Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་བཅུ་དྲུག་པ།


   
   
   
   
   
   
འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ།  པྲཛྙཱ་ས་མུ་དྲ།
   
   
   
   
   
   


 
previousའཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ། པྲཛྙཱ་ས་མུ་དྲ།next

འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ།
པྲཛྙཱ་ས་མུ་དྲ།


DTG116_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྻ་ཨ་ཏི་ཛྙ་ན་སཱུ་ཏྲ་བྱཱ་ཁྱཱ་ན། བོད་སྐད་དུ། འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ། དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །མ་སྐྱེས་སྟོང་པའི་རྣམ་པ་ཉིད། །སྐྱེ་བ་བསྟན་པས་སྣང་མཛད་པ། །རྣམ་པར་སྣང་མཛད་ཐུགས་རྗེ་ཅན། །ལོངས་སྤྱོད་རྫོགས་སྐུ་ཕྱག་འཚལ་ཏེ། །ངེས་པ་དོན་གྱི་མདོ་སྡེ་ཡི། །རྣམ་པར་བཤད་པ་ཙམ་བྱ་ཡིས། །མ་ནོར་ངེས་པའི་ལམ་འདོད་རྣམས། །ཚུལ་འདི་ལ་ནི་འཇུག་པར་གྱིས། །དགོས་འབྲེལ་གྱི་དོན་ཀླད་དུ་མ་བསྟན་ན་རྟོགས་པ་དང་ལྡན་པ་དག་འཇུག་པར་མི་འགྱུར་བས་དེ་བསྟན་ཏེ། འདའ་ཀ་ཡེ་ཤེས་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བའི་མཛོད་འདི་ནི་བརྗོད་པར་བྱའོ། །དེ་སྟོན་པའི་ཚིག་གི་ཚོགས་ནི་རྗོད་པར་བྱེད་པའོ། །དེ་བརྗོད་པས་དེའི་དོན་ཁོང་དུ་ཆུད་བ་ནི་དགོས་པའོ། །དེའི་དོན་ཁོང་དུ་ཆུད་པས་སེམས་རྟོགས་པའི་ཡེ་ཤེས་སངས་རྒྱས་ཉིད་ཐོབ་པ་དེ་ནི་དགོས་པ་མཐར་ཕྱིན་པའོ། །འབྲེལ་པ་ནི་མི་འབྱུང་བའི་ཕྱིར་དེ་ཉིད་ཤུགས་ལས་ཤེས་པར་བྱའོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོའི་ཁང་བཟངས་ན་བཞུགས་ཏེ། འཁོར་ཐམས་ཅད་ལ་ཆོས་སྟོན་པ་དང་ཞེས་བྱ་བས་ནི་ཕུན་སུམ་ཚོགས་པའི་གླེང་གཞི་བསྟན་ཏེ། དེ་ལ་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་བྱ་བ་ནི། སྡུད་པ་པོའི་ཐོས་པ་ཆེ་བ་ཉིད་དུ་བསྟན་ཏེ། བཅོམ་ལྡན་འདས་འོག་མིན་ལྷའི་རྒྱལ་པོའི་ཁང་བཟངས་ན་བཞུགས་ཏེ་ཞེས་པ་ནི། སྟོན་པ་ཕུན་སུམ་ཚོགས་པ་དང༌། གནས་ཀྱི་ཡན་ལག་བསྟན་ཏེ། དེ་ཡང་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་ཤེས་པར་བྱའོ། །དེ་ཡང་ལང་ཀར་གཤེགས་པའི་མདོ་ལས། ལྷ་ཡི་ཕོ་བྲང་འོག་མིན་པོ། །སྡིག་པ་ཐམས་ཅད་རྣམ་སྤངས་པ། །རྟག་ཏུ་རྣམ་པར་མི་རྟོག་ལྡན། །སེམས་དང་སེམས་ལས་བྱུང་བ་སྤངས། །སྟོབས་དང་མངོན་ཤེས་གང་ཐོབ་པ། །དེ་དག་ཏིང་འཛིན་དབང་བརྙེས་ནས། །རྫོགས་པའི་སངས་རྒྱས་དེ་


DTG116_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ། །སྤྲུལ་པ་རྣམས་ནི་འདིར་འཚང་རྒྱ། །ཞེས་གསུངས་པའི་ཕྱིར་རོ། །འཁོར་ཐམས་ཅད་ལ་ཆོས་སྟོན་པའི་སྐབས་འདིར་བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་སྟོན་གྱི། ཉན་ཐོས་ཀྱི་འཁོར་ལ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་ཕྱག་བཙལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་ཚེ་སེམས་ཇི་ལྟར་བལྟ་བར་བགྱི་ཞེས་བྱ་བ་ནི་གླེང་བསླང་བ་བསྟན་ཏེ། དེ་ཡང་འདིར་འཁོར་གྱི་གླེང་བསླང་བའོ། །དེའི་ཡན་ལག་གི་དོན་ནི་ལས་དང་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་བྱང་ཞིང་ཚོགས་ཆེན་པོ་གཉིས་རྫོགས་པས་ཆུབ་པ་དང་སེམས་ཅན་རེ་རེའི་དོན་དུ་བསྐལ་པ་དཔག་ཏུ་མེད་པར་དམྱལ་བ་ལ་སོགས་པར་འཇུག་པའི་སྤྱོད་པ་འམ། ཆོས་ཟབ་མོ་ལ་བཟོད་པས་ནི་བྱང་ཆུབ་སེམས་དཔའོ། །ནམ་མཁའ་ལྟ་བུའི་ཆོས་ཉིད་ཐུགས་སུ་ཆུད་པའི་ཡེ་ཤེས་མངའ་བས་ན་ནམ་མཁའི་སྙིང་པོ་སྟེ་ཞུ་བ་པོའི་མིང་ངོ༌། །རྟོག་པའི་མཚན་མ་ཐམས་ཅད་བཅོམ་ཞིང་ཡང་དག་པའི་ཡེ་ཤེས་དང་ལྡན་ལ། རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་ལས་འདས་པའི་བཅོམ་ལྡན་འདས་ལ་ལུས་ངག་ཡིད་ཀྱིས་ཕྱག་བཙལ་ཏེ་འོག་ནས་ཞུས་པ་འདི་སྐད་ཅེས་ཞུས་སོ། །བཅོམ་ལྡན་འདས་ནི་སྔ་མ་བཞིན་ནོ། །བྱང་ཆུབ་སེམས་དཔའ་ནི་གཞི་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་དང་ལྡན་པའོ། །ནམ་འཆི་ཀ་མའི་སེམས་ནི། སྲོག་གི་རླུང་ཕྱིར་འབྱུང་བའི་དུས་ཀྱི་ཚེ་ཞེས་གཙོ་བོར་སྨོས་ཀྱང་རྟག་ཏུ་བསམ་པར་བྱའོ། །ཇི་ལྟར་བལྟ་བར་བགྱི་ཞེས་བྱ་བ་ནི་སེམས་འདིས་དོན་དམ་པའི་ཆོས་རྣམས་ནི་ཇི་ལྟར་ཤེས་པར་བྱ། སེམས་དེའི་ངོ་བོ་ནི་གང༌། སེམས་དེའི་རང་བཞིན་ནི་ཇི་ལྟ་བུ། དེ་ནས་ཀུན་རྫོབ་ཏུ་ཇི་ལྟར་བསྟན། སེམས་དེའི་རང་བཞིན་རྟོགས་ནས་ཇི་ལྟར་འགྱུར་སྙམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ནམ་འཆི་ཀ་མའི་ཚེ། འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ་ཞེས་གསུངས་པ་ནི་ཞུ་བའི་ལན་ཏེ་གོ་སླ་བས་མ་བཤད་དོ། །དེ་ལ་འདའ་ཀ་ཡེ་ཤེས་ནི་ཆོས་ཐམས་


