Nitartha Digital Library
Tibetan
བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །


   
   
   
  collapse section
   
   
   
   
   
  collapse section
   
གཅིག མཚན།
   
  collapse section
   
   
  collapse section
   
   
   
   
  collapse section
   
   
   


 
previousགཅིག མཚན།next

གཅིག མཚན།

རྒྱ་གར་སྐད་དུ། བོ་དྷི་པཱ་ཐ་པྲ་དཱི་པ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མ། ཞེས་བྱ་བ་སྟེ། དེ་ལ་མཚན་ཀླད་དུ་བྲིས་པའི་དགོས་པ་དང༌། མཚན་གྱི་དོན་བཤད་པ་གཉིས་ཀྱི། དང་པོ་ནི། ཤ་ར་བའི་ཞལ་ནས། དགེ་བཤེས་སྟོན་པའི་ཐུགས་ཀྱི་དགོངས་པས། གཞུང་འདིའི་མགོ་རྒྱ་གར་སྐད་དུ་ནས་མཇུག་རྫོགས་སོའི་བར་ཐམས་ཅད་ཉི་མ་དེ་རིང་ནས་ཀྱི་སྒོམ་རྒྱུའམ་ཉམས་སུ་བླང་རྒྱུ་ཞིག་ཏུ་རང་གི་རྒྱུད་ལ་བསྐོར་གྱིས་བསྐོར་ནས་འཆད་པ་ལགས་པས་དེ་ལ་ལོ་ཙཱ་བའི་བཀའ་ལུང་གིས་རྒྱ་གར་སྐད་ཀླད་དུ་བྲིས་པ་འདི་ཡང་ལོ་ཙཱ་བ་ཀུན་གྱི་རང་བཟོ་མིན། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང་བཀའ་གྲོས་སུ་བྱས་ནས་དགོས་པ་ཆེན་པོ་གསུམ་ལ་གཏད་ནས་བྲིས་པ་ཡིན་ཏེ། བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བར་བྱ་བ་དང༌། ཁུངས་བཙུན་པའི་དང༌། ད་ལྡོབས་པ་ལ་དགོས་པ་དང་གསུམ་ལས། དང་པོ་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བའི་དགོས་པ་ནི། མི་ཡི་ཆོས་ལུགས་ལེགས་སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང༌། །མི་དང་ལྷ་ཡི་ཐེམ་སྐས་ལས། །འཛེགས་ན་ཐར་པ་གམ་ན་འདུག །ཅེས་གསུངས་པ་ལས། དམ་པའི་ཆོས་མ་དར་བའི་གོང་དུ་བོད་ཐམས་ཅད་དུད་འགྲོ་དང་ཁྱད་མེད་པར་སྐྱེ་བ་སྔ་མ་གང་ནས་འོངས་དང་ཕྱི་མ་གང་དུ་འགྲོ་བ་མི་ཤེས་ཤིང༌། ལས་གང་ལས་བདེ་སྡུག་གང་འབྱུང་བ་ཡང་མི་ཤེས། འཁོར་བ་དང་མྱ་ངན་ལས་འདས་པའི་མཚན་ཉིད་དང་དེ་གཉིས་ཀྱི་རྒྱུ་འབྲས་ཐམས་ཅད་ལ་དཔྱོད་པ་བྲལ་ཞིང་རྨོངས་པའི་མུན་པས་གཏིབས་ནས་འདུག་པ་ལ། མིའི་ཆོས་ལུགས་ལེགས་པར་སྤྱད་པ་དང༌། དེས་ལྷ་ཡུལ་བགྲོད་པ་བདེ་འགྲོ་སྒྲུབ་པའི་གོ་ཡུལ་དང༌། དེ་གཉིས་ཀྱི་ཐེམ་སྐས་ལ་བརྟེན་ནས། ཐར་པ་སྒྲུབ་པའི་གོ་ཡུལ་དང༌།ཐམས་ཅད་མཁྱེན་པ་སྒྲུབ་པའི་གོ་ཡུལ་དང༌། ཤེས་རབ་ཀྱི་སྣང་བ་ཅུང་ཟད་སྐྱེས་པ་དེ་དམ་པའི་ཆོས་ཀྱི་བཀའ་དྲིན་ཡིན། ཆོས་དེ་ཡང་རྒྱ་གར་ནས་བྱུང་བ་ཡིན་པས་རྒྱ་གར་བ་ལ་དྲིན་དུ་གཟོ་བར་བྱ་དགོས་པའི་དོན་ཡིན་ཏེ། དེ་ཡང་སྔོན་བྱོན་པ་དེ་རྣམས་ཀྱིས་རྒྱ་གར་བའི་སྤྲང་པོ་ཡན་ཆད་ལ་ཨཱ་ཙརྱ་ཞེས་སློབ་དཔོན་དུ་བོས། གྲལ་མགོ་ལ་ཕྱུང༌། ཞང་ཆེན་པོ་ལ་སོགས་པ་རྒྱ་གར་བ་བྱུང་ཚད་ལ་གསེར་གནང་བའི་ཐུགས་དམ་བཞེས་པའང་མང་དུ་བྱུང་བ་དེ་ཀུན་གྱིས་དྲིན་དུ་གཟོ་བ་མཛད་ཟིན། བསྟན་བཅོས་ཀྱི་ཀླད་དུ་རྒྱ་གར་སྐད་ཡི་གེ་བྲིས་པ་འདི་རང་ཅག་ཕྱི་རབས་པ་ཀུན་ཀྱང་དེ་བཞིན་དུ་སློབ་དགོས་པར་བསྟན་པའི་ཆེད་དུ་ཡིན་པས། སྔོན་མདོ་ཁམས་སུ་འདུ་བ་ཞིག་གི་ཚེ་བྱག་ཙེ་མང་པོ་སྟིང་བ་ལ་ཨཱ་ཙརྱ་ཞིག་བྱུང་ནས་ནངས་ཀྱི་དང་པོ་ལ་ལུགས་མ་ཅི་བཞུགས། དེའི་འོག་མ་ལ་ཁོང་རང་བཞུགས་པ་ལ་ཁྱེད་དེར་མ་འདུག་མི་གཞན་ཡོད་བྱས་པས་ཁོ་ཤེད། འུ་ཅག་ཆོས་ཞལ་ཕྱེ་ལ་དབུ་ན་རྒྱ་གར་སྐད་འདུག་ན་ང་འདིར་སྡོད་མི་འདུག་ན་མི་སྡོད་ཟེར་སྐད་པ་དེ་ཀུན་ཡང་རང་ཅག་ལ་བསམ་རྒྱུའི་མན་ངག་ཁོ་ན་ཡིན་ཏེ་ཁོང་གྲལ་མགོ་ལ་སྡོད་དབང་བ་ཡིན། གཞུང་གི་སྐབས་དོན་དེ་ཙམ་གྱིས་ཆུན་ཏེ། རང་ཅག་གིས་ལག་ལེན་དུ་བྱ་རྒྱུ་ནི་གཞན་ཡང་རང་ཆོས་དང་ཕྲད་པའི་རྐྱེན་བྱས་པ་ཡིན་ན་གནོད་པ་བྱས་པའི་རྐྱེན་གྱིས་ཕྲད་པ་ཡིན་ཡང་དེ་ལ་བྱས་པ་ཤེས་པར་བྱ། དེ་ལྟར་བྱས་ན་ཡོན་ཏན་དང་བདེ་ལེགས་ཐམས་ཅད་འབྱུང༌། ཆོས་ཀྱིས་ཕན་བཏགས་པ་ལ་བྱས་པ་ཤེས་པ་མེད་ན་ཡོན་ཏན་དང་བདེ་བ་སྐྱེ་བ་ཡང་མི་ཡོང་ལ། སྔར་ཅུང་ཟད་སྐྱེས་པ་ཡང་ཉམས་པར་འགྱུར་བ་ཆོས་ཉིད་ཡིན། དེ་བས་འཇིག་རྟེན་པའི་ཟས་གོས་ཀྱིས་ཕན་བཏགས་པ་དང་ནད་གཡོག་ལ་སོགས་པའི་དགོས་པའི་གྲོགས་བྱས་པ་དག་ལ་ཡང་དྲིན་འོག་ནས་ཐོན་མེད་པ་འདྲ་བ་བྱེད་དགོས་པ་ཡིན། དེ་དག་ལ་བྱས་པ་དྲིན་དུ་གཟོ་བ་ཡོད་ན་འཇིག་རྟེན་གྱི་ཁ་བསྔགས་ལས། ཆུ་གང་གཉེན་ལ་བཏགས་ན་གཉེན་པས་ཀྱང་དགྲ་སྨོན་ཟེར་བ་བཞིན་དུ་ཕྱིས་ཀྱང་དེ་ལ་ཕན་འདོགས་པ་ཡོང་སྟེ་ཕུན་སུམ་ཚོགས་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་འཕེལ། དེ་དག་གཙོ་བོའི་ཞིང་ཡིན་པས་བསོད་ནམས་ཀྱང་དཔག་ཏུ་མེད་པ་སོགས་པར་འགྱུར་བས། ཤེས་རབ་བརྒྱ་པ་དང་རྔའི་ཚིགས་སུ་བཅད་པ་ལས་ཀྱང༌། བྱས་པ་ཤེས་ཤིང་བྱས་པ་གཟོ། །བྱས་པ་ཆུད་གཟོན་མི་བྱེད་པའི། །མི་ལ་དཔལ་མགོན་ཉེ་བར་གནས། །གསུངས་ཏེ། དཔལ་ནི་ཚེ་འདི་ལ་དང༌། མགོན་ནི་ཚེ་ཕྱི་མ་ལ་ཡིན་གསུངས། དེ་དག་ལ་དྲིན་དུ་གཟོ་བ་མ་བྱས་ན་འདི་ཉིད་ལ་མི་དགའ་བ་མེད་ཀྱང་དེ་ལ་ཕྱིས་ཕན་འདོགས་པ་ཡེ་མི་ཡོང་གི་ཁར་དེ་འདྲ་བ་ཁྲེལ་མེད་གདོང་མེད་བྱས་མི་སྣང་སྦུར་བ་བཞིན་དུ་ཕྱི་མིག་ལྟ་མི་ཤེས་པ་ཞིག་ཡིན། སྣུམ་གྱིས་བྱུགས་པ་དང་ཆུས་བྱུགས་པ་ཁྱད་མེད་པ་ཞིག་ཡིན་ཟེར་ནས་ཡོང༌། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཟླ་བ་མར་གྱི་ངོ་བཞིན་དུ་འགྲིབས་པ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས་ན། ཤེས་རབ་བརྒྱ་པ་དང་རྔའི་ཚིགས་སུ་བཅད་པ་ལས་ཀྱང༌། རྒྱ་མཚོ་དང་ནི་རི་རབ་དང༌། །ས་རྣམས་བདག་གི་ཁུར་མིན་གྱི། །བྱས་པ་མི་གཟོ་གང་ཡིན་པ། །དེ་ནི་བདག་གི་ཁུར་ཆེན་ཡིན། །ཞེས་གསུངས་ཏེ། རྒྱ་མཚོ་ལ་སོགས་པ་དེ་རྣམས་ཁུར་དུ་བསྐུར་ཡང་ཚེ་འདི་ཉིད་རང་ལ་ཁུར་དེ་རྣམས་ཀྱི་འོག་ནས་ཐོན་སྲིད། འདི་ལ་མ་ཐོན་ཡང་ཚེ་འཕོས་ནས་ནམ་ཡང་ཁུར་དེ་དག་གི་འོག་ཏུ་མི་ལུས། བྱས་པ་མི་ཤེས་པའི་ཁུར་ནི་ལས་ཀྱི་རྣམ་སྨིན་དུ་སོང་བས་ལས་དེ་མ་ཟད་ཀྱི་བར་དུ་ཚེ་འཕོས་ཀྱང་དེའི་ཁུར་འོག་ནས་ཐོན་མེད་པ་ཡིན་པས། རང་ཅག་ད་ལྟ་འཇིག་རྟེན་སྟོན་པའི་ཕ་མ་དང་ས་འོག་ནས་འདོན་མཁན་གྱི་འདྲེན་པའི་སློབ་དཔོན་ནས་བཟུང་སྟེ་གང་དྲིན་ཆེ་ཆེ་དང་མ་འཁོན་པ་མེད་པ་ལ་ཡོན་ཏན་ཅི་ཡང་མི་ཡོང༌། དང་པོ་ཡ་ཏ་ན་མོའི་རྐང་གསུམ་པ་འདི་ཀ་ཡིན་བྱས་ཀྱིན་ཡང་