བས་དེའི་འོག་ཏུ་མཚན་མ་རྣམས་ཡོངས་སུ་སྤོད་པར་ཡང་དག་པར་སྦྱོར་བས་ན། མཚན་མ་ཐམས་ཅད་ཡོངས་སུ་སྤོང་སྟེ་ཞེས་བྱ་བ་བསྡུས་པའི་དོན་བདུན་པ་གསུངས་སོ། །མཚན་མ་དེ་ཡང་རྣམ་པ་བཞི་སྟེ། མི་མཐུན་པའི་ཕྱོགས་ཀྱི་མཚན་མ་དང༌། གཉེན་པོའི་ཕྱོགས་ཀྱི་མཚན་མ་དང༌། གཉེན་པོ་བསྒོམ་པའི་འབྲས་བུའི་མཚན་མའོ། །འདི་དག་ནི་གོང་ནས་གོང་དུ་ཡང་ཞིང་ཕྲ་བས་ན། གོས་ཀྱི་དྲི་མ་བཀྲུ་བའི་རིམ་པ་བཞིན་དུ་ཇི་ལྟར་རགས་རིམ་དུ་སྤང་བའི་རིམ་པ་བསྟན་པའི་ཕྱིར་དེ་ཐོག་མ་ཉིད་དུ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་


DTG116_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐམས་ཅད་ཡོངས་སུ་སྤོང་ངོ་ཞེས་བྱ་བ་གསུངས་སོ། །ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས་ཐམས་ཅད་ཀྱི་རང་བཞིན་ཡིད་ལ་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ་ནི་རང་བཞིན་གྱི་མཚན་མ་རྣམས་སོ། །དེ་དག་ཀྱང་མདོར་བསྡུ་ན་གཟུང་བ་དང་འཛིན་པའི་དངོས་པོ་རྣམ་པ་གཉིས་སུ་འཇུག་སྟེ། གཟུང་བ་འམ་འཛིན་པ་ཡང་རུང་ཞེས་གང་གསུངས་པའོ། །དེ་ལ་གཟུགས་ཉེ་བར་ལེན་པའི་ཕུང་པོ་ལ་ནི་གཟུང་བའི་དངོས་པོར་འཇུག་ཕུང་པོ་ལྷག་མ་བཞི་ལ་ནི་འཛིན་པའི་དངོས་པོར་ཏེ། རྒྱས་པར་ནི་ཉེ་བར་ལེན་པའི་ཕུང་པོ་ཐ་དད་པས་རྣམ་པ་ལྡར་དབྱེ་སྟེ། ཟག་པ་དང་བཅས་པའི་དངོས་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ་ཞེས་བྱ་བ་གང་གསུངས་པ་སྟེ། ཉེ་བར་ལེན་པ་རྣམས་ནི་ཉོན་མོངས་པ་རྣམས་སོ། །དེ་ལས་བྱུང་བའི་ཕུང་པོ་རྣམས་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་སོ། །གལ་ཏེ་ཐོག་མ་མེད་པའི་དུས་ནས་མ་རིག་པའི་དབང་གིས་ཞུགས་པའི་རང་བཞིན་གྱི་མཚན་མ་འདི་དག་བྱུང་ན་དེ་དག་སྤང་བར་ཇི་ལྟར་ནུས་ཏེ། དེ་དག་ཚེར་མ་དབྱུང་བ་བཞིན་དུ་སེམས་ལས་གསལ་བར་ནི་མི་རུད་ངོ་སྙམ་དུ་སེམས་པའི་བསམ་པས་དེ་དག་ཇི་ལྟར་སྤང་ཞེས་འདྲི་བའི་ལན་དུ་འདིར། མངོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་དུ་ཞེས་བྱ་བའི་བཤད་པ་ནི་སྣང་བར་འགྱུར་བ་ཞེས་བྱ་བའོ། །གང་གི་ཚེ་སྣང་བར་འགྱུར་བས་མངོན་དུ་འགྱུར་བ་དེའི་ཚེ་ཡིད་ལ་མི་བྱེད་པས་སྤང་བར་བྱའོ། །འདིར་ཡིད་ལ་མི་བྱེད་པ་ནི་ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། མེད་པ་ནི་དངོས་པོ་མེད་པས་གང་གི་རྒྱུའི་དངོས་པོར་ཡང་མི་འཐད་པའི་ཕྱིར་རོ། །ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་སྣང་བར་གྱུར་པའི་གཟུགས་ལ་སོགས་པའི་མཚན་མ་རྣམས་ཡིད་ལ་བྱེད་པར་མི་ནུས་པའི་ཕྱིར་རོ། །ཡིད་ལ་བྱེད་པ་དེ་ལས་གཞན་ཡིད་ལ་མི་བྱེད་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་གཞན་གང་ཅི་ཡང་རུང་བ་དག་ཀྱང་ཡིད་ལ་མི་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་དག་གི་གཉེན་པོ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཡིད་ལ་བྱེད་པ་དེ་དང་མི་མཐུན་པ་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་གང་ཡིན་པ་དེ་ཉིད་ཡིད་ལ་མི་བྱེད་པར་དགོངས་ཏེ།


DTG116_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་པའི་དོན་གྱིས་དགག་པ་གཟུང་བའི་ཕྱིར་མི་མཛའ་བ་དང་བརྫུན་པ་ལ་སོགས་པ་བཞིན་ནོ། །ཡང་ན་ཡིད་ལ་མི་བྱེད་པ་ནི་འབྲས་བུར་གྱུར་པའི་ཕྱིར་ཡང་དག་པར་སོ་སོར་རྟོག་པ་ལ་ཡིད་ལ་མི་བྱེད་པའི་སྒྲར་གདགས་པས་བརྗོད་དེ་འབྲས་བུ་ཙམ་བསྟན་པས་ཀྱང་དོན་གྱི་ཤུགས་ཀྱིས་དེ་ལ་བྱ་བར་མངོན་ནོ། །དེ་ལྟར་ན་མཚན་མ་རྣམས་ཡོངས་སུ་སྤང་བར་ནུས་ཏེ། འདི་ལྟར་མ་རིག་པའི་དབང་གིས་ཕྱིན་ཅི་ལོག་གི་རྣམ་པས་གཟུགས་ལ་སོགས་པའི་མཚན་མ་སྣང་བ་དག་རྣལ་འབྱོར་བས་སོ་སོར་བརྟགས་ན་གང་གི་ཚེ་མི་དམིགས་པ་དེའི་ཚེ་མངོན་པར་ཞེན་པ་རྣམས་སྤོང་བའི་ཕྱིར་རོ། །དེ་དག་རྣམ་པར་སྤངས་ན་མཚན་མ་མེད་པ་ཡང་རབ་ཏུ་རྟོགས་སོ། །སྒྲིབ་པ་རྣམས་སྤངས་ནས་དྲི་མ་མེད་པའི་ཡེ་ཤེས་ཀྱང་འཆར་ཏེ་འདོད་ཆགས་ལ་སོགས་པའི་བག་ལ་ཉལ་བ་རྣམས་མ་ལུས་པར་སྤངས་པ་ཡང་འཐོབ་པར་འགྱུར་རོ། །དེ་སྐད་དུ་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང། དེ་དེ་ལྟར་སྐྱོན་ལ་མཁས་པས་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་བ་ཉིད་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །དེ་སྟོང་པ་ཉིད་ལ་སྒོམ་པ་མང་བས་གནས་གང་དང་གང་དག་ལ་སེམས་འཇུག་ཅིང༌། སེམས་མངོན་པར་དགའ་བའི་གནས་དེ་དང་དེ་ལ་རང་བཞིན་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་ཡིན་པ་དེ་ཡང་ཡོངས་སུ་བརྟགས་ན་སྟོང་པར་རྟོགས་སོ། །སེམས་གང་གིས་ཡོངས་སུ་བརྟགས་པ་དེ་ཡང་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །དེ་དེ་ལྟར་རྟོགས་པས་མཚན་མ་མེད་པ་ལ་རྣལ་འབྱོར་དུ་བྱེད་དོ་ཞེས་གསུངས་སོ། །འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང༌། །ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཀྱང་འཐོབ། །ཏིང་ངེ་འཛིན་རྣམས་ཐོབ་པས་ཤེས་རབ་ཤིན་ཏུ་སྒོམ། །ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། །ཅེས་གསུངས་སོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང༌། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་འཇིལ་ལོ། །ཤེས་རབ་ཀྱིས་ནི་བག་ལ་ཉལ་ཡོངས་སུ་སྤོང་ངོ་ཞེས་གསུངས་སོ། །འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང༌། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་བརྟགས་


DTG116_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སྒོམ་པ་ནི། །དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དེས་ནི་ཞིར་མི་འགྱུར། །ཞེས་གསུངས་སོ། །འདི་ཉིད་ལས་ཀྱང༌། ཇི་ལྟར་གནས་པ་དེ་དག་ལ་ཉེ་བར་བརྟགས་པས་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་ཅེ་ན་ཞེས་འོག་ནས་གསུངས་སོ། །དེ་ལྟ་བས་ན་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ནི་འདིར་ཡིད་ལ་མི་བྱེད་པར་དགོངས་སོ། །དེ་ནི་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་མོད་ཀྱི་འོན་ཀྱང་དེ་ཉིད་ལས་བྱུང་བ་ཡང་དག་པའི་ཡེ་ཤེས་ཀྱི་མེས་དེ་བསྲེག་པར་འགྱུར་ཏེ། ཤིང་གཉིས་དྲུད་པ་ལས་བྱུང་བའི་མེས་ཤིང་དེ་གཉིས་སྲེག་པར་བྱེད་པ་བཞིན་ནོ། །དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་འདོད་པས་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ལྷག་མཐོང་ལ་ཐོག་མར་བསྒོམ་པར་བྱ་སྟེ། དེས་མཚན་མ་རྣམས་ཡོངས་སུ་སྤོང་བར་འགྱུར་རོ། །དེ་ལ་རྣལ་འབྱོར་བས་བསྒོམ་པའི་ཚེ་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཟིན་པར་བྱ་སྟེ། སྒྲའི་ཚེར་མ་མེད་ཡིད་དང་མཐུན་པའི་གནས་སུ་འགྲོ་བ་མཐའ་དག་མ་ལུས་པ་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་ཐམས་ཅད་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། གཟུགས་རི་མོར་བྲིས་པ་འམ་གཞན་ཡང་རུང་སྟེ་མདུན་དུ་གཞག་ལ། དེ་དག་ལ་ཡང་ཅི་ནུས་པས་མཆོད་དེ། སྡིག་པ་བཤགས་པ་དང༌། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་བྱས་ནས། མིག་གཉིས་ཧ་ཅང་ཡང་མི་དབྱེ་བར་སྣའི་རྩེ་མོར་བལྟས་ལ་ལུས་དྲང་བོར་བསྲང་སྟེ། སྐྱིལ་མོ་ཀྲུང་ངམ། སྐྱིལ་མོ་ཀྲུང་ཕྱེད་དམ་གང་ཡང་རུང་བ་བྱས་ལ་ནང་དུ་བསྡུས་པས་བསྐྱེད་པའི་དྲན་པས་སྟན་བདེ་བ་ལ་འདུག་ནས་སོ། །ཡང་ན་ཇི་ལྟར་འདོད་པའི་སྤྱོད་ལམ་དུ་གནས་ནས་དེ་ཁོ་ན་ལ་བསྒོམ་མོ། །དེར་ཡང་ཇི་སྐད་བསྟན་པའི་མཚན་མ་སྣང་བ་ལ་སེམས་གཞག་ནས་བྱིང་བ་དང་རྒོད་པ་ལ་སོགས་པ་ཞི་བར་བྱས་ཏེ། ཞི་གནས་སྒྲུབ་པ་ལ་ཡང་དག་པའི་སོ་སོར་རྟོག་པའི་མཚན་ཉིད་ཡིད་ལ་མི་བྱེད་པ་དེས་མཚན་མ་དེ་དག་ཡོངས་སུ་སྤོང་ངོ༌། །དེར་ཡང་ཇི་སྐད་ཐོས་པ་དང་བསམ་པའི་དོན་ལ་ངེས་པའི་ཚུལ་གྱིས་སོ་སོར་བརྟག་པར་བྱས་ཏེ། རྟེན་ཅིང་འབྲེལ་