DTG116_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་དངོས་པོ་མེད་པའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་ནི་གཞུང་གི་དོན་རྒྱས་པར་བཀའ་སྩལ་ཏེ། སེམས་འདིས་དོན་དམ་པའི་ཆོས་ཇི་ལྟར་ཤེས་པར་བྱ་སྙམ་པ་ལ། དེ་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་དངོས་པོ་མེད་པའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། དེ་ལ་ཞེས་པ་ནི་དམིགས་ཀྱིས་བསྐྱང་བའོ། །འདའ་ཀ་ཡེ་ཤེས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནི་འོག་ནས་འབྱུང་བ་ལྟ་བུར་ཤེས་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ། །དོན་དམ་པ་ཕུང་པོ་ཁམས་ལ་སོགས་པས་བསྡུས་པའི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པ་སྟེ། དེས་ན་དོན་གྱི་བྱ་བ་བྱེད་ནུས་པའི་དངོས་པོ་རྣམས་རང་བཞིན་གྱིས་མ་གྲུབ་ཅིང་ངོ་བོ་ཉིད་མེད་པའི་འདུ་ཤེས་བསྒོམ་པར་བྱའོ། །དེ་ཡང་ལང་ཀར་གཤེགས་པ་ལས། །གང་ཕྱིར་བློ་ཡིས་རབ་གཞིགས་ན། །རང་བཞིན་དག་ནི་མི་དམིགས་ཏེ། །དེ་ཕྱིར་དེ་དག་བརྗོད་དུ་མེད། །ངོ་བོ་ཉིད་ཀྱང་མེད་པར་བཤད། །ཅེས་གསུངས་པ་དང༌། གཞན་ཡང་དེ་ཉིད་ལས། ཡོད་དང་མེད་པའི་ཕྱོགས་བྲལ་ཞིང༌། །རྒྱུ་དང་རྐྱེན་གྱིས་སྤངས་པ་ཡི། །སྲིད་པ་རྒྱུ་མེད་རང་མཐོང་ནས། །སེམས་ཀྱི་རྒྱུད་ནི་རྣམ་པར་དག །ཅེས་གསུངས་སོ། །དེ་ལྟར་རང་བཞིན་གྱིས་རྣམ་པར་དག་པས་ཅི་ཡང་མེད་ན་སྣ་ཚོགས་སུ་སྣང་བ་གང་ཡིན་སྙམ་པ་ལ། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན་སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རང་གི་བྱང་ཆུབ་ཀྱི་སེམས་ཉིད་ཡིན་གྱི། ཕྱི་རོལ་དོན་དུ་སྨྲ་བ་རྣམས་འདོད་པ་ལྟར་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་བརྟགས་པ་ཡི། །ཕྱི་རོལ་གྱི་ནི་སྣང་བ་མེད། །སེམས་ནི་གཟུགས་བརྙན་བཞིན་དུ་སྣང༌། །བག་ཆགས་ཀྱིས་ཀྱང་མགོ་གཡུང་བསླང༌། །ཞེས་གསུངས་ཏེ། དེའི་ཕྱིར་མ་རྟོགས་པ་རྣམས་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེས་དེ་དག་གི་སྡུག་བསྔལ་བ་དང༌། ཆོས་ལ་དམིགས་པའི་སྙིང་རྗེས་ཆོས་ཐམས་ཅད་མི་རྟག་པ་དང༌།


