Nitartha Digital Library
Tibetan
 
previousདང་པོ། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ཚུལ།next

དང་པོ། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ཚུལ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤ་ར་བའི་ཞལ་ནས། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་རིམ་པར་འདུ་བ་ཡིན་གསུངས་ཏེ། དེའི་རྒྱུ་མཚན་ཆོས་ལ་འཇུག་པའི་རྟེན་གྱི་གང་ཟག་གི་དབང་དུ་བྱས་ན་ཡང་འཁོར་བའི་བདེ་བ་དོན་དུ་གཉེར་བ་དང་ཐར་པ་དོན་དུ་གཉེར་བ་གཉིས་ལས་མེད་ཅིང༌། ཐར་པ་འདོད་པ་ལའང་རང་དོན་དུ་ཐར་པ་འདོད་པ་དང་གཞན་དོན་དུ་ཐར་པ་འདོད་པ་གཉིས་ཏེ་གང་ཟག་གི་རིགས་གསུམ་པོ་དེ་ལས་མེད་པས། འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་བར། མདོར་བསྡུ་ན་སེམས་ཅན་གྱི་ཚོགས་ན་སེམས་ཅན་རྣམ་པ་འདི་གསུམ་ཡོད་དེ། སྲིད་པ་འདོད་པ་དང༌། སྲིད་པ་དང་བྲལ་བར་འདོད་པ་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པའོ། །ཞེས་གསུངས་པའི་སྲིད་པ་འདོད་པ་ནི་འཁོར་བའི་བདེ་བ་ཙམ་དོན་དུ་གཉེར་བའི་སྐྱེས་བུ་ཐ་མ་དང༌། སྲིད་པ་དང་བྲལ་བར་འདོད་པ་ནི་རང་དོན་དུ་སྲིད་པ་དང་བྲལ་བ་ཙམ་གྱི་ཐར་པ་དོན་དུ་གཉེར་བའི་སྐྱེས་བུ་འབྲིང་དང༌། དེ་གཉིས་ཀ་མངོན་པར་མི་འདོད་པ་ནི་རང་དོན་དུ་འཁོར་བའི་བདེ་བ་དང་སྲིད་པ་དང་བྲལ་བ་ཙམ་གྱི་ཐར་པ་གཉིས་ཀ་མི་འདོད་པར་གཞན་དོན་དུ་ཐར་པའི་མཆོག་སྲིད་ཞིའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་རྫོགས་པའི་སངས་རྒྱས་འདོད་པ་སྟེ་སྐྱེས་བུ་མཆོག་ཡིན་ཅིང༌། སྐྱེས་བུ་དེ་དག་གིས་ཐོབ་བྱའི་ཆོས་ཀྱི་དབང་དུ་བྱས་ན་ཡང༌།འཕགས་པ་ཀླུ་སྒྲུབ་ཀྱིས་རིན་པོ་ཆེའི་འཕྲེང་བར། དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་འགྲུབ་འགྱུར་ཏེ་གང་ཞིག་ལ། །དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོངས། །ཞེས་ཐོབ་བྱའི་ཆོས་ཐམས་ཅད་མངོན་མཐོ་དང་ངེས་ལེགས་གཉིས་སུ་འདུས་པར་གསུངས་པའི་མངོན་པར་མཐོ་བ་ནི་ལྷ་དང་མིའི་བདེ་བ་སྟེ་སྐྱེས་བུ་ཆུང་ངུའི་ཐོབ་བྱའི་ཆོས་དང༌། ངེས་པར་ལེགས་པ་ལ་གཉིས་ཀྱི་ཉན་ཐོས་ཀྱི་བྱང་ཆུབ་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ནི་སྲིད་པ་དང་བྲལ་བའི་ཐར་པ་ཙམ་སྟེ་སྐྱེས་བུ་འབྲིང་གིས་ཐོབ་བྱའི་ཆོས་དང༌། སྲིད་ཞིའི་མཐའ་དེ་གཉིས་ལ་མི་གནས་པའི་བྱང་ཆུབ་ནི་སྐྱེས་བུ་ཆེན་པོའི་ཐོབ་བྱའི་ཆོས་ཏེ་གསུམ་པོ་དེ་ལས་མེད་པས། དེ་འཐོབ་བྱེད་ཀྱི་ལམ་ཡང་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། གསུམ་པོ་འདི་ནི་ངེས་པར་འབྱིན་པར་བྱེད་པའི་ཐེག་པ་ཡིན་ཏེ། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌།ཐེག་པ་ཆེན་པོའོ། །ཞེས་གསུངས་པའི་ཉན་རང་གི་ཐེག་པ་གཉིས་པོ་ནི་རང་དོན་དུ་ཐར་པ་སྒྲུབ་པར་མཚུངས་པའི་ཕྱིར་ཐེག་པ་ཆུང་ངུ་ཞེས་བྱ་བ་སྐྱེས་བུ་འབྲིང་གི་ལམ་དང༌། ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཐེག་པ་ནི། ཇོ་བོ་ཉིད་ཀྱིས་སྤྱོད་པ་བསྡུས་པའི་སྒྲོན་མར། གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་སྒྲུབ་བོ་ཞེས། །བླ་མ་སངས་རྒྱས་གསུངས་པས་ན། །དེ་དོན་འདིར་ནི་བྲི་བར་བྱ། །ཞེས་པ་ལྟར་གཞན་དོན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐེག་པར་མཚུངས་པའི་སྐྱེས་བུ་མཆོག་གི་ལམ་ཡིན་ཅིང༌། སྐྱེས་བུ་ཆུང་ངུས་དོན་དུ་གཉེར་བྱ་མངོན་མཐོའི་ལམ་ནི་དེ་རྣམས་ཉིད་ཀྱི་ཞར་ལས་སྟོན་པས་ན་སངས་རྒྱས་ཀྱིས་བསྟན་པའི་ཆོས་མ་ལུས་པ་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ལ། དེ་ཐམས་ཅད་ཀྱང་ཇོ་བོས་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའི་མན་ངག་ལ་བརྟེན་ནས་གང་ཟག་གཅིག་གི་རྒྱུད་ལ་རིམ་གྱིས་བསྐྱེད་དུ་བཏུབ་པར་མཛད་པ་ཡིན་པས། ལོ་བྱ་ཡུལ་གྱི་གདན་རབས་བཅུ་གཉིས་པ་རིན་པོ་ཆེ་ཚུལ་ཁྲིམས་མགོན་པོའི་ཞལ་ནས། ཇོ་བོ་ཆེན་པོ་དེ་གདམས་ངག་ཤིན་ཏུ་ཆེ་བའི་སྟོབས་ཀྱིས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཆོས་ཐམས་ཅད་ཧྲིལ་ཏེ་དྲིལ་ནས་གང་ཟག་གཅིག་གིས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ལ་ལམ་གྱི་རིམ་པ་འདི་མཛད་པ་ཡིན་གསུངས་པར་གདའ་བས། སྤྱིར་ཇོ་བོའི་ལམ་གྱི་རིམ་པ་འདི་གཅིག་སྒོམ་དུ་བཏུབ་ན་ཆོས་ཤིག་ཡོང༌། འདི་གཅིག་སྒོམ་དུ་མ་བཏུབ་ན་ཆོས་ཡོང་བའི་ཐབས་ཡེ་མེད། དེའི་ནང་ནས་ཀྱང་མི་རྟག་པ་དང་འཆི་བ་རྗེས་སུ་དྲན་པ་འདི་ལ་སོ་ཞིག་མ་ཐེབས་ན་ཡོན་ཏན་ཐམས་ཅད་སྐྱོན་དུ་སྤུང་གིས་འགྲོ་བ་ཡིན། འདི་ལ་སོ་ཞིག་ཐེབས་ན་སྐྱོན་ཐམས་ཅད་ཡོན་ཏན་དུ་འགྲོ་བ་ཡིན་པས། དེ་གདམས་ངག་སྤྱིའི་རྣམ་པར་བཞག་པ་བྱ་བ་ཡིན་གསུངས།


previousདང་པོ། སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་འདུ་ཚུལ།next