DTG116_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བར་འབྱུང་བ་བསྒོམ་པའམ། འོང་བ་དང་འགྲོ་བ་མེད་པར་སོ་སོར་བརྟག་པ་འམ་བདག་དང་གཞན་དང་གཉི་ག་ལས་མི་འབྱུང་བར་དཔྱད་པ་འམ། ཆ་ལ་སོ་སོར་བརྟག་པའམ། མདོར་ན་ཇི་ལྟར་རྟོག་པས་ཀྱང་རུང་སྟེ། དངོས་པོ་མེད་པ་ལ་མོས་པ་སྐྱེ་བར་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ། །དེ་ནས་དེ་སྤོང་བ་ན་བརྒྱ་ལ་རྣལ་འབྱོར་བ་དག་འདི་སྙམ་དུ་སེམས་ཏེ། གཟུགས་ལ་སོགས་པ་ཉེ་བར་ལེན་པའི་ཕུང་པོ་འདི་དག །དོན་དམ་པར་མ་སྐྱེས་སུ་ཟིན་ཀྱང་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དག་ནི་སྐྱེས་པ་ཁོ་ན་ཡིན་ནོ། །གཞན་དུ་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེར་སྣ་ལ་སོགས་པའི་གཉེན་པོ་དང༌། ལོངས་སྤྱོད་ཆེན་པོ་ལ་སོགས་པ་འཐོབ་པ་དང༌། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པ་དེ་དག་བཅོམ་ལྡན་འདས་ཀྱིས་མ་བསྟན་ཏོ་སྙམ་ནས། དེ་ནས་རྣམ་པར་རྟོག་པ་དེ་ཀུན་དུ་འབྱུང་བར་གྱུར་ན་རྣམ་པར་མི་རྟོག་པའི་ཐམས་ཅད་དུ་སོང་བ་ལ་འཇུག་པ་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་འདི་ཡང་དེ་བཞིན་དུ་རྣལ་འབྱོར་པས་ཡིད་ལ་མི་བྱེད་པས་སྤང་བར་བྱའོ་ཞེས་སྟོན་ཏེ། དེ་རང་བཞིན་ལ་རྣམ་པར་རྟོག་པའི་མཚན་མ་དེ་དག་རིམ་གྱིས་སྤོང་བ་ན་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པ་འདི་དག་ནི་གཉེན་པོ་སྟེ། སེར་སྣ་ལ་སོགས་པ་དང༌། ཉོན་མོངས་པ་ལ་སོགས་པའི་སྒྲིབ་པའི་གཉེན་པོར་གྱུར་པའི་ཕྱིར་ཏེ། ཇི་ལྟར་འོས་པར་སྦྱར་རོ། །རྣལ་འབྱོར་དུ་གནས་པ་ན་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རྣལ་འབྱོར་པས་དེ་དག་ལ་དངོས་པོ་ཉིད་དུ་མངོན་པར་ཞེན་པར་མི་བྱ་ཞིང་རྣམ་པར་རྟོག་པ་དེ་སྤང་བར་གསུངས་ཀྱི། དེ་དག་ལ་བརྟེན་པ་ཡང་དགག་པར་ནི་མ་ཡིན་ནོ། །དེ་བས་ན་མདོ་ལས་སྦྱིན་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ་དང༌། བྱང་ཆུབ་ཀྱི་ཚོགས་སུ་གྱུར་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟེན་པར་བྱ་བ་ཉིད་དོ་ཞེས་གསུངས་སོ། །གཞན་དུ་ན་བསམ་གཏན་དང་ཤེས་རབ་ཀྱང་མི་བསྟེན་ན་སྒྲིབ་པ་རྣམས་ནི་ཅི་ཡང༌། རྣལ་འབྱོར་པར་ཡང་ཇི་ལྟར་འགྱུར། ས་དང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་བསྟེན་པ་བཀག་ན་ནི་མདོ་སྡེ་མང་པོ་དང་འགལ་ཏེ། རྒྱུ་མེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རོ། །


DTG116_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྣམས་དང་རྣམ་པ་ཐམས་ཅད་མཁྱེན་བ་ཉིད་ལ་གོམས་པར་མ་བྱས་ན་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་སུ་ཡང་ཇི་ལྟར་རྣམ་པར་གཞག་པར་འགྱུར། དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་ལ་གནས་པའི་དུས་ན་རྣལ་འབྱོར་པས་རྣམ་པར་རྟོག་པ་དེ་སྤང་བར་འདི་གསུངས་པར་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་རྣམ་པར་རྟོག་པ་ནི་མཚན་མའོ་ཞེས་ཐམས་ཅད་དུ་གསུངས་ཏེ། དེ་ཉིད་སྤང་བར་བསྟན་པའི་ཕྱིར་རོ། །ངོ་བོ་ཉིད་ལ་དཔྱོད་པ་འམ། །ཞེས་བྱ་བ་ནི་སྦྱིན་པ་སོགས་པའི་རང་གི་མཚན་ཉིད་ཡོད་བ་ཉིད་དོ་ཞེས་རྟོག་པའི་ཕྱིར་ཏེ། རྣམ་པར་རྟོག་པའི་མཚན་མ་ཀུན་དུ་འབྱུང་བ་གང་དག་ཅེས་བྱ་བ་དང་སྦྱར་རོ། །དེ་ལ་གཞན་དག་ལ་མཆོད་པ་དང་ཕན་གདགས་པར་འདོད་པས་གཞན་དག་ལ་ནོར་དང་མི་འཇིགས་པ་དང་ཆོས་རྣམས་ཀྱིས་ཉེ་བར་སྒྲུབ་པ་ནི་སྦྱིན་པའི་ངོ་བོ་ཉིད་རྣམ་པ་གསུམ་མོ། །ཉེས་པར་སྤྱོད་པ་ཐམས་ཅད་ལས་ལྡོག་པ་དང༌། དགེ་བ་ཐམས་ཅད་ལ་འཇུག་པ་ནི་ཚུལ་ཁྲིམས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །མི་མཇེད་པ་དང༌། ཇི་མི་སྙམ་པ་དང༌། ཤེས་པ་དང་གསུམ་ནི་བཟོད་པའི་ངོ་བོ་ཉིད་དོ། །དགེ་བ་རྣམས་ལ་ཡང་དག་པར་སྤྲོ་བ་ནི་བརྩོན་འགྲུས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །སེམས་རྩེ་གཅིག་པ་ནི་བསམ་གཏན་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དངོས་པོ་རྣམས་ལ་ཡང་དག་པར་རབ་ཏུ་རྣམ་པར་འབྱེད་པ་རྣམ་པ་གསུམ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ། །ཡོན་ཏན་ལ་དཔྱོད་པ་འམ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་སོ་སོའི་རྒྱུས་ལོང་སྤྱོད་ཆེན་པོ་ལ་སོགས་པ་དང༌། བདག་དང་གཞན་གྱི་དོན་དུ་ཉེ་བར་གནས་པར་རྟོག་པའི་ཕྱིར་རོ། །དེ་ལ་སྦྱིན་པའི་འབྲས་བུ་ནི་ལོངས་སྤྱོད་ཆེན་པོའོ། །ཚུལ་ཁྲིམས་ཀྱི་ནི་ལུས་ཕུན་སུམ་ཚོགས་པ་སྟེ། དེ་ནི་བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར་རོ། །བཟོད་པའི་ནི་ཀུན་དུ་མཛེས་པ་དང༌། གཡོག་འཁོར་མང་པོ་མི་ཟད་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ནི་གཡོག་འཁོར་མི་ཕྱེད་པ་དང༌། ལོངས་སྤྱོད་རྒྱུན་མི་འཆད་པའོ། །བསམ་གཏན་གྱི་ནི་ལུས་ལ་གནོད་པ་མེད་པར་འགྱུར་བའོ། །ཤེས་རབ་ཀྱི་ནི་དབང་པོ་ཐམས་ཅད་རྣོ་བ་


DTG116_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དང། བདེ་བ་དང༌། ཡིད་བདེ་བ་མང་བར་འགྱུར་བ་དང༌། སྐྱེ་བོའི་ཚོགས་ཕལ་པོ་ཆེ་ལ་དབང་བྱེད་པར་འགྱུར་བའོ། །བདག་དང་གཞན་ཐམས་ཅད་རྗེས་སུ་འཛིན་པ་ནི་སྤྱིའི་འབྲས་བུའོ། །སྙིང་པོ་ལ་སྤྱོད་པ་འང་རུང་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པ་དེ་དག་མི་ཟད་པ་དང་བྱང་ཆུབ་ཐོབ་པའི་རྒྱུར་རྟོག་པའི་ཕྱིར་རོ། །གཉེན་པོ་ལ་རྟོག་པའི་མཚན་མ་ཡོངས་སུ་སྤོང་བ་ནི་བཤད་ཟིན་ཏོ། །ད་ནི་མཚན་མ་སྤང་བ་གསུམ་པ་སྟེ། དེས་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །ཡོད་པ་དང་མེད་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བ་ནི་དེ་ཁོ་ནའོ། །རྣལ་འབྱོར་པ་འདི་སྙམ་དུ་སེམས་ཏེ། སྦྱིན་པ་ལ་སོགས་པ་ངོ་བོ་ཉིད་མེད་དུ་ཟིན་ཀྱང༌། སྟོང་པ་ལ་སོགས་པ་དོན་དམ་པར་བསྡུས་པ་དངོས་པོར་གྱུར་པ་ནི་རང་གི་མཚན་ཉིད་ཀྱིས་ཡོད་དོ། །གཞན་དུ་ན་གལ་ཏེ་དོན་དམ་པ་ཉིད་ཀྱང་མེད་ན་ནི་ཚངས་པར་སྤྱོད་པ་ཡང་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཚེ་རྣམ་པར་རྟོག་པ་འདི་ཡང་བྱང་ཆུབ་སེམས་དཔས་སྤང་བར་བྱ་བ་ཉིད་དོ། །དེ་དག་ནི་གང་ཟག་དང་ཆོས་ལ་བདག་མེད་པ་ཙམ་གྱི་མཚན་ཉིད་དུ་ཟད་པས་སྟོང་པ་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་དངོས་པོར་གྱུར་པ་ནི་མེད་དོ། །གཞན་དུ་ན་སྟོང་པ་ལ་སོགས་པ་དངོས་པོ་ལ་སོགས་པའི་ངོ་བོར་གྱུར་ན། དེ་ལ་དངོས་པོ་ལ་སོགས་པའི་རྣམ་པར་རྟོག་པ་ཇི་ལྟར་ལྡོག་པར་འགྱུར། འཕགས་པ་དཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་གལ་ཏེ་དོན་དམ་པ་མེད་དུ་ཟིན་ན་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ་ཞེས་གསུངས་པ་ཡང་དེ་ལ་རང་གི་མཚན་ཉིད་ཀྱི་ངོ་བོ་དངོས་པོར་གྱུར་པ་དོན་དམ་པ་ཡོད་པར་སྟོན་པ་ནི་མ་ཡིན་ཏེ། ཇི་ལྟ་ཞེ་ན། སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་སྒྲོ་བཏགས་པའི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་གལ་ཏེ་དོན་དམ་པར་མི་འགྱུར་ན། དེའི་ཚེ་ཇི་ལྟར་བྱིས་པའི་སྐྱེ་བོ་ཡོངས་སུ་བརྟགས་པ་བཞིན་དུ་གང་ཟག་དང་ཆོས་གཉིས་བདེན་པར་འགྱུར་ཏེ། དེ་བས་ན་བྱིས་པའི་སྐྱེ་བོ་ཐམས་ཅད་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཡིན་པའི་ཕྱིར་དེ་ཁོ་ན་མཐོང་བར་འགྱུར་ཏེ། དེ་དག་བསྒྲིམ་མི་དགོས་པར་ཐར་པར་འགྱུར་


DTG116_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་མྱ་ངན་ལས་འདས་པའི་མཚན་ཉིད་ཚངས་པ་ཐོབ་པར་བྱ་བའི་ཕྱིར་འཕགས་པའི་ལམ་བསྒོམ་པའི་མཚན་ཉིད་སྤྱད་པ་རྣམས་དོན་མེད་པར་འགྱུར་རོ་ཞེས་བྱ་བའི་ཚིག་གོ །འདི་ལྟ་སྟེ་རང་གི་མཚན་ཉིད་ལ་དཔྱོད་པའམ་ཞེས་བྱ་བ་ལ་སྟོང་པ་ཉིད་ལ་སོགས་པ་རང་གི་མཚན་ཉིད་ཀྱིས་དངོས་པོར་གྱུར་པ་ནི་ཡོད་དོ་ཞེས་རྟོག་པའོ། །ཡང་ན་སྒྱུ་མ་ལྟ་བུ་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་བཏགས་པའི་གང་ཟག་དང་ཆོས་ཀྱི་བདག་ཉིད་དང་བྲལ་བ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ། །དེ་ཉིད་གཞན་མ་ཡིན་པའི་དོན་ཡིན་པས་དེ་བཞིན་ཉིད་དོ།། ཕྱིན་ཅི་མ་ལོག་པའི་དོན་ཡིན་པས་ཡང་དག་པའི་མཐའོ། །མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར། མཚན་མ་མེད་པའོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པས་ན་དོན་དམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཏེ། དེ་བས་ན་འདི་དག་དངོས་པོར་གྱུར་པ་ནི་ཡོད་པ་ཉིད་དོ་ཞེས་དེ་ལྟར་སྟོང་པ་ཉིད་ལ་སོགས་པ་སོ་སོའི་ཚིག་གི་རང་གི་མཚན་ཉིད་ལ་རྟོག་པ་དེ་ཡང་མཚན་མ་ལ་ཀུན་དུ་སྤྱོད་པ་ཡིན་ནོ། །ཡོན་ཏན་ལ་སྤྱོད་པ་འམ་ཞེས་བྱ་བ་ནི་དེ་དག་བསྒོམས་པས་སངས་རྒྱས་ཀྱི་ཆོས་ལ་སོགས་པའི་ཡོན་ཏན་མ་ལུས་པ་འབྱུང་བར་འགྱུར་རོ་ཞེས་རྟོག་པའོ། །སྙིང་པོ་ལ་དཔྱོད་པ་ཡང་རུང་ཞེས་བྱ་བ་ནི་མི་སླུ་བའི་ཆོས་ཅན་གྱི་ཕྱིར་མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཐམས་ཅད་དུ་ཚད་མས་སུན་མ་ཕྱུང་བའི་ཕྱིར་ཚད་མས་ཡང་དག་པར་གྲུབ་པའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡང་དེས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་རྟོག་པའོ། །ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་ངོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ལ་སོགས་པའི་ངོ་བོར་རྟོག་པའོ། །འདི་ལྟར་དེ་དག་ནི་གང་ཟག་དང་ཆོས་ལ་བདག་མེད་པའི་མཚན་ཉིད་ཙམ་དུ་ཟད་པའི་ཕྱིར་དངོས་པོའི་ངོ་བོར་ཡོད་པ་ཡང་མ་ཡིན་ལ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་གང་ཟག་དང་ཆོས་སུ་སྒྲོ་བཏགས་པའི་བདག་ཉིད་དང་བྲལ་བས་ན་ཆོས་ཉིད་དུ་གདགས་པའི་ཕྱིར་རི་བོང་གི་རྭ་བཞིན་དུ་མེད་པ་ཡང་མ་ཡིན་ནོ། །དེ་ལྟར་རྟོགས་པ་ན། དེ་ལ་ངོ་བོ་ཉིད་ལ་སོགས་པ་རྣམ་པར་རྟོག་པ་སྤང་བར་བྱའོ། །