DTG116_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བ་དང༌། སྟོང་པ་དང༌། བདག་མེད་པར་བསྒོམ་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་དང་སྟོང་པ་ཉིད་བསྒོམ་སྟེ། དེ་ལྟར་སྙིང་རྗེ་ཆེན་པོས་བསྒོམས་ན། དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འདུས་ཏེ། དེར་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་དཔེར་བགྱི་ན་འཁོར་ལོས་སྒྱུར་བའི་འཁོར་ལོ་རིན་པོ་ཆེ་གང་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་འདུས་ཞེས་གསུངས་སོ། །འོ་ན་སེམས་དེའི་རང་བཞིན་ཇི་ལྟ་བུ་སྙམ་པ་ལ། རང་བཞིན་གྱིས་འོད་གསལ་བས་ན་མི་དམིགས་པའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་ནམ་མཁའ་ལྟར་ཅི་ལ་ཡང་མི་དམིགས་པའི་འདུ་ཤེས་བསྒོམ་པར་བྱ་སྟེ། དེ་ལྟར་ཡང་ཡེ་ཤེས་སྣང་བའི་རྒྱན་ལས། སེམས་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། གློ་བུར་གྱི་ཉེ་བའི་ཉོན་མོངས་པས་ཉོན་མོངས་ཀྱང་རང་བཞིན་ནི་ཀུན་ནས་ཉོན་མོངས་བར་མི་འགྱུར་ཞེས་གསུངས་པ་དང༌། ཡང་དེ་ཉིད་ལས། འཇམ་དཔལ་བྱང་ཆུབ་ནི་སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རང་བཞིན་གྱིས་འོད་གསལ་བའོ། །ཅིའི་ཕྱིར་ན། རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་སྟེ། གང་རང་བཞིན་དེ་ནི་ཀུན་ནས་ཉོན་མོངས་པ་མེད་པས་ནམ་མཁའ་དང་མཚུངས་ཏེ། ནམ་མཁའི་རང་བཞིན་ཅན་ནམ་མཁའ་ཀུན་འགྲོ་བ་ནམ་མཁའ་ལྟ་བུ་སྟེ། རབ་ཏུ་འོད་གསལ་བའི་ཕྱིར་རོ་ཞེས་གསུངས་སོ། །དོན་དམ་པ་དེ་ལྟར་ཡིན་ན་ཀུན་རྫོབ་ཙམ་དུ་ཇི་ལྟར་བལྟ་སྙམ་པ་ལ། དངོས་པོ་ཐམས་ཅད་མི་རྟག་པས་ན་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་བསྒོམ་པར་བྱའོ་ཞེས་གསུངས་ཏེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོ་ཐམས་ཅད་སྐད་ཅིག་མ་སྟེ། སེམས་ཅན་མི་གནས་པར་འགྱུར་ཞིང་འཕོ་བས་ན་མི་རྟག་པའོ། །དེའི་ཕྱིར་འདོད་པའི་ཡོན་ཏན་གང་ཅི་ཡང་རུང་བ་ལ་བྱང་ཆུབ་སེམས་དཔའི་སེམས་མི་ཆགས་པར་དེའི་རང་བཞིན་སྟོང་པ་ཞི་བའི་བདག་ཉིད་ཅན་དུ་བསྒོམ་པར་བྱ་སྟེ། དེ་ཡང་མྱ་ངན་ལས་འདས་པ་ལས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་


DTG116_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཇིག་པར་འགྱུར་བས་ན། །དེ་བས་མྱུར་དུ་ཞི་བ་བདེ། །ཞེས་གསུངས་སོ། །སེམས་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ན་ཅིར་འགྱུར་སྙམ་པ་ལ། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ་ཞེས་གསུངས་ཏེ། གོང་དུ་གསུངས་པ་ལྟ་བུའི་སེམས་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཤེས་པའི་ཡེ་ཤེས་དེ་ཉིད་ལས་སངས་རྒྱས་ཞེས་ཐ་སྙད་ཉེ་བར་བཏགས་ཀྱི། དེ་ལས་གཞན་དུ་སངས་རྒྱས་རྙེད་པར་མི་འགྱུར་ཏེ། དེ་ལྟར་ཡང་རྡོ་རྗེ་གཅོད་པ་ལས། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ངལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཤེས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་དག་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་དང༌། ལང་ཀར་གཤེགས་པ་ལས། །རྟོག་པ་སྤངས་པའི་སེམས་ཉིད་ནི། །ཡིད་ཀྱི་རྣམ་ཤེས་བཟློག་པ་སྟེ། །ཆོས་རྣམས་ཐམས་ཅད་ཤེས་པའི་ཕྱིར། །སེམས་ནི་སངས་རྒྱས་ཞེས་ངས་འཆད། །ཅེས་གསུངས་སོ། །དོན་བསྡུས་པ་ལ་དགའ་བ་རྣམས་ཀྱི་ཕྱིར། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་བཀའ་སྩལ་པ། ཆོས་རྣམས་རང་བཞིན་རྣམ་དག་པས། །དངོས་པོ་མེད་པའི་འདུ་ཤེས་བསྒོམ། །བྱང་ཆུབ་སེམས་དང་རབ་ལྡན་པས། །སྙིང་རྗེ་ཆེན་པོའི་འདུ་ཤེས་བསྒོམ། །རང་བཞིན་མི་དམིགས་འོད་གསལ་བས། །མི་དམིགས་བ་ཡི་འདུ་ཤེས་བསྒོམ། །དངོས་པོ་ཐམས་ཅད་མི་རྟག་པས། །དངོས་པོ་ཅི་ལའང་མི་ཆགས་བསྒོམ། །སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །ཅེས་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། དངོས་པོའི་མཚན་ཉིད་དུ་ཡོད་དེ། མ་བྱང་བ་དངོས་པོར་འདུ་ཤེས་བསྐྱེད་པ་ནི་སྐྱེས་བུ་གླེན་པ་གང་ཞིག་སྨིག་རྒྱུའི་ཆུ་ལ་ཁྲུས་བྱ་བ་དང༌། བཏུང་བར་འདོད་པ་བཞིན་ཏེ། བྱང་ཆུབ་སེམས་དཔས་དེ་ལྟར་མི་བལྟའོ། །དེ་ལྟར་ཡང་ལ་དཀར་གཤེགས་པ་ལས། སེམས་སླུ་བ་ཡི་སྨིག་རྒྱུ་ལ། །