DTG116_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་ལ་དམིགས་པའི་རྣམ་པར་རྟོག་པའི་མཚན་མ་སྤང་བ་བཤད་ཟིན་ཏོ། །ད་ནི་མཚན་མ་ཡོངས་སུ་སྤང་བ་བཞི་པ་སྟེ། དེས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །རྣལ་འབྱོར་པ་དག་འདི་སྙམ་དུ་སེམས་ཏེ། སྦྱིན་པ་ལ་སོགས་པ་དང་དེ་དག་ལ་དམིགས་པར་གྱུར་པ་སྟོང་པ་ཉིད་ལ་སོགས་པ་དོན་དམ་པ་ངོ་བོ་ཉིད་མེད་དུ་ཟིན་ཀྱང༌། དེ་དག་བསྒོམས་པ་ལས་ཐོབ་པའི་ངོ་བོ་ཉིད་ལ་སོགས་པའི་དངོས་པོར་གྱུར་པ་དག་ནི་འབྲས་བུར་གྱུར་པས་ན་ཡོད་པ་ཉིད་དོ། །གཞན་དུ་ན་བྱང་ཆུབ་སེམས་དཔའ་རྣམས་ས་ལ་སོགས་པ་ལ་ཇི་ལྟར་འཇུག་པར་འགྱུར་སྙམ་དུ་སེམས་ན། དེའི་ཚེ་རྣལ་འབྱོར་པས་རྣམ་པར་རྟོག་པ་འདི་ཡང་སྤང་བར་བྱ་བ་ཉིད་དོ། །ས་ལ་སོགས་པ་དག་ཀྱང་དོན་དམ་པར་མ་སྐྱེས་པའི་ཕྱིར་རོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པ་དང༌། ལུང་བསྟན་པ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་འཐོབ་པ་ནི་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། དབང་བསྐུར་བ་འཐོབ་པ་ནི་དེའི་གོང་མའི་ས་གཉིས་ལ་གནས་པ་སྟེ་གོ་རིམས་བཞིན་ནོ། །ས་འདི་རྣམས་ནི་ལྷུན་གྱིས་གྲུབ་པར་འཇུག་པ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་ས་དེ་མ་ཡིན་པ་གཞན་དག་པས་མཆོག་ཏུ་གྱུར་པས་ན་བྱེ་བྲག་ཏུ་རྣམ་པར་རྟོག་པའི་མཚན་མ་གཞན་དག་གསུངས་སོ། །ས་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་འབྱུང་བ་འདི་དག་ནི་ལས་དང་པོ་པའི་རྣལ་འབྱོར་པ་ཁོ་ན་སྟེ། ས་ལ་བཞུགས་པའི་ནི་མ་ཡིན་ཏེ། དེ་ལ་མི་སྲིད་པའི་ཕྱིར་རོ། །འདི་ལྟ་སྟེ། རང་གི་མཚན་ཉིད་ལ་དཔྱོད་པ་འམ་ཞེས་བྱ་བ་ནི། ས་ལ་སོགས་པ་རང་གི་མཚན་ཉིད་ཀྱི་དངོས་པོར་གྱུར་པ་ནི་ཡོད་པ་ཉིད་དོ་ཞེས་རྟོག་པ་འམ། འདི་དག་སོ་སོ་རང་གི་མཚན་ཉིད་ལ་རྟོག་པའོ། །དེ་ལ་ས་དང་པོའི་བྱང་ཆུབ་སེམས་དཔའ་ནི་སྐྱོན་མེད་པ་ལ་ཞུགས་པས་གང་ཟག་དང་ཆོས་ལ་རྨོངས་པའི་གཉེན་པོར་རྣམ་པར་གཞག་གོ །གཉིས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པས་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་རྨོངས་པའི་གཉེན་པོར་རོ། །གསུམ་པ་ནི་འཇིག་རྟེན་གྱི་སྙོམས་པར་འཇུག་པ་ལ་གནས་པའི་དབང་


DTG116_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པས་འདོད་པའི་འདོད་ཆགས་ལ་རྨོངས་པའི་གཉེན་པོར་རོ། །བཞི་པ་ནི་བྱང་ཆུབ་ཀྱི་ཕྱོགས་ཇི་ལྟར་ཐོབ་པ་རྣམས་ལ་མང་དུ་གནས་པས་སྙོམས་པར་འཇུག་པའི་ཆོས་ལ་སྲེད་པའི་རྨོངས་པའི་གཉེན་པོར་རོ། །ལྔ་པ་ནི་ཐབས་ཀྱིས་ཟིན་པའི་བྱང་ཆུབ་ཀྱི་ཕྱོགས་ལ་གནས་པས་བདེན་པ་རྣམས་བསྒོམས་ཏེ། བྱང་ཆུབ་སེམས་དཔའ་འཁོར་བ་དང་མྱ་ངན་ལས་འདའ་བ་ལ་ཤིན་ཏུ་རྒྱབ་ཀྱིས་ཕྱོགས་པ་དང༌། མངོན་དུ་ཕྱོགས་པར་ཡིད་ལ་བྱེད་པའི་རྨོངས་པའི་གཉེན་པོར་རོ། །དྲུག་པ་ནི་མཚན་མ་མེད་པར་གནས་པ་མཚན་མ་མེད་པར་མང་དུ་ཀུན་དུ་སྤྱོད་པ་ལ་རྨོངས་པའི་གཉེན་པོ་དང༌། འཁོར་བར་འཇུག་པ་ལ་རྨོངས་པའི་གཉེན་པོར་རོ། །བདུན་པ་ནི་སྐབས་མེད་པར་མཚན་མ་མེད་པ་ལ་གནས་པ་ཐོབ་པས་མཚན་མ་ཕྲ་མོ་རྣམས་ལ་ཀུན་དུ་སྤྱོད་པའི་རྨོངས་པའི་གཉེན་པོར་རོ། །བརྒྱད་པ་ནི་ལྷུན་གྱིས་གྲུབ་པར་མཚན་མ་མེད་པ་ལ་གནས་པ་ཐོབ་པས་མཚན་མ་མེད་པ་ལ་འབད་ཅིང་ཀུན་དུ་སྤྱོད་པའི་རྨོངས་པའི་གཉེན་པོར་རོ། །དགུ་པ་ནི་སོ་སོ་ཡང་དག་པར་རིག་པ་རྣམས་ཐོབ་པས་རྣམ་པ་ཐམས་ཅད་དུ་ཆོས་བཤད་པ་ལ་དབང་ཐོབ་པའི་རྨོངས་པའི་གཉེན་པོར་རོ། །བཅུ་པ་ནི་སངས་རྒྱས་ཀྱི་ཞིང་དང་འཁོར་དང་སྤྲུལ་པ་ལ་སོགས་པ་ལ་དབང་ཐོབ་པས་མངོན་པར་ཤེས་པ་ཆེན་པོ་ལ་རྨོངས་པའི་གཉེན་པོར་རོ། །སངས་རྒྱས་ཀྱི་ཞིང་ནི་མདོར་ན་ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་མཁྱེན་པ་བརྙེས་པས་ཤེས་བྱ་ཐམས་ཅད་ལ་ཕྲ་བའི་ཡེ་ཤེས་ཐོགས་པའི་རྨོངས་པའི་གཉེན་པོར་གཞག་གོ །ཡོན་ཏན་ལ་སྤྱོད་པ་འམ་ཞེས་བྱ་བ་ནི་ཇི་སྐད་དུ། ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ཏིང་ངེ་འཛིན་བརྒྱ་རབ་ཏུ་འཐོབ་པ་དང༌། སངས་རྒྱས་མཐོང་བ་དང༌། དེ་དག་གི་བྱིན་གྱི་རླབས་ཀྱང་ཡང་དག་པར་ཤེས་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བར་བྱེད་པ་དང༌། ཞིང་བརྒྱར་འགྲོ་བར་བྱེད་པ་དང༌། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད་པ་དང༌། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད་པ་དང༌། བསྐལ་བ་བརྒྱར་གནས་པར་བྱེད་པ་དང༌། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་བསྐལ་པ་བརྒྱ་ལ་


DTG116_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དང༌། ཆོས་ཀྱི་སྒོ་བརྒྱ་འབྱེད་པ་དང༌། ལུས་བརྒྱ་ཀུན་དུ་སྟོན་པ་དང༌། ལུས་རེ་རེ་ལ་ཡང་བྱང་ཆུབ་སེམས་དཔའི་འཁོར་བརྒྱ་བརྒྱ་ཀུན་དུ་སྟོན་པའི་བརྩོན་འགྲུས་རྣམ་པ་དེ་ལྟ་བུ་རྩོམ་མོ། །ས་གཉིས་པ་ལ་ནི་འདི་དག་ཐམས་ཅད་གྲངས་སྟོང་དུ་བསྒྱུར་བའོ། །ས་གསུམ་པ་ལ་ནི་གྲངས་འབུམ་མོ། །ས་བཞི་པ་ལ་ནི་གྲངས་བྱེ་བ་ཕྲག་བརྒྱའོ། །ས་ལྔ་པ་ལ་ནི་གྲངས་བྱེ་བ་ཕྲག་སྟོང་ངོ༌། །ས་དྲུག་པ་ལ་ནི་གྲངས་བྱེ་བ་ཕྲག་འབུམ་མོ། །ས་བདུན་པ་ལ་ནི་གྲངས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མོ། །ས་བརྒྱད་པ་ལ་ནི་གྲངས་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །ས་དགུ་པ་ལ་ནི་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །ས་བཅུ་པ་ལ་ནི་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དོ། །སངས་རྒྱས་ཀྱི་ས་ལ་ནི་འཇིག་རྟེན་གྱི་ཁམས་སུ་གཏོགས་པ་མ་ལུས་པ་ནམ་མཁའི་མཐའ་ཀླས་པའི་རྡུལ་ཕྲ་རབ་ཀྱི་རྡུལ་ཐམས་ཅད་འདིས་ཡོངས་སུ་མཁྱེན། ཕྱོགས་དང་དུས་ཐམས་ཅད་དུ་གཏོགས་པའི་དངོས་པོ་མ་ལུས་པའི་རྣམ་པ་ཐམས་ཅད་མཁྱེན་ཏོ་ཞེས་གསུངས་པ་ལྟ་བུའོ། །སངས་རྒྱས་ཀྱིས་ལ་སོགས་པའི་ཡོན་ཏན་ནི་དཔག་ཏུ་མེད་དེ་མདོ་སྡེ་ལས་ཤེས་པར་བྱའོ། །སྙིང་པོ་ལ་དཔྱོད་པ་ཡང་རུང་ཞེས་བྱ་བ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་བླ་མར་གྱུར་པ་དང༌། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུར་གྱུར་པའི་ཕྱིར་རོ། །ཡིད་ལ་མི་བྱེད་པས་ཡོངས་སུ་སྤང་ངོ་ཞེས་བྱ་བ་ནི་དེ་ལ་དངོས་པོར་མངོན་པར་ཞེན་པ་རྣམས་སྤོང་སྟེ། ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་རོ་གཅིག་པའི་ཕྱིར་རོ། །དེ་སྐད་དུ། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཀུན་ཀྱང་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་ཡིས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུངས་ཏེ། དེ་ལྟར་མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོངས་ཤིག་པའོ། །ཤིན་ཏུ་བརྩོན་པ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པའི་ལམ་ལ་མངོན་དུ་ཡང་དག་པར་ཞུགས་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་


DTG116_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་མོས་པའི་དབང་དང༌། ཤེས་རབ་ཀྱིས་ཡོད་པ་ལ་སོགས་པར་རྟོག་པ་མཚན་མའི་དྲ་བ་ཐམས་ཅད་སྤངས་ལ་རྟོག་པ་མེད་ཅིང་དཔྱོད་པ་དང་བྲལ་བ། བརྗོད་པ་མེད་པ། རོ་གཅིག་པའི་ཡིད་ཀྱིས་དེ་ཁོ་ན་ཉིད་དེ་ཉིད་ལ་མོས་པས་མངོན་པར་འདུ་མི་བྱེད་པར་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ། །དེ་ལ་གནས་པའི་སེམས་ཀྱི་རྒྱུད་མི་གཡེང་བར་བྱའོ། །གང་གི་ཚེ་བར་སྐབས་སུ་རྣམ་པར་གཡེང་བར་གྱུར་ན་དེའི་ཚེ། དེ་ཞི་བར་བྱས་ནས་ཡང་དེ་ཉིད་ལ་སེམས་ཡོངས་སུ་གཏད་དོ། །གང་གི་ཚེ་དེ་ལ་སེམས་མི་དགའ་བར་གྱུར་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བས་དེ་ལ་དགའ་བ་སྒོམས་ཤིག་དང༌། རྣམ་པར་གཡེང་བའི་ཉེས་པ་མཐོང་བས་མི་དགའ་བ་ཞི་བར་འགྱུར་རོ། །ཅི་སྟེ་རྨུགས་པ་ལ་སོགས་པའི་ཟིལ་གྱིས་ནོན་པས་རྒྱུ་བ་མི་གསལ་ཏེ། བྱིང་བས་སེམས་མི་དགའ་བར་གྱུར་བར་མཐོང་བ་དེའི་ཚེ་རབ་ཏུ་དགའ་བར་འགྱུར་བའི་དངོས་པོ་ལ་སོགས་པའི་ཡིད་ལ་བྱ་བས་བྱིང་བ་ཞི་བར་བྱས་ཏེ། ཡང་དེ་ཁོ་ན་ཉིད་ལ་རབ་ཏུ་གསལ་བར་གཟུང་ངོ༌། །ཅི་སྟེ་གང་གི་ཚེ་སྔོན་མྱོང་བའི་ཡུལ་སྡུག་པ་ལ་སོགས་པ་དྲན་པས་བར་སྐབས་སུ་སེམས་རྒོད་པ་འམ། རྒོད་དུ་དོགས་པ་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པ་སྐྱོ་བར་འགྱུར་བ་འདི་དངོས་པོ་ཡིད་ལ་བྱས་ནས་རྒོད་པ་ཞི་བར་བྱའོ། །དེ་ནས་ཡང་དེ་ཁོ་ན་ཉིད་དེ་ཉིད་ལ་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་ཏེ། སེམས་མཉམ་པར་འཇུག་པར་མཐོང་བ་དེའི་ཚེ་རྩོལ་ཀློད་དེ་བཏང་སྙོམས་སུ་བྱའོ། །གལ་ཏེ་སེམས་མཉམ་པར་གནས་པར་གྱུར་བ་ལ་བརྩལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ། །གལ་ཏེ་སེམས་ཞུམ་པར་གྱུར་པ་ལ་བརྩལ་བ་མ་བྱས་ན་དེའི་བྱིང་བ་ཞི་བར་མི་འགྱུར་ཏེ། དེས་ན་སྐྱེས་བུ་ད་མུས་ལོང་བཞིན་དུ་དེ་ཁོ་ན་གསལ་བར་ཟིན་པར་མི་འགྱུར་རོ། །དེ་བས་ན་བྱིང་བའི་སེམས་ནི་གསལ་བར་བྱ་ཞིང་དགོད་པ་ཞི་བར་བྱས་ཏེ་མཉམ་པ་ཐོབ་ནས་བཏང་སྙོམས་སུ་བྱའོ། །དེ་ནས་རྣལ་འབྱོར་པས་ཇི་སྲིད་འདོད་ཀྱི་བར་དུ་མངོན་པར་འདུ་བྱ་བ་མེད་པར་དེ་ཁོ་ན་ཉིད་བསྒོམ་ཞིང་མོས་པའི་དབང་གིས་འདུག་པར་བྱའོ། །དེ་ནས་


DTG116_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་འདི་སྙམ་དུ་བསམས་ཏེ། ཆོས་འདི་དག་ཐམས་ཅད་དོན་དམ་པར་མ་བྱུང་དུ་ཟིན་ཀྱང་སྒྱུ་མ་ལ་སོགས་པ་ལྟ་བུར་རྒྱུ་དང་རྐྱེན་སོ་སོར་ངེས་པ་ལ་ལྟོས་ནས་འབྱུང་བ་སྟེ། དེ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་རྒྱས་པ་དཔག་ཏུ་མེད་པ་ལ་བརྩོན་པར་བྱའོ་སྙམ་དུ་བསམ་མོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ཏེ། དེ་དག་ལ་མཆོད་ནས་འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པ་སྨོན་ལམ་ཆེན་པོ་བཏབ་སྟེ་ལྡང་ངོ༌། །སྒྱུ་མ་ལ་སོགས་པ་ལྟ་བུར་ཕྱིན་ཅི་མ་ལོག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྟོང་པ་ཉིད་དང་སྙིང་རྗེ་དང་ལྡན་པའི་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་མཐའ་དག་ལ་སྒྱུ་མ་མཁན་ལྟ་བུར་བརྩོན་པར་བྱའོ། །དེ་ལྟར་བྱས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་བ་ཉིད་ཀྱི་བསམ་གཏན་སྒྲུབ་པར་འགྱུར་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས། དེ་བྱམས་པ་ཆེན་པོའི་གོ་བགོས་ནས་སྙིང་རྗེ་ཆེན་པོའི་གནས་ལ་རབ་ཏུ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་སྒྲུབ་པའི་བསམ་གཏན་ལ་བསམ་གཏན་དུ་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་གང་ཞེ་ན། གང་སྦྱིན་པ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ། །འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་པ་ལས་ཀྱང༌། ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་སྟོན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བ་ཞེས་གསུངས་སོ། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་དུས་ཐམས་ཅད་དུ་སྙིང་རྗེ་ཆེན་པོ་སྔོན་དུ་བྱས་ལ་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་ལ་ངེས་པར་བརྩོན་པར་བྱའོ། །དེ་ནས་རྣལ་འབྱོར་པ་ཇི་སྲིད་དུ་ས་ལ་མ་ཞུགས་པ་དེ་


DTG116_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་ཇི་སྐད་བཤད་པའི་ཆོ་ག་བཞིན་དུ་མོས་པའི་དབང་གིས་མོས་པས་སྤྱོད་པའི་ས་ན་ད་ཁོ་ན་ཉིད་ལ་བསྒོམ་པ་ན་ཡང་དག་པར་སྦྱོར་བ་དང༌། ཡང་དག་པའི་ཏིང་ངེ་འཛིན་ཞེས་རྣམ་པར་གཞག་གོ །དེ་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤིན་ཏུ་བརྩོན་པ་ཡིན་ཏེ། རེ་ཞིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བའི་ཚུལ་བཞིན་གྱི་ཏིང་ངེ་འཛིན་ནི་ཡོད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པ་དང་མཐུན་པའི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ལྟར་ཡང་དག་པའི་སྦྱོར་བ་བསྟན་ནས་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་སྟེ། བསྡུས་པའི་དོན་བརྒྱད་པ་སྟོན་ཏེ། དེ་ཡང་དག་པར་སྦྱོར་བ་དེ་དང་ཞེས་བྱ་བའོ། །དེ་ལྟར་ཡང་དག་པར་སྦྱོར་བའི་ཐོས་པ་དང༌། སེམས་པ་དང་བསྒོམ་པའི་རིམ་པ་ཇི་སྐད་དུ་བསྟན་པ་བཞིན་དུ་རྟག་ཏུ་གུས་པར་བྱས་ཏེ། ཡུན་རིང་པོར་བསྒོམས་ནས་བསྐལ་པ་གྲངས་མེད་པ་འདས་པར་གྱུར་པ་དང༌། གཙུབ་ཤིང་གིས་གཙུབས་པའི་མེ་བཞིན་དུ་ཡང་དག་པའི་དོན་ལ་བསྒོམ་པ་མཐར་ཕྱིན་པར་འགྱུར་ཞིང་རྟོག་པའི་དྲན་པ་མཐའ་དག་དང་བྲལ་བ་སྤྲོས་པ་མེད་པའི་ཆོས་ཀྱི་དབྱིངས་རྟོགས་ཏེ། ཤིན་ཏུ་གསལ་བ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པར་གཞག་པའི་མར་མེ་འབར་བའི་རྒྱུན་བཞིན་དུ་མི་གཡོ་བ། ཚད་མར་གྱུར་པ་ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་མཐོང་བའི་ལམ་གྱིས་ཡང་དག་པར་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་འབྱུང་སྟེ། དེའི་ཚེ་རྣལ་འབྱོར་པ་རྣམ་པར་མི་རྟོག་པ་ཉིད་དུ་ཞུགས་པ་ཡིན། ས་དང་པོ་ཐོབ་པ་ཡང་ཡིན་ཏེ་སྤྱིར་བསྟན་པའི་དོན་ཏོ། །བསྟེན་པས་རྗེས་སུ་འགྲོ་ཞེས་བྱ་བ་ནི་ཐོས་པའི་ཤེས་རབ་ཀྱི་རྒྱུའི་དངོས་པོར་བསྟན་པ་སྟེ་ལུང་ལ་བརྟེན་ཅིང་ཀུན་དུ་བསྟེན་པ་ལ་བྱའོ། །བསྒོམས་པས་རྗེས་སུ་འགྲོའོ་ཞེས་བྱ་བ་ནི་བསམས་པའི་ཤེས་རབ་སྟེ་བསྒོམས་པས་འགྲོ་བ་ཞེས་བྱའོ། །མང་དུ་བྱས་པས་རྗེས་སུ་འགྲོ་འོ་ཞེས་བྱ་བ་ནི་བསྒོམས་པའི་ཤེས་རབ་སྟེ། རྣམ་པར་མི་གཡེང་བར་རྒྱུན་དུ་བསྒོམ་པ་མང་དུ་བྱེད་པའི་ཕྱིར་རོ། །ཡང་དག་པར་ཡིད་ལ་བྱ་བས་རྗེས་


DTG116_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འགྲོ་བ་ན་ཞེས་བྱ་བ་ནི་ཤེས་རབ་འདི་རྣམས་ཀྱིས་ཕྱིན་ཅི་མ་ལོག་པར་སྦྱོར་བས་རྗེས་སུ་འགྲོ་བར་བསྟན་པའོ། །མངོན་པར་འདུ་བྱ་བ་མེད་ཅིང་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པའི་ཁྱད་པར་ཏེ། རྒྱུན་མ་ཆད་པར་གུས་པར་བྱས་ནས་རིང་པོར་བསྒོམས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པས་ལས་སུ་རུང་བའི་ཏིང་ངེ་འཛིན་དམ་པའི་སྟོབས་ཀྱིས་ཞུམ་པ་དང་རྒོད་པ་ལ་སོགས་པའི་ཉེས་པ་དང་བྲལ་ཞིང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ཕྱིར་རོ། །གང་གི་ཚེ་མངོན་པར་འདུ་བྱ་བ་མེད་པར་འཇུག་པའི་ལམ་ཡང་དག་པར་འབྱུང་བ་དེའི་ཚེ་ལྷུན་གྱིས་གྲུབ་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་ཅེས་བྱ་བའི་དོན་ཏེ་མངོན་སུམ་དུ་བྱས་པའི་ཕྱིར་ཏེ། ས་དང་པོར་ཞུགས་ནས་དེའི་གོང་མའི་ས་རྣམས་རྣམ་པར་སྦྱང་ངོ༌། །ཡང་ན་བསྟེན་པས་རྗེས་སུ་འགྲོ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་བསྒོམ་པར་སྦྱོར་བ་ཆུང་དུ་འབྲིང་དང་རབ་དང་རབ་ཀྱི་མཆོག་རྣམས་བསྟན་ཏེ། ངེས་པར་འབྱེད་པའི་ཆ་བཞིའི་གནས་དང་གོ་རིམས་བཞིན་ནོ། །ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་མཚན་ཉིད་དེ་བསྡུས་པའི་དོན་དགུ་པ་སྟོན་ཏོ། །དཔྱད་པའི་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་འདིའོ། །ཕ་བའི་འོ་ཞེས་རང་གི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བརྟག་མི་ནུས་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པའོ། །བསྟན་པ་དང་དཔེར་རྣམ་པར་བརྟག་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ནི་གཞན་དག་ལ་འདི་ན་འདི་འདྲའོ་ཞེས་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་བསྟན་དུ་མེད་པའོ། །དབང་པོར་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མིག་གི་དབང་པོ་ལ་སོགས་པ་ནང་གི་སྐྱེ་མཆེད་ཀྱི་མཚན་ཉིད་དུ་རྣམ་པར་བརྟག་པ་ཐམས་ཅད་ཀྱི་རང་བཞིན་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་བས་ན་དེ་ནི་ནང་གི་སྐྱེ་མཆེད་གང་ལ་ཡང་མི་བརྟེན་པའི་ཕྱིར་རྟེན་མེད་པའོ། །ཡུལ་དུ་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་ཀྱི་མཚན་ཉིད་དུ་རྣམ་པར་བརྟག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ལས་འདས་པའི་


DTG116_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རོ། །དེ་བས་ན་དེ་ནི་གཟུགས་ལ་སོགས་པ་ཡུལ་ལྟ་བུར་སྣང་བ་མ་ཡིན་པས་སྣང་བ་མེད་པའོ། །རྣམ་པར་རིག་པར་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་རིག་པའི་མཚན་ཉིད་དུ་རྣམ་པར་བརྟག་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །དེ་བས་ན་རྣམ་པར་རིག་པ་མ་ཡིན་པ་སྟེ། དེ་དག་གི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །ཉོན་མོངས་པ་ཐམས་ཅད་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་གནས་མེད་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའི་ཆོས་ཀྱི་དབྱིངས་ལ་གློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་རྟེན་མེད་པས་གནས་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལ་གནས་མེད་པ་སྟེ། དེ་ལ་སྒྲིབ་པ་ཐམས་ཅད་ཀྱི་གནས་མེད་པའི་ཕྱིར་རོ། །དེ་བས་ན་དེའི་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱའོ། །གང་ཞེ་ན་ཞེས་བྱ་བ་ནི་ཅི་ཞེས་དྲི་བར་སེམས་པ་སྟེ། འདི་སྙམ་དུ་སེམས་སོ། །གལ་ཏེ་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་ན་དེ་ལ་དེའི་མཚན་ཉིད་ཅེས་ཇི་སྐད་དུ་བྱ་སྙམ་པ་ལ། དེའི་ལན་དུ་གཟུགས་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དེའི་མཚན་ཉིད་དེ། །གང་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་ལས་ཤིན་ཏུ་འདས་པའོ་ཞེས་དགོངས་པ་སྟེ། གང་གི་ངོ་བོ་གང་ཡིན་པ་རྣམ་པ་དེ་ལྟ་བུ་དེ་ཉིད་ལ་མཚན་ཉིད་ཅེས་བྱ་སྟེ། དེ་བས་ན་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལས་ཤིན་ཏུ་འདས་པ་དེའི་མཚན་ཉིད་དོ། །དེ་བརྗོད་པ་ནི་ཀུན་རྫོབ་ཅེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དེ་ཁོ་ན་ནི་ཐམས་ཅད་ལས་ཤིན་ཏུ་འདས་པའི་ཕྱིར་རོ། །ཐ་སྙད་ཀྱི་སྤྱོད་ཡུལ་ཡིན་ན་ནི་དེ་ཉིད་ཀུན་རྫོབ་ཏུ་འགྱུར་ཏེ། དོན་དམ་པར་མི་འགྱུར་རོ། །དེ་སྐད་དུ་ཡང་འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང༌། ལྷའི་བུ་གལ་ཏེ་དོན་དམ་པར་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་དངོས་པོར་གྱུར་ན་ནི་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འདི་ལྟར་ཡང་དོན་དམ་པར་ན་དོན་


DTG116_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་ཤིན་ཏུ་འདས་པ་སྟེ། ཁྱད་པར་མེད་པ། མ་སྐྱེས་པ། མ་འགགས་པ། བརྗོད་པར་བྱ་བ་དང༌། རྗོད་པ་དང༌། ཤེས་བྱ་དང༌། ཤེས་པ་དང་བྲལ་བའོ། །ལྷའི་བུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་སྟེ། ལྷའི་བུ་དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་རྣམས་མི་འཇུག་གོ །དོན་དམ་པ་དེ་ལ་ཕ་རོལ་དང་ཚུ་རོལ་དང་དབུས་མེད་དོ། །ལྷའི་བུ་འདི་སྒྲོ་བཏགས་ཏེ། དོན་དམ་པའི་བདེན་པ་ཞེས་བསྙད་ཀྱི། དོན་དམ་པའི་བདེན་པ་ཞེས་ཇི་སྐད་དུ་བྱ་བ་ལྟར་ནི་མ་ཡིན་ནོ་ཞེས་གསུངས་སོ། །ད་ནི་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞུགས་པའི་རྟགས་ཏེ། བསྡུས་པའི་དོན་བཅུ་པ་ནི། རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ནི་ཤེས་བྱ་དང་ཁྱད་པར་མེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་མི་དམིགས་པའི་རྣམ་པར་ཞུགས་པས་ཤེས་པ་དང་ཤེས་བྱ་ལ་བྱེ་བྲག་མི་དམིགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་སྟེ། རྣམ་པ་ཐམས་ཅད་དུ་ཇི་སྐད་བསྟན་པའི་མཚན་མ་ཐམས་ཅད་ཀུན་དུ་མི་འབྱུང་བའི་ཕྱིར་རོ། །འོ་ན་དེའི་ཚེ་སུས་མཐོང༌། དེ་ནི་བདེན་ཏེ། དོན་དམ་པར་གང་ཟག་ལ་སོགས་པའི་ངོ་བོ་རྣལ་འབྱོར་པའི་རང་གི་རྒྱུད་གང་ཡང་མེད་པས་མཐོང་བ་ཡང་མེད་མོད་ཀྱི། འོན་ཀྱང་ཇི་ལྟར་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཀུན་རྫོབ་ཏུ་གཟུགས་ལ་སོགས་པ་ཡུལ་གྱི་རྣམ་པར་འབྱུང་བ་ཙམ་གྱི་ཤེས་པ་ཉིད་ལ་ལྷ་སྦྱིན་ནམ་མཆོད་སྦྱིན་གྱིས་མཐོང་ངོ་ཞེས་དེ་ལྟ་དེ་ལྟར་འཇིག་རྟེན་ན་ཐ་སྙད་འདོགས་པ་དེ་བཞིན་དུ་འདིར་ཡང་ཡེ་ཤེས་ཉིད་དོན་དམ་པར་ངོ་བོ་ཉིད་མེད་མོད་ཀྱི་ཡང་དག་པའི་དོན་ལ་བསྒོམས་པའི་སྟོབས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་པའི་རྣམ་པས་བདག་ཉིད་ཀྱང་རང་རིག་པས་ངོ་བོ་ཉིད་མེད་པར་རྟོགས་པ་སྐྱེ་བའི་ཚེ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་མཐོང་ངོ་ཞེས་བསྟན་ཏོ། །ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་མོད་ཀྱི། ཀུན་རྫོབ་ཏུ་རྣལ་འབྱོར་པའི་ཡེ་ཤེས་ལས་སོ་སོ་སྐྱེ་བོའི་ཤེས་པ་གཞན་དུ་མི་འདོད་དམ། གཞན་དུ་ན་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གང་ཟག་རྣམ་པར་གཞག་པ་ཇི་


DTG116_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འགྱུར། དེ་སྐད་དུ་ཡང་འཕགས་པ་བདེན་པ་གཉིས་བསྟན་པ་ལས་ཀྱང༌། དེ་དོན་དམ་པར་ཤིན་ཏུ་མེད་ཀྱང་གང་ཀུན་རྫོབ་ཏུ་ལམ་བསྒོམ་མོ་ཞེས་གསུངས་སོ། །གང་ཀུན་རྫོབ་ཏུ་ཡང་རྒྱུ་མེད་པ་དེ་ནི་ཐམས་ཅད་དུ་ཡང་མི་སྐྱེ་སྟེ། ཀུན་རྫོབ་ཏུ་ཡང་རི་བོང་གི་རྭ་ལ་སོགས་པ་ཇི་ལྟ་བ་བཞིན་ནོ། །གང་ཡོད་པ་དེ་ནི་དོན་དམ་པར་བརྫུན་ཡང་སྐྱེ་བར་འགྱུར་ཏེ། སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་བཞིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཡང་དོན་དམ་པར་མི་རིགས་ཏེ། སྒྱུ་མ་ལ་སོགས་པ་ཡང་དོན་དམ་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་སྒྱུ་མ་ལ་སོགས་པ་དང་བྱེ་བྲག་མང་བར་བརྟག་མི་བཟོད་དེ། སྔོན་དང་ཕྱི་མའི་མཐས་སྟོང་ལ་དབུས་ཀྱང་གཅིག་དང་དུ་མའི་དངོས་པོར་གཟུང་དུ་མེད་དེ། བདག་དང་གཞན་དང་གཉི་ག་ལས་འབྱུང་བར་མི་འཐད་ལ། གཞན་ལ་རག་ལུས་ཤིང་འབྱུང་བའི་ཕྱིར་བདག་གི་རྒྱུད་བདག་མེད་པར་བརྗོད་བཞིན་དུ་དོན་དམ་པར་ཡོད་དོ་ཞེས་མིང་འདོགས་ན་ནི་ཅི་དགའ་བར་མིང་ཐོགས་ལ་ཟས་ཀྱང་བྱིན་ཅིག །འོན་ཀྱང་སྒྱུ་མ་ལ་སོགས་པ་ལས་དོན་དམ་པའི་མཚན་ཉིད་དེ་ཁྱད་པར་ཡོད་པར་བརྗོད་དགོས་སོ། །སྒྱུ་མ་ལ་སོགས་པ་ཡང་མ་འཁྲུལ་བར་འགྱུར་ཏེ། དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་རོ། །གང་གིས་ན་གླང་པོ་ཆེ་ལ་སོགས་པའི་རྣམ་པར་ད་ལྟར་ཤེས་པ་འབྱུང་བས་སྒྱུ་མ་ལ་སོགས་པ་ཤེས་པའི་ངོ་བོར་བདེན་པར་གྱུར་ན། གཞན་གྱི་རྣམ་པར་གཞན་འབྱུང་བར་ནི་མི་རིགས་ཏེ། དེ་ཉིད་དང་གཞན་གཉིས་ནི་འགལ་བའི་ཕྱིར་རོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་གཉིས་ཀྱི་རྣམ་པར་འབྱུང་བར་མི་འགྱུར་ཏེ་ཡང་དག་པ་མ་ཡིན་པ་གཉིས་གཅིག་ན་འགལ་བའི་ཕྱིར་རོ། །མ་བྱུང་བ་ལས་འབྱུང་ཞིང་ནས་ཀྱང་འཇིག་པར་མི་འགྱུར་ཏེ། གཅིག་ལ་ཡོད་པ་དང་མེད་པ་གཉིས་རིམ་གྱིས་ན་ཡང་འགལ་བའི་ཕྱིར་རོ། དེ་སྐད་དུ། རང་བཞིན་ལ་ནི་ཡོད་པ་དང༌། །མེད་པ་རིགས་པ་མ་ཡིན་ཏེ། །ཕན་ཚུན་དུ་ནི་འགལ་བ་ན། །ཡོད་མེད་གཅིག་ཏུ་ག་ལ་རུང༌། །གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་ཉིད་མི་འགྱུར། །རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་བཤད་དོ། །དེ་ལྟ་བས་ན་ཇི་ལྟར་སྨན་དང་སྔགས་ལ་སོགས་པའི་རྐྱེན་


DTG116_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དབང་གིས་བརྫུན་པ་ཡིན་ཡང་སྒྱུ་མ་འབྱུང་བ་དེ་ལྟར་ལས་དང་ཉོན་མོངས་པའི་དབང་གིས་མ་བརྟགས་ན་དགའ་བ་སོ་སོའི་སྐྱེ་བོ་རྣམས་ཀྱི་སྐྱེ་བོ་སྒྱུ་མ་དང༌། དེ་བཞིན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཐུས་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་པའི་ཡེ་ཤེས་སྒྱུ་མ་སྐྱེའོ། །རྒྱུ་དང་རྐྱེན་རྣམས་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་མ་བརྟགས་ན་དགའ་བ་སྟེ། ཐོག་མ་མེད་པའི་རྒྱུ་བརྒྱུད་པས་འབྲེལ་བའི་རང་བཞིན་ཡིན་པས་ཐམས་ཅད་མི་འགལ་བ་ཉིད་དོ། །དེའི་རྗེས་ལས་ཐོབ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པས་ནི་སེམས་ཅན་གྱི་འཇིག་རྟེན་དུ་བསྡུས་པ་རྣམས་སྒྱུ་མ་དང་མཚུངས་པར་མཐོང་སྟེ། སེམས་ཅན་གྱི་གཟུགས་སུ་སྣང་བ་ནི་སྒྱུ་མ་བྱས་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་བསྡུས་པ་རྣམས་ནི་སྨིག་རྒྱུ་དང་མཚུངས་པར་ཏེ། སྨིག་རྒྱུ་བཞིན་དུ་ཕྱི་རོལ་གྱི་དམིགས་པ་ཕལ་ཆེ་བས་བརྫུན་པ་ཉིད་དུ་སྣང་བའི་ཕྱིར་རོ། །ཡུལ་དང་ལོངས་སྤྱོད་ཀྱི་ངོ་བོ་རྣམས་ནི་རྨི་ལམ་དང་མཚུངས་པར་ཏེ། རྨི་ལམ་ལྟ་བུར་བརྫུན་པ་དེ་ལ་འདོད་པ་སྐྱེ་བའི་ཕྱིར་རོ། །ལུས་ཀྱི་ལས་ཀྱི་ངོ་བོ་ཉིད་རྣམས་ནི་མིག་ཡོར་དང་མཚུངས་པར་ཏེ། ཆོས་ཐམས་ཅད་བྱེད་པ་མེད་ཀྱང་མིག་ཡོར་བཞིན་དུ་ལུས་ཀྱི་བྱེད་པ་སྣང་བའི་ཕྱིར་རོ། །ངག་གི་ལས་ཀྱི་ངོ་བོ་ཉིད་ནི་བྲག་ཅ་དང་མཚུངས་པར་ཏེ། བྲག་ཅ་བཞིན་དུ་བརྫུན་པ་ཡིན་ཡང་ཐོས་པའི་ལམ་དུ་འཇུག་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུར་བསྡུས་པ་རྣམས་སྔོན་ཇི་ལྟར་བྱས་པའི་ལས་དང་མཐུན་པར་འབྱུང་བའི་ཕྱིར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཏིང་ངེ་འཛིན་དུ་བསྡུས་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུར་བསྡུས་པ་རྣམས་ནི་ཆུ་ཟླ་དང་མཚུངས་པར་ཏེ། ཏིང་ངེ་འཛིན་ནི་ཆུ་དང་འདྲ་བའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་སོགས་པས་བསྡུས་པ་རྣམས་ནི་སྤྲུལ་པ་དང་མཚུངས་པར་ཏེ། དེ་དག་རང་གི་སེམས་ཡོངས་སུ་དག་པས་སྤྲུལ་པའི་ཕྱིར་རོ། །ཡང་ན་ནང་གི་ཁམས་དྲུག་ནི་སྒྱུ་མ་དང་


DTG116_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པར་ཏེ། སེམས་ཅན་མེད་ཀྱང་སེམས་ཅན་ལ་སོགས་པའི་ངོ་བོར་སྣང་བའི་ཕྱིར་རོ། །རྣམ་པར་ཤེས་པའི་ཁམས་དྲུག་དང་སེམས་ལས་བྱུང་བ་ཐམས་ཅད་ནི་སྨིག་རྒྱུ་དང་མཚུངས་པར་ཏེ། །དེ་དག་སྨིག་རྒྱུ་བཞིན་དུ་བརྫུན་པའི་རྣམ་པར་སྣང་བའི་ཕྱིར་རོ། །ཕྱིའི་ཁམས་རྣམས་ནི་རྨི་ལམ་དང་མཚུངས་པར་ཏེ། རྨི་ལམ་བཞིན་དུ་གཟུགས་རྣམས་བརྫུན་པ་ཡིན་ཡང་ཡུལ་དུ་སྣང་བའི་ཕྱིར་རོ། །སྐྱེས་བུ་ཆེན་པོའི་མཚན་ལ་སོགས་པས་བརྒྱན་པའི་སངས་རྒྱས་ཀྱི་གཟུགས་ཀྱི་སྐུར་བསྡུས་པ་རྣམས་ནི་མིག་ཡོར་དང་མཚུངས་པར་ཏེ། ཡོངས་སུ་དག་པའི་ཆོས་ཀྱི་སྐུའི་དབང་གིས་དེ་ལྟར་སྣང་བའི་ཕྱིར་རོ། །བསྟན་པའི་ཆོས་རྣམས་སུ་བསྡུས་པ་དག་ནི་བྲག་ཅ་དང་མཚུངས་པར་ཏེ། བྲག་ཅ་བཞིན་དུ་བཅོམ་ལྡན་འདས་ཀྱི་དབང་གིས་ཐོབ་པའི་ཕྱིར་རོ། །སྔོན་གྱི་ལས་ཀྱི་འབྲས་བུར་བསྡུས་པ་རྣམས་ནི་གཟུགས་བརྙན་དང་མཚུངས་པར་ཏེ། ཆོས་ཐམས་ཅད་ནི་ལས་ཇི་ལྟ་བ་བཞིན་དུ་སྐྱེས་པའི་ཕྱིར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བསྡུས་པ་རྣམས་ནི་ཆུ་ཟླ་དང་མཚུངས་པར་ཏེ། སྒྲིབ་པའི་དྲི་མ་རྣམས་དང་བྲལ་བའི་སེམས་ཀྱི་ཆུ་ལ་ཟླ་བ་བཞིན་དུ་སྣང་བར་གྱུར་པའི་ཕྱིར་རོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྤྲུལ་པ་དང་མཚུངས་པར་ཏེ། དེ་དག་བརྫུན་པ་ཡིན་ཡང་ཇི་ལྟར་རང་གི་རྒྱུ་དང་རྐྱེན་ཚོགས་པས་སྤྲུལ་པ་སྣང་བའི་ཕྱིར་རོ། །དེ་ལྟར་ཆོས་ཐམས་ཅད་ལ་སྙོམས་པར་ཞུགས་པའི་ཚེ་ནམ་མཁའ་དང་འདྲ་བའི་ཡེ་ཤེས་ཐོབ་པ་ལས་ལངས་ནས་ཡང་སྒྱུ་མ་ལ་སོགས་པ་དང་འདྲ་བའི་ཡེ་ཤེས་འབྱུང་བ་ནི་རྟགས་ཡིན་པས་རྣམ་པར་མི་རྟོག་པའི་དབྱིངས་སུ་ཞུགས་པར་ཤེས་པར་བྱའོ། །ད་ནི་དེའི་ཕན་ཡོན་ཏེ་བསྡུས་པའི་དོན་བཅུ་གཅིག་པ་ནི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡེ་ཤེས་རྣམ་པ་འདི་གཉིས་ལ་ཕན་ཡོན་རྣམ་པ་བཞི་སྟེ། གོང་མ་གཉིས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་ལས་བརྩམས་པའོ། །འོག་མ་གཉིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་བརྩམས་པ་སྟེ། ཁ་ན་མ་ཐོ་བ་མེད་ཅིང་དམ་པ་མི་ཟད་པའི་བདེ་བ་ལ་གནས་པ་མངོན་སུམ་དུ་བྱ་བའི་དབང་ཐོབ་པས་བདེ་བ་ཆེན་པོ་ལ་གནས་པ་ཤིན་ཏུ་རྒྱས་པ་ཡང་


DTG116_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པོ་ཞེས་བྱ་བའོ། །མངོན་པར་ཤེས་པ་ཐམས་ཅད་ཀྱི་མཆོག་ལ་སོགས་པ་ཡོན་ཏན་གྱི་ཁྱད་པར་འབྱོར་བ་མངོན་དུ་བྱ་བའི་དབང་ཐོབ་པས་སེམས་ཕུན་སུམ་ཚོགས་པ་ཆེན་པོ་ཤིན་ཏུ་རྒྱས་པ་ཡང་འཐོབ་པོ་ཞེས་བྱ་བ་སྟེ། སེམས་ཞེས་བྱ་བའི་སྒྲ་ནི་ཏིང་ངེ་འཛིན་ལ་བྱ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་དང༌། གཉེན་པོ་དང༌། འཇུག་པ་དང༌། ལྡོག་པ་རྣམ་པ་ཐམས་ཅད་རབ་ཏུ་འབྱེད་པ་ལ་མཁས་པས་ཤེས་རབ་ཆེ་ཞིང་ཤིན་ཏུ་རྒྱས་པ་ཡང་འཐོབ་བོ། །སེམས་ཅན་སྐལ་བ་ཡོད་པ་དང༌། སྐལ་བ་མེད་པ་རྣམས་ཡོངས་སུ་ཤེས་པ་འཐོབ་པས་ན་ཡེ་ཤེས་ཆེ་ཞིང་ཤིན་ཏུ་རྒྱས་པ་ཡང་འཐོབ་པོ། །དེ་དག་གི་རྗེས་སུ་མཐུན་པར་རྣམ་པ་ཐམས་ཅད་དུ་ཆོས་བསྟན་པ་ལ་འཇུག་པའི་དབང་ཐོབ་པས་བཤད་པ་ཆེན་པོ་ལ་དབང་བ་ཤིན་ཏུ་རྒྱས་པ་ཡང་འཐོབ་བོ། །བསྡུས་པའི་དོན་བཅུ་གཉིས་པ་སྟེ། ཕན་ཡོན་རྣམ་པ་བཞི་པོ་འདིའི་ལས་ཀྱི་མཚན་ཉིད་ནི། དུས་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གང་གི་ཕྱིར་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ཡང་རྒྱུན་མི་གཅོད་དོ། །དེའི་ཕྱིར་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་ཀྱང་བྱེད་ནུས་པར་འགྱུར་ཏེ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་བས་ན་སངས་རྒྱས་པའི་དུས་ན་སངས་རྒྱས་ཀྱི་མཛད་པ་ལྷུན་གྱིས་གྲུབ་པར་འཇུག་པ་ཡང་རྒྱུན་མི་འཆད་པར་འབྱུང་བས་སྐལ་བ་ཇི་ལྟ་བ་བཞིན་དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཐམས་ཅད་མཛད་པ་གྲུབ་པ་ནི་དེའི་ལས་སུ་བསྟན་པ་ཡིན་ནོ། །འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའི་དཔེ་ཉེ་བར་བཀོད་པས་ནི་རྣམ་པར་མི་རྟོག་པའི་དབྱིངས་གཅིག་ཏུ་བླང་བ་སྟེ་བསྡུས་པའི་དོན་བཅུ་གསུམ་པ་སྟོན་ཏོ། །འདིར་དོན་གཉིས་བསྟན་ཏེ་དཔེ་དང་དངོས་པོ། །དེ་ལ་བྲག་ལ་སོགས་པ་ནི་དཔེ་སྟེ། འདིས་ཉེ་བར་དཔགས་པས་ན་དཔེའོ། །ཀུན་ནས་ཉོན་མོངས་པ་ལ་སོགས་པའི་ཆོས་ནི་དངོས་སོ། །གཅིག་ཏུ་མཁྲེགས་ཞེས་བྱ་བ་ནི་ཕྲག་མེད་པའི་ཕྱིར་རོ། །སྲ་བ་ཞེས་བྱ་བ་ནི་ཤིན་ཏུ་སྲ་པའི་ཕྱིར་རོ། །དེ་བས་ན་གང་དེའི་རང་བཞིན་གཅིག་ཏུ་མཁྲེགས་པ་དེ་ནི་སྲ་བ་སྟེ། གཅིག་ཏུ་མཁྲེགས་ཤིང་སྲ་བ་ཞེས་བྱའོ། །འདིར་རིན་


DTG116_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་གཏེར་དུ་གྱུར་པས་ན་གཏེར་ཞེས་བྱའོ། །འོད་གསལ་བཞེས་བྱ་བ་ནི་འབར་བ་དང་ལྡན་བའོ། །སྣ་ཚོགས་ཞེས་བྱ་བ་ནི་རིགས་ཐ་དད་པ་རྣམ་པ་སྣ་ཚོགས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བ་ནི་ཇི་ལྟར་བསམས་པའི་དོན་དེ་བཞིན་དུ་འགྲུབ་པའི་རྒྱུར་གྱུར་པས་སོ། །རྐོ་བའི་མངོན་པར་འདུ་བྱ་བ་མེད་ཅེས་བྱ་བ་དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པས། རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་ལམ་གྱི་དཔེའོ། །ཕྱུག་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་ནི་བཤད་པ་སྟེ། ནོར་ཆེ་ལ་ཞེས་བྱ་བ་ནི། ཇི་ལྟར་བསགས་པར་བྱ་བའི་ཕྱིར་གསེར་ལ་སོགས་པའོ། །ལོངས་སྤྱོད་ཆེ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཀུན་དུ་སྤྱད་པ་ཡོ་བྱད་ལ་སོགས་པའོ། །འདུ་བྱེད་ཀྱི་རྣམ་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་བྱེ་བྲག་སྟེ། དེ་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་དང༌། གཉིས་ལ་སོ་སོར་ཉེ་བར་གནས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་བྱེ་བྲག་སྟེ། ཐོག་མ་མེད་པའི་དུས་ནས་ཞུགས་པའི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་མཚན་ཉིད་ཀྱི་ཀུན་ནས་ཉོན་མོངས་པར་བསྡུས་པའི་ཕྱིར་ཀུན་ནས་ཉོན་མོངས་པའོ། །ཆད་པ་དང་རྟག་པའི་མཐའ་ལ་སོགས་པ་ལ་མངོན་པར་ཆགས་པ་ནི་གཉིས་ཏེ། དེ་ལ་སོ་སོར་ཉེ་བར་གནས་པ་ནི་མ་རིག་པའི་དབང་གིས་འཇིག་རྟེན་པ་རྣམས་དུས་ཐམས་ཅད་དུ་མངོན་པར་ཆགས་པས་ན་གཉིས་ལ་སོ་སོར་ཉེ་བར་གནས་པའོ། །དེ་ལ་འདུ་བྱེད་ཀྱི་བྱེ་བྲག་འདི་ནི་རང་བཞིན་གྱི་རྣམ་པར་རྟོག་པའི་བྱེ་བྲག་གིས་བྱས་པའི་ཕྱིར་སྙིང་པོ་མེད་པས་ན་རྡོའི་རི་དང་འདྲའོ། །ཐོག་མ་མེད་པའི་དུས་ནས་རྒྱུན་མ་ཆད་པར་ཞུགས་པ་ཉོན་མོངས་པ་དང་ལས་དང་སྐྱེ་བས་བསྡུས་པས་ཀུན་ནས་ཉོན་མོངས་པའི་ཕྱིར་གཅིག་དང་མཁྲེགས་པ་ལྟ་བུའོ། །མཐའ་གཉིས་ཐམས་ཅད་ལ་མངོན་པར་ཆགས་པ་ནི་སངས་རྒྱས་མ་བྱུང་བར་དབྲལ་དཀའ་བས་ན་གཉིས་ལ་སོ་སོར་ཉེ་བར་གནས་པ་ནི་སྲ་བ་ལྟ་བུའོ། །རྣམ་པར་མི་རྟོག་པའི་དབྱིངས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲ་སྟེ། དེ་རྟོགས་པ་ནི་འདོད་པའི་དོན་མ་ལུས་པར་འགྲུབ་པའི་རྒྱུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟ་བུ་སྟེ། དེ་བཞིན་གཤེགས་པའི་སྐུ་ཐོབ་པའི་དཔེའོ།།


DTG116_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་འདི་ནི་གཅིག་ཏུ་བླང་བར་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ནི་འདིར་གཞག་པ་དང་འདྲ་བས་ན། དེ་ནི་དེའི་གཏེར་རོ། །སུ་ཞིག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང༌། འདྲ་བ་རྣམ་པར་མི་རྟོག་པའི་དབྱིངས་ལ་མོས་ཤིང་ཡིད་ཆེས་ཏེ་འདོད་པར་གྱུར་ལ། རང་བཞིན་གྱི་རྣམ་པར་རྟོག་པའི་བྲག་ལས་བྱས་པའི་འདུ་བྱེད་ཀྱི་རི་རྐོ་བར་སྤྲོ་བ་ཆེར་སྐྱེས་པ་དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བའི་སངས་རྒྱས་སུ་འགྲུབ་པར་འགྱུར་ཏེ། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་འདོད་པའི་མི་ཞེས་བྱ་བ་སྟེ་བྱང་ཆུབ་སེམས་དཔའི་དཔེའོ། །མུ་སྟེགས་ཅན་མཐའ་དག་དང་ཐུན་མོང་མ་ཡིན་པ་དོན་ཆེ་ཞིང་ཟབ་པའི་ཆོས་འདི་ལྟ་བུ་སྟོན་པ་ནི་བཅོམ་ལྡན་འདས་ཏེ། གཞན་ནི་མ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ལ་ནི་སྐྱབས་སུ་འགྲོ་བ་ལ་སོགས་པ་འོས་པའོ་ཞེས་བསྟན་པའི་ཕྱིར་གཏེར་ཆེན་པོ་མངོན་པར་ཤེས་པའི་མིང་ཞེས་བྱ་སྟེ་བཅོམ་ལྡན་འདས་ཀྱི་དཔེའོ། །དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཡང་ན་ཇི་ལྟར་སྔོན་གྱི་སངས་རྒྱས་རྣམས་བླ་ན་མེད་པའི་གནས་སུ་གཤེགས་པ་དེ་ལྟར་འདི་ཡང་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཆོས་རྣམས་ཀྱི་དེ་ཁོ་ན་དེ་ཇི་ལྟར་གནས་པ་དེ་བཞིན་དུ་གསུང་བས་ངེས་པའི་ཚིག་གི་ཚུལ་གྱིས་ན་དེ་བཞིན་གསུང་པའོ། །འདོད་ཆགས་ལ་སོགས་པའི་དགྲ་རྣམས་བཅོམ་པའོ། །འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པའོ། །ཡང་དག་པར་ཀུན་ནས་ཐུགས་སུ་ཆུད་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་གཏེར་ཆེན་པོ་མངོན་པར་མཁྱེན་ཏོ་ཞེས་བསྟན་པའི་ཕྱིར་གསུངས་པའོ། །རང་བཞིན་གྱི་རྣམ་པར་རྟོག་པ་རྣམས་ནི་གཅིག་ཏུ་སྤང་བར་བྱའོ་ཞེས་བསྟན་པའི་ཕྱིར་རྡོའི་རང་བཞིན་ནི་དཔའོ། །ཇི་ལྟར་གཞོར་ལ་སོགས་པས་རྐོ་བའི་ཐབས་ཡང་དག་པ་ཡིན་པས་འགྲུབ་ཀྱི་གཞན་གྱིས་ནི་མ་ཡིན་པ་དེ་བཞིན་དུ་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཁོ་ནས་མཚན་མ་རྣམས་ཡིད་ལ་མི་བྱེད་པར་ཡོངས་སུ་སྤང་བར་ནུས་ཀྱི་གཞན་གྱིས་ནི་