DTG116_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་དཔྱིད་ཀ་གཡོ་བ་ནི། །རི་དགས་རྣམས་ནི་ཆུ་འཛིན་ཏེ། །དེ་ལ་དངོས་པོ་ཡོད་པ་མིན། །ཞེས་གསུངས་པ་ལྟ་བུའོ། །དོན་དམ་པར་ན་བྱང་ཆུབ་ཀྱི་སེམས་གདོད་མ་ནས་མ་སྐྱེས་པའི་ཕྱིར་དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྒྱུ་མའི་སྐྱེས་བུ་ལ་སྒྱུ་མའི་སྐྱེས་བུ་གཞན་གཉིས་པ་སྙིང་རྗེ་བསྐྱེད་པ་ལྟར་སྙིང་རྗེ་ཆེན་པོ་བསྒོམ་པར་བྱ་སྟེ། དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། །རྩྭ་དང་ཤིང་དང་གྱོ་མོ་ལས། །སྒྱུ་མ་རྣམ་པར་མཛེས་གྱུར་ཀྱང༌། །སྒྱུ་མ་དེ་ནི་མེད་པ་སྟེ། །ཆོས་ཀྱི་རང་བཞིན་དེ་བཞིན་ནོ། །ཞེས་གསུངས་ཏེ། དེ་ལྟར་བསྒོམས་ན་དམིགས་པ་མེད་པའི་སྙིང་རྗེ་སྐྱེ་སྟེ། སྙིང་རྗེའི་མཆོག་ཡིན་ནོ། །དེ་ནི་རང་བཞིན་གྱིས་གསལ་བས་ནམ་མཁའ་ལྟར་དམིགས་སུ་མེད་པའི་ཕྱིར་རང་གི་རྣམ་པར་རྟོག་པ་ཙམ་ལས་ལོགས་ན་གྲུབ་པའི་དངོས་པོ་མེད་པ་བཞིན་དུ་བྱིས་པ་རྨོངས་པ་རྣམས་མོ་གཤམ་གྱི་བུ་དང༌། རྨི་ལམ་ལྟ་བུ་ལ་འདོད་ཆགས་པ་ལྟར་བྱང་ཆུབ་སེམས་དཔས་ཞེན་པའི་ཆགས་པ་མི་སྐྱེད་དོ། །དེ་ཡང་ལང་ཀར་གཤེགས་པ་ལས། །རྣམ་པར་རྟོག་ལས་གུད་ན་ནི། །འདུས་བྱས་འདུས་མ་བྱས་མེད་ན། །རྨི་ལམ་མོ་གཤམ་བུ་བཞིན་དུ། །བྱིས་པ་ཕྱོགས་བསླད་འཛིན་པར་བྱེད། །ཅེས་གསུངས་སོ། །སེམས་རྣམ་པར་རྟོག་པའི་དྲི་མ་དག་པ་ཉིད་ཡང་དག་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཉིད་སངས་རྒྱས་ཞེས་བྱ་ཡི། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །གཟུགས་ཀྱི་སྐུ་ནི་དེ་ལྟ་མ་ཡིན་ནོ། །དེ་ལྟར་ལང་ཀར་གཤེགས་པ་ལས། །མངོན་པར་འདུ་བྱེད་མཚན་རྣམས་ཀྱིས། །སངས་རྒྱས་མཚན་ལྡན་མ་ཡིན་ཏེ། །དེ་དག་འཁོར་ལོས་སྒྱུར་ཡིན་བསྟན། །དེས་ནི་སངས་རྒྱས་མི་བརྗོད་དོ། །སངས་རྒྱས་མཚན་ནི་ཡེ་ཤེས་ཏེ། །ལྟ་བའི་ཉེས་པ་རྣམ་སྤངས་པ། །སོ་སོ་རང་རིག་ལྟ་བ་རྟོགས། །ཉེས་པ་སོ་སོར་རྣམ་འཇོམས་པའོ། །ཞེས་གསུངས་སོ། །འོ་ན་སངས་རྒྱས་དེས་འགྲོ་བའི་དོན་ཇི་ལྟར་མཛད་སྙམ་པ་ལ། དེ་ཡང་ལང་ཀར་གཤེགས་པ་ལས། །ཉི་མ་ཟླ་བ་མེ་ཡི་འོད། །དེ་བཞིན་འབྱུང་བ་ནོར་བུ་རྣམས། །རྣམ་པར་མི་རྟོག་ཤིན་ཏུ་འབྱུང༌། །དེ་བཞིན་སངས་རྒྱས་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟ་བུའོ། །མཇུག་བསྡུ་བའི་ཕྱིར།


DTG116_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང༌། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་སོགས་པ་འཁོར་ཐམས་ཅད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་པ་གོ་སླ་བསམ་བཤད་དོ། །ཤེས་རབ་དང་ལྡན་གང་དག་ཅིག །འཁོར་གྱི་རྒྱ་མཚོ་སྐད་ཅིག་གིས། །སྒྲོལ་བྱེད་མདོ་སྡེ་འདི་བཤད་པས། །འགྲོ་ཀུན་རང་སེམས་རྟོགས་པར་ཤོག །འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ། སློབ་དཔོན་པྲཛྙཱ་ས་མུ་དྲས་མཛད་པ་རྫོགས་སོ།། །།


previousའཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོའི་རྣམ་པར་བཤད་པ། པྲཛྙཱ་ས་མུ་དྲ།next