DTG116_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རྐོས་ཤིག་ཅེས་བྱ་བ་སྟེ་ཡིད་ལ་མི་བྱེད་པའི་དཔེའོ། །དེས་དེ་སྒྲུབ་པ་བསྟན་པའི་ཕྱིར་རོ། །རྣམ་པར་རྟོག་པས་ཡོངས་སུ་ཟིན་པའི་སྦྱིན་པ་ལ་སོགས་པ་ནི་དངུལ་ལ་སོགས་པ་ལྟར་ཆེན་པོ་མ་ཡིན་པའི་ཕྱིར་ལྷ་འམ་མི་ཕྱུག་པོ་ལ་སོགས་པ་འབྱོར་པའི་རྒྱུར་འགྱུར་གྱི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་མི་འགྱུར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པ་དེ་དག་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྱུར་རོ་ཞེས་བསྟན་པའི་ཕྱིར་གཉེན་པོ་ལ་སོགས་པ་ལ་རྣམ་པར་རྟོག་པའི་མཚན་མ་རྣམས་ཀྱི་དཔེ་ལ། དངུལ་ལ་སོགས་པ་ནི་རིན་པོ་ཆེའོ། །རྣམ་པར་རྟོག་པའི་རང་བཞིན་དུ་བདེན་དུ་ཟིན་ཀྱང་གཉེན་པོ་ལ་སོགས་པ་རྣམ་པར་རྟོག་པས་ཡུལ་གྱི་དངོས་པོ་ཁྱད་པར་ཅན་དུ་གྱུར་པས་གོང་ནས་གོང་དུ་འབྲས་བུའི་ཁྱད་པར་ཐོབ་པའི་རྒྱུ་ཡོད་དོ་ཞེས་བསྟན་པའི་ཕྱིར། དངུལ་དང་གསེར་དང་རིན་པོ་ཆེ་སྣ་ཚོགས་སུ་སྣང་བའི་རྡོ་རྣམས་ནི་དཔེའོ། །གསེར་ལ་སོགས་པའི་རིན་པོ་ཆེ་ནི་ས་ལ་སོགས་པ་ལ་རྣམ་པར་རྟོག་པ་རྣམས་ཀྱི་དཔེ་ཡིན་གྱི། ས་ལ་སོགས་པའི་ནི་མ་ཡིན་ཏེ། དེ་དག་ནི་དུས་ཐམས་ཅད་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་དང་འདྲའོ་ཞེས་བསྟན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཏེར་ཆེན་པོ་རྙེད་ཅེས་བྱ་བ་སྟེ་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པའི་དཔེའོ། །དེ་ལ་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པ་ནི་ས་དང་པོ་ཐོབ་པའོ། །འཇུག་པ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་འཇུག་པའི་གོ་རིམས་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ །ད་ནི་ཐབས་ཀྱི་མཚན་ཉིད་དེ་བསྡུས་པའི་དོན་བཅུ་བཞིས་བསྟན་པའི་ཕྱིར་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཉེ་བར་རྟོག་པ་མེད་པར་མཚན་མ་རྣམས་ཡོངས་སུ་སྤོང་བར་མི་ནུས་ལ། མཚན་མ་རྣམས་ཡོངས་སུ་མ་སྤོངས་པར་ཡང་རྣམ་པར་མི་རྟོག་པའི་དབྱིངས་ལ་འཇུག་པར་མི་འགྱུར་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་ཉེ་བར་བརྟག་པར་བྱའོ་སྙམ་ནས་ཇི་ལྟར་ན་ཡང་རྣམ་པར་རྟོག་པའི་མཚན་མ་ཇི་སྐད་བསྟན་པ་དེ་དག་ལ་ཉེ་བར་རྟོག་ཅིང་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་ཅེ་ན་


DTG116_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདྲི་བའོ། །གོང་དུ་ཡིད་ལ་མི་བྱེད་པ་ཞེས་བྱ་བ་ཡང་དག་པར་སོ་སོར་རྟོག་པ་དེས་མཚན་མ་རྣམས་ཡོངས་སུ་སྤང་ངོ་ཞེས་ནི་བཤད་ན་ཇི་ལྟར་ཡང་དག་པར་སོ་སོར་བརྟག་པར་བྱ་བ་དེ་མ་བཤད་པ་དེ་བས་ན་ཐབས་ནི་བསྟན་པའི་ཕྱིར་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པ་ནི་ཞེས་བྱ་བ་འདི་བརྗོད་དེ། དེ་ནི་འདིར་སྦྱོར་བའི་ལམ་ལ་བརྟགས་ནས་རྣམ་པར་མི་རྟོག་པའི་དབྱིངས་ཞེས་སྒྲར་དགོངས་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པ་དངོས་ལ་ནི་གཟུགས་ལ་སོགས་པའི་མཚན་མ་མངོན་དུ་གྱུར་པ་མེད་པའི་ཕྱིར་རོ། །འདིར་ནི་མཐའ་གཉིས་སྤངས་ཤིང་ཅི་ནས་ཀྱང་དབུ་མའི་ལམ་ལ་འཇུག་པར་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་བྱའོ་ཞེས་བསྟན་པའི་ཕྱིར་སྒོ་འདོགས་པའི་མཐའི་ངོ་བོ་དང༌། སྐུར་པ་འདེབས་པའི་མཐའི་ངོ་བོ་དང༌། དབུ་མའི་ལམ་ལ་འཇུག་པ་སྟོན་ཏོ། །དེ་ལ་སྒྲོ་འདོགས་པའི་མཐའ་ནི་རྣམ་པ་གཉིས་ཏེ། གང་ཟག་ཏུ་སྒྲོ་འདོགས་པའི་མཐའ་དང༌། ཆོས་སུ་སྒྲོ་འདོགས་པའི་མཐའོ། །བདག་དང་གཞན་དག་གི་གཟུགས་ཞེས་བྱ་བ་ནི་གང་ཟག་ཏུ་སྒྲོ་འདོགས་པ་སྟེ། བདག་ཏུ་འཛིན་པའི་སྒོ་ནས་གཟུགས་ལ་སོགས་པ་ལ་བདག་གིར་འཛིན་པ་ཀུན་དུ་འབྱུང་བའི་ཕྱིར་རོ། །ཆོས་སུ་སྒྲོ་འདོགས་པའི་མཐའ་ཡང་རྣམ་པ་གཉིས་ཏེ། ངོ་བོ་ཉིད་དུ་སྒྲོ་འདོགས་པ་དང༌། བྱེ་བྲག་ཏུ་སྒྲོ་འདོགས་པའོ། །གཟུགས་འདི་ཡོད་དོ་ཞེས་བྱ་བ་ནི་ངོ་བོ་ཉིད་དུ་སྒྲོ་འདོགས་པའོ། །ཚིག་ལྷག་མ་བཞི་པོ་ནི་བྱེ་བྲག་ཏུ་སྒྲོ་འདོགས་པ་སྟེ། གཟུགས་ལ་སོགས་པ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་དོན་དམ་པར་སྐྱེ་བ་དང་འགག་པ་ལ་སོགས་པ་མི་སྲིད་དོ། །སྐྱེ་བོ་འགག་གོ་ཞེས་བྱ་བ་ནི་སྐད་ཅིག་རེ་རེ་ལ་ཡང་འབྱུང་ཞིང་འཇིག་པའི་ཆོས་ཅན་གྱི་ཕྱིར་རོ། །ཀུན་ནས་ཉོན་མོངས་སོ་ཞེས་བྱ་བ་ནི་ལུགས་དང་མཐུན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཕྱིར་རོ། །རྣམ་པར་བྱང་ངོ་ཞེས་བྱ་བ་ནི་ལུགས་དང་མི་མཐུན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཕྱིར་རོ། །ད་ནི་གཟུགས་མེད་ཅེས་བྱ་བ་ལ་སོགས་པས་སྐུར་པ་འདེབས་པའི་མཐའ་སྟོན་ཏེ། ཇི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་ཀུན་


DTG116_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཏུ་གནས་པ་དེ་ལྟར་གང་ཟག་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཟུགས་ལ་བཏགས་པ་ཉིད་ཀྱིས་ཡོད་བ་རྣམས་ལ་སྐུར་པ་འདེབས་པའི་མཐའོ་ཞེས་སྐུར་པ་འདེབས་པའི་མཐའ་ཞེས་སྟོན་ཏེ། གང་ཟག་དེ་ནི་ཀུན་རྫོབ་ཏུ་ཡང་མི་གནས་པའི་ཕྱིར་རོ། །གཟུགས་མེད་ཅེས་བྱ་བ་ནི་བསྟན་པའོ། །ལྷག་མ་རྣམས་ནི་བཤད་པའོ། །ངོ་བོ་ཉིད་ཀྱིས་ཀྱང་མེད་ཅེས་བྱ་བ་ནི་ངོ་བོ་ཉིད་ལ་སྐུར་པའོ། །ཚིག་ལྷག་མ་ལྔ་པོ་ནི་བྱེ་བྲག་ལ་སྐུར་པའོ། །འདི་བཏགས་པའི་ཡོད་པ་ལ་སྐུར་ན་སྐུར་པ་འདེབས་པའི་མཐའ་འགྱུར་རོ། །ཡོད་པར་འཛིན་པ་སྔོན་དུ་འགྲོ་བ་ནི་མེད་པར་འཛིན་པ་ཡིན་པས་དེ་ལྟར་རྟོག་ན་ཡོད་པར་འཛིན་པ་ཉིད་དུ་འགྱུར་རོ། །དེ་བས་ན་གཟུགས་མེད་ཅེས་ཀྱང་བརྟག་པར་མི་བྱའོ། །རྒྱུར་ཡང་མེད་ཅེས་བྱ་བ་ནི་རྒྱུའི་ངོ་བོར་མེད་པའོ། །འབྲས་བུར་ཡང་མེད་ཅེས་བྱ་བ་ནི་འབུས་བུར་གྱུར་པ་མེད་པའོ། །ལས་ནི་རང་གི་འབྲས་བུ་འཕེན་ནུས་པའོ། །ལྡན་པ་ནི་རང་གི་འབྲས་བུ་ལ་སོགས་པ་དང་འབྲེལ་བའོ། །འཇུག་པ་ནི་རབ་ཏུ་ཐ་དད་པའོ། །གཟུགས་སུ་སྣང་བ་རྣམ་པར་རིག་པ་ཡང་དོན་དམ་པར་མ་སྐྱེས་པས་དེ་ཡང་གཟུགས་བཞིན་དུ་བརྫུན་པའི་ཕྱིར་དེ་བས་ན་གཟུགས་ལ་རྣམ་པར་རིག་པ་ཙམ་དུ་མངོན་པར་ཆགས་པ་འདི་ཡང་སྒྲོ་བཏགས་པའི་མཐའ་ཡིན་པར་བསྟན་པའི་ཕྱིར། རྣམ་པར་རིག་པ་ཙམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་རྫོབ་ཏུ་རྨི་ལམ་ལ་སོགས་པ་བཞིན་དུ་གཟུགས་སྣང་བའི་རྣམ་པར་རིག་པ་གནས་པའི་ཕྱིར་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ཀུན་རྫོབ་ཏུ་རྣམ་པར་རིག་པ་ལ་སྐུར་ན་སྐུར་པ་འདེབས་པའི་མཐར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལྟར་མཐའ་གཉིས་བསྟན་ནས་ད་ནི་དབུ་མའི་ལམ་དུ་འཇུག་པ་བསྟན་པའི་ཕྱིར་རིགས་ཀྱི་བུ་དག་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་དོན་དམ་པར་དཔྱད་ན། རྣལ་འབྱོར་པས་གཟུགས་མི་དམིགས་ཏེ། གཟུགས་སུ་སྣང་བའི་རྣམ་པར་རིག་པ་ཡང་མི་དམིགས་པ་དེའི་ཕྱིར་འདི་ལ་སྒྲོ་འདོགས་པར་མི་བྱེད་དོ་ཞེས་བྱ་བ་ཚིག་གི་རྗེས་སོ། །སྐུར་བའི་མཐའ་ལ་ཡང་མངོན་པར་ཞེན་པ་མེད་དོ། །འདི་ལྟར་རྣམ་པར་རིག་པ་ཐམས་ཅད་ཀྱི་


DTG116_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཆུད་གསོན་པ་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པའི་རྣམ་པར་རིག་པ་ཆུད་མི་གཟོན་ཏོ་ཞེས་བྱ་བའི་ཐ་ཚིག་གོ །གཞན་དུ་ན་མཐོང་བ་ལ་སོགས་པ་དང་འགལ་བར་འགྱུར་རོ་ཞེས་དགོངས་པའོ། །རྣམ་པར་རིག་པ་མ་གཏོགས་པར་ཆོས་གང་ཡང་མི་དམིགས་ཞེས་བྱ་བ་ན་འདིར་རྣམ་པར་རིག་པའི་སྒྲ་ནི་ཐམས་ཅད་དུ་འཁྲུལ་པ་ལ་དགོངས་ཏེ། ཕྱིན་ཅི་ལོག་གི་དོན་སྟོན་པའི་ཕྱིར་རོ། །དེ་བས་ན་ཆོས་ཐམས་ཅད་ནི་འཁྲུལ་པ་ཙམ་གྱིས་བརྟགས་པའི་བདག་ཉིད་ཀྱི་ངོ་བོར་ཟད་དེ། དེ་མ་གཏོགས་པར་དེ་དག་གི་རང་བཞིན་རང་གི་རྒྱུད་ནི་གང་ཡང་མེད་དོ་ཞེས་དགོངས་པའོ། །དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་པ་གང་བོར་བ། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལྟ་བས་ན་དངོས་པོ་ཐམས་ཅད་ནི་ཀུན་རྫོབ་ཏུ་བསྟན་པ་ཡིན་ཏེ། དེས་ན་རྣམ་པར་རིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆུད་གཟོན་པ་མ་ཡིན་པར་བསྒྲུབས་པར་འགྱུར་རོ། །རྣམ་པར་རིག་པ་དེ་ཡང་དངོས་པོ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་འདིས་ནི་ཆོས་ཀྱི་དབྱིངས་དང་ཀུན་རྫོབ་ཀྱི་ངོ་བོའི་རྣམ་པར་རིག་པ་མི་འདྲ་བར་དགག་པ་སྟེ། ཆོས་དང་གང་ཟག་གི་དངོས་པོ་དང་བྲལ་བའི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ལ་འདིར་དངོས་པོ་མེད་པའི་སྒྲར་གསུངས་ཏེ། ཆོས་དང་གང་ཟག་གི་དངོས་པོར་སྒྲོ་བཏགས་པའི་རྣམ་པར་རིག་པའི་བདག་གི་ངོ་བོ་དང་དེ་གཉིས་མི་འདྲ་བ་ནི་རིགས་ཏེ། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་གཉིས་འགལ་བའི་ཕྱིར་རོ། །ཤིན་ཏུ་མི་འདྲ་བ་ཡང་རིགས་པ་མ་ཡིན་ནོ་ཞེས་སྟོན་ཏོ། །རྣམ་པར་རིག་པ་མ་གཏོགས་པར་དངོས་པོ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི། རྣམ་པར་རིག་པ་དེ་ཉིད་ལ་ཆོས་དང་གང་ཟག་མེད་པའི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཆོས་ཉིད་དུ་གདགས་པའི་ཕྱིར་ཆོས་དང་ཆོས་ཅན་དོན་དམ་པར་མི་འདྲ་བ་མེད་པས་ཤིན་ཏུ་མི་འདྲ་བ་ཡང་མ་ཡིན་ནོ། །ཆོས་ཀྱི་དབྱིངས་དེ་དང་རྣམ་པར་རིག་པ་དེ་གཅིག་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་ཐམས་ཅད་ལ་རྣམ་


DTG116_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པ་ལྟ་བུ་ཡིན་ན་ནི་དེ་ཡང་མངོན་སུམ་དུ་འགྱུར་བའི་སྐྱོན་དུ་འགྱུར་རོ། །དེས་ན་ཐམས་ཅད་ཀྱིས་དེ་ཁོ་ན་མཐོང་བར་འགྱུར་བ་དང༌། ཆོས་ཀྱི་དབྱིངས་བཞིན་དུ་རྣམ་པར་རིག་པ་ཡང་བདེན་པར་འགྱུར་བ་དང༌། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྐྱོན་དུ་འགྱུར་བ་དང༌། རྣམ་པར་རིག་པ་བཞིན་དུ་ཆོས་ཀྱི་དབྱིངས་དེ་ཡང་འདུས་བྱས་དང༌། ཀུན་ནས་ཉོན་མོངས་པ་ཅན་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་དབྱིངས་དང་རྣམ་པར་རིག་པ་གཉིས་ཐ་དད་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་པ་ནི། རྣམ་པར་རིག་པ་ཉིད་དུ་ཀུན་རྫོབ་ཀྱི་ངོ་བོ་ཆོས་དང་གང་ཟག་ཏུ་སྒྲོ་བཏགས་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་མེད་པའི་མཚན་ཉིད་ཆོས་ཀྱི་དབྱིངས་ཡིན་ན་ཇི་ལྟར་དེ་དེ་དང་ཐ་དད་པར་འགྱུར། གལ་ཏེ་ཐ་དད་པར་འགྱུར་ན་ནི་དེའི་ཚེའི་འདུ་བྱེད་ཀྱི་བདག་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་དུ་མི་འགྱུར་ལ། འདུ་བྱེད་ཀྱི་མཚན་མས་བཅིངས་པ་རྣམས་ཀྱང་རྣལ་འབྱོར་པས་ཟིལ་གྱིས་ནོན་པར་མི་འགྱུར་ཏེ། དེ་དེ་དང་ཐ་དད་པས་ཆོས་ཀྱི་དབྱིངས་གཞན་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་ལྟ་བས་ན་དུང་ལ་སོགས་པ་དང་དཀར་པོ་ལ་སོགས་པ་བཞིན་དུ་གཅིག་དང་ཐ་དད་པར་བརྗོད་དུ་མེད་པ་ཉིད་རྣམ་པར་མི་རྟོག་པའི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་མེད་པ་དེ་ལ་དངོས་པོར་ཡང་དག་པར་རྗེས་སུ་མི་མཐོང་བ་ནི། དེ་ལ་ཡོད་པའི་ངོ་བོ་གང་ཡང་མི་དམིགས་པའི་ཕྱིར་རོ། །དངོས་པོ་མེད་པར་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་དངོས་པོ་མི་དམིགས་པའི་ཕྱིར་དེ་རྣམ་པར་བཅད་པས་འཐོབ་པ་དངོས་པོ་མེད་པའི་ངོ་བོ་ཡང་མེད་པའི་ཕྱིར་རོ། །ཡོད་པ་ལས་གཞན་པ་ནི་མེད་པའི་མཚན་ཉིད་ཡིན་པས་ཡོང་པ་མ་གྲུབ་ན་དེ་ཡང་མ་གྲུབ་པ་ཉིད་དེ། དཔེར་ན། གལ་ཏེ་ཡོད་པ་མ་གྲུབ་ན། །མེད་པ་འགྲུབ་པར་མི་འགྱུར་ཏེ། །ཡོད་ལས་གཞན་པའི་དངོས་པོ་ནི། །མེད་པའོ་ཞེས་སྐྱེ་བོ་སྨྲ། །ཞེས་བཤད་པ་ལྟ་བུའོ། །རྣམ་པར་རྟོག་པ་ཐམས་ཅད་ཀྱི་གང་རྣམ་པར་མ་བརྟགས་པ་དེ་རྣམ་པར་མི་རྟོག་པའི་དབྱིངས་སོ་ཞེས་དེ་ལྟར་ལྟ་ན་ཡང་རྣམ་པར་རྟོག་པ་ལ་ཀུན་དུ་སྤྱོད་པ་སྟེ། དེ་ལྟ་


DTG116_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་དེ་ལྟར་ཡང་མི་བལྟའོ། །རྣམ་པར་རྟོག་པ་ཐམས་ཅད་ཅེས་བྱ་བ་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ལ་སོགས་པར་རྣམ་པར་རྟོག་པ་རྣམས་ཀྱིས་སོ། །འདི་ནི་འཇུག་པའི་ཚུལ་ཞེས་བྱ་བ་ནི་འཇུག་པའི་ཐབས་མཐའ་གཉིས་སྤངས་པའི་མཚན་ཉིད་དེ། མཐའ་གཉིས་ལ་ཇི་ལྟར་བརྟག་པ་ནི་གོང་དུ་བསྟན་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པ་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་དབུ་མའི་ལམ་དུ་འཇུག་པའི་ཚུལ་སོ་སོར་བརྟག་པ་བརྟེན་པ་དེ་ལྟར་དེ་ལ་རབ་ཏུ་གནས་པའོ། །ཚོར་བ་ལ་སོགས་པའི་མཚན་མ་རྣམས་ལ་ཡང་དེ་བཞིན་དུ་བརྟག་སྟེ། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་ལ་སོ་སོར་བཏགས་པ་དང་དབུ་མའི་ལམ་དུ་འཇུག་པའི་ཚུལ་ལོ། །འདྲ་བའི་ཕྱིར་གཟུགས་བཞིན་དུ་སྟེ། དེ་བཞིན་དུ་ཚོར་བ་དང་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་ནས་སྦྱོར་བའོ། །ཇི་ལྟར་སྦྱོར་ཞེ་ན། ཚིག་གི་མཐའ་ནས་གཟུང་སྟེ་སྦྱོར་བའི་ཕྱིར། རིགས་ཀྱི་བུ་དག་འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཁྲུལ་པས་སྒྲོ་བཏགས་པའི་ངོ་བོ་ཡིན་པས་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་ནི་དོན་དམ་པར་སྤང་དུ་མེད་དེ། མགོ་ལན་གཉིས་སུ་གཅད་དུ་མེད་པ་བཞིན་ནོ། །དེ་བས་ན་སྤང་བར་བྱ་བ་མེད་པས་ཐམས་ཅད་མཁྱེན་པ་ནི་སྤང་བའི་ཕྱིར་མ་ཡིན་པས་ན་འདི་ཡང་སྒྲོ་འདོགས་པའི་མཐའ་ཡིན་པས་རྣལ་འབྱོར་པས་སྤང་བར་བྱའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་གཅིག་ཏུ་རྣམ་པར་བྱང་བའོ་ཞེས་སྤྱོད་ན་ཡང་རྣམ་པར་རྟོག་པ་ཉིད་དེ། །དག་པ་དང་མ་དག་པའི་མཐའ་གཉིས་སུ་འཛིན་པའི་ཕྱིར་རོ། །དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་བྱང་བའོ་ཞེས་འཛིན་པའི་ཤུགས་ཀྱིས་གཞན་དག་ལ་ཡོངས་སུ་མ་དག་པའོ་ཞེས་སྒྲོ་འདོགས་པར་འགྱུར་ཏེ། དེ་ནི་དེ་ལ་ལྟོས་པའི་ཕྱིར་རོ། །དེ་བས་ན་གཉིས་སུ་རྟོག་པར་འགྱུར་ཏེ། ཆོས་ཐམས་ཅད་མ་སྐྱེས་པ་དང་རོ་གཅིག་པ་ལ་དག་པ་དང་མ་དག་པ་ལ་སོགས་པ་དབྱེར་མེད་བས་དེ་བས་རྣལ་འབྱོར་པས་རྣམ་པར་རྟོག་པ་འདི་ཡང་མི་བྱ་སྟེ། ཇི་སྐད་དུ། ཡོད་ཅེས་མེད་ཅེས་གཉི་ག་མཐའ། །དག་དང་མ་དག་


DTG116_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་མཐའ། །དེ་བས་མཐའ་གཉིས་རྣམ་སྤངས་ཏེ། །མཁས་པ་དབུས་ལ་འང་གནས་མི་བྱེད། ཅེས་གསུངས་པ་ལྟ་བུའོ། །ལྷག་མ་ཡང་གོང་མ་བཞིན་དུ་བཤད་པར་བྱའོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ནི། །ཇི་སྐད་གོང་དུ་བསྟན་པའི་དོན་རྣམས་སྡུད་དེ། བདེ་བླག་ཏུ་ཟིན་པར་བྱ་བའི་ཕྱིར་རོ། །དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་རྣམ་པར་མི་རྟོག་པའི་རྒྱུའི་དབྱིངས་སུ་འཇུག་པའི་རྒྱུའི་གོ་རིམས་བསྟན་ཏོ། །གཉིས་པས་ནི་དེའི་ཕན་ཡོན་ནོ། །དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམས་གྱུར་ན། །ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་དབང་དུ་བྱས་པའི་ཆོས་ཐོས་ནས་རྣམ་པར་མི་རྟོག་པ་ལ་བསམ་པ་གཞག་སྟེ་ཞེས་གསུངས་པ་དེ་བསྟན་ཏོ། །རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ། །ཞེས་བྱ་བ་ནི་རང་བཞིན་གྱི་རྣམ་པར་རྟོག་པ་ལ་སོགས་པས་མཚན་མ་རྣམ་པ་བཞི་ཡོངས་སུ་སྤང་བར་སྦྱོར་བ་བསྟན་ཏོ། །རིམ་གྱིས་མི་རྟོག་འཐོབ་པར་འགྱུར། །ཞེས་བྱ་བ་འདིས་ནི་རྣལ་འབྱོར་པ་རིམ་གྱིས་འཇུག་པས་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་བོ་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་རིམ་གྱིས་ཞེས་བྱ་བ་ནི། རྣམ་རྟོག་བགྲོད་དཀའ་རྣམ་འདས་ཏེ། ཞེས་བྱ་བ་དང་སྦྱར་ཏེ། འདིས་ནི་རྣམ་པར་མི་རྟོག་པའི་དབྱིངས་སུ་འཇུག་པ་བསྟན་ཏོ། །དེ་ལས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པའི་རྒྱུ་ལས་སོ། །རབ་ཞི་ཞེས་བྱ་བ་ནི་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར་རོ། །འདི་དག་ཐམས་ཅད་ནི་རྣམ་པར་མི་རྟོག་བདེ་བ་ཞེས་བྱ་བའི་བྱེ་བྲག་གོ །མི་གཡོ་ཞེས་བྱ་བ་ནི་མི་ཉམས་པས་ན་བསྟན་པའི་ཕྱིར་རོ། །མཆོག་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བདེ་དག་ལས་ཁྱད་དུ་འཕགས་པའི་ཕྱིར་རོ། །དབང་བྱེད་ཅེས་བྱ་བ་ནི་ཇི་ལྟར་འདོད་པ་དང༌། ཇི་སྲིད་དུ་འདོད་པ་མངོན་སུམ་དུ་བྱེད་པའི་ཕྱིར་རོ། །མཉམ་ལ་མི་མཉམ་པ་ཞེས་བྱ་བ་ནི། དེ་ནི་མཉམ་ལ་མི་མཉམ་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུན་མོང་ཡིན་པས་ན་མཉམ་པའོ། །ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པས་ན་མི་མཉམ་པའོ། །


DTG116_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ཐོབ་པས་ན་མཉམ་པའོ། །དེ་དང་འདྲ་བའི་བདེ་བའི་མཆོག་གཞན་མེད་པས་ན་མི་མཉམ་པའོ། །ཡང་ན་རབ་ཏུ་ཞི་བས་མཉམ་པའོ། །མི་གཡོ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པས་མི་མཉམ་པའོ། །རྣམ་པར་མི་རྟོག་པ་ཉིད་བདེ་བའམ། རྣམ་པར་མི་རྟོག་པའི་འབྲས་བུ་ཡང་བདེ་བས་ན་རྣམ་པར་མི་རྟོག་བདེ་བའོ། །ཐོབ་པར་འགྱུར་ཞེས་བྱ་བ་ནི་རྟོགས་པའོ། །དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་འདིས་ནི་ཡང་དག་པར་སྡུད་པར་བྱེད་པས་ན་བཅོམ་ལྡན་འདས་ཀྱི་བཀའ་བཟླས་པས་གཟུངས་འདི་ཡང་བསྟན་དུ་རུང་བའི་ལུང་ཉིད་དུ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ལ་སོགས་པས་མངོན་པར་བསྟོད་དོ་ཞེས་བྱ་བས་ནི་སྐྱེ་བོ་ཕལ་པོ་ཆེས་ཡོངས་སུ་གཟུང་བར་བསྟན་ཏོ། །རྣམ་པར་མི་རྟོག་གཟུངས་འདི་རབ་ཏུ་བཤད་པ་ཡིས། །དགེ་བ་ཕལ་ཆེན་བློ་ཆུང་བདག་གིས་གང་ཐོབ་པ། །དེ་ནི་བློ་ངན་སྣ་ཚོགས་སྐྱོན་གྱི་མུན་པ་དག །ཟད་པར་གྱུར་ནས་མྱུར་དུ་རྒྱ་ཆེན་གནས་ཐོབ་ཤོག །འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་རཀྴི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousའཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ཀ་མ་ལ་ཤཱི་ལ།next