དང་ཡང་དུ་བསླབས་ཀྱང་མི་ཤེས་པ་ཞིག་ཕྱིས་ཙ་ན་སངས་རྒྱས་ལ་ཡེ་ཤེས་ཡོད་མིན་ཚུན་ཆད་ཀྱང་གཏན་ལ་ཕེབས་པར་ཤེས་རབ་འཕེལ་བ་དེ་ཆོས་གྲྭའི་སློབ་དཔོན་གྱི་བཀའ་དྲིན་ཡིན་ཏེ། རང་ཅག་དང་པོ་ཀ་བ་ལི་ཁ་ག་ན་འབྱེད་པའི་རྩར་ཕྱིན་ནས་ཆོས་གང་མཉན་པ་དང་ཟབ་པའི་འབྲེལ་བྱེད། དེ་ནས་དེ་དག་ལ་བླ་འོག་དང་གཉན་གུས་ཅི་ཡང་མི་བྱེད་པར་མིང་རང་ཡང་བླ་དྭགས་རེ་ནས་བོད་ཀྱིས་སྐྱོན་བརྗོད་བྱེད་པ་དེ་ལ་ཕྱི་མ་ཕན་ཆད་དུ་ཆོས་སྨྲ་བ་དང་ཕྲད་རེ་ཡེ་མེད་པས་མུན་ནག་རབ་འབྱམས་ལས་མི་ཡོང༌། ཁྱད་པར་གྱིས་ཀྱང་གསང་སྔགས་ཀྱི་དབང་བསྐུར་བ་དང་རྒྱུད་འཆད་པ་དང་གདམས་ངག་སྟེར་བ་གསུམ་སངས་རྒྱས་དང་མཉམ་པར་གསུངས་ཏེ། རང་ཅག་ནི་ཆོས་ལ་བརྡ་མ་ཕྲད་པ་ཤེད་ཀྱིས་བསྟན་པ་ལ་ཞུགས་མ་ཁད་ནས་དཀྱིལ་འཁོར་ཆེན་པོར་འཇུག དེ་ནས་དེ་ལྟ་བུ་མཛད་པའི་བླ་མ་དང་ཡང་མ་འཁོན་པ་མེད་པ་ལ་ཚེ་འདི་རང་ལའང་མཉན་ཡང་གོ་བ་མི་ཡོང༌། བསྒྲུབས་ཀྱང་འབྲས་བུ་མི་ཡོང༌། ཕྱི་མ་ཕན་ཆད་དུ་ཆོས་ཀྱིས་ཕན་འདོགས་པ་ཏ་ག་ལ་ཡོད་དེ་རྡོ་རྗེ་དམྱལ་བར་སྐྱེ། ཆོས་དང་མ་ཕྲད་ན་མིར་སྐྱེས་ཀྱང་ཡོན་ཏན་དང་བདེ་བ་གང་ཡང་མི་ཡོང༌། གསང་སྔགས་གསར་རྙིང་གཉིས་གདམས་ངག་གསར་མ་ཆེ་བར་བྱེད་དེ་དངོས་གྲུབ་ཐོབ་པ་རྙིང་མ་མང་ངོ༌། །དེ་ཡང་བླ་མ་ལ་གུས་པའི་ཕན་ཡོན་ཡིན། དེ་བས་ན་ད་ཕྱིན་ཆད་རང་སློབ་དཔོན་དང་ཆོས་ཀྱིས་མི་འཕོངས་པར་བྱ་བའི་ཆེད་དུ་དགེ་བཤེས་སྟོན་པ་བཞིན་དུ་ཆོས་འབྲེལ་བྱས་པ་ཉུང་བར་བྱས་ལ། གང་ལ་ཆོས་འབྲེལ་བྱས་པ་དེ་ལ་གཉན་གུས་ཆེན་པོ་བྱ། སྔར་མ་གུས་པ་བྱས་པའི་སྒྲིབ་པ་སྦྱངས། དེ་ཡང་དེ་ཉིད་བཞུགས་ན་དེ་ཉིད་ལ་སྦྱངས། དེ་ཉིད་མི་བཞུགས་ན་རིགས་རྒྱུད་དང་སློབ་རྒྱུད་ཚུན་ཆད་ལ་སྦྱངས། དེ་དག་ཀྱང་མེད་ན་ཕྱིས་ཀྱི་བླ་མ་དེ་དང་གཅིག་པར་བསམས་ལ་དེ་ལ་སྦྱང༌། འདས་མཆོད་བྱ། དེ་བཞིན་དུ་བྱས་ན་འདི་ཉིད་ལ་ཡང་དགེ་བའི་བཤེས་གཉེན་དང་མཇལ། མ་འོངས་པ་ན་དེས་མི་འཕོངས་ཤིང༌། དེ་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན། དགེ་བཤེས་སྟོན་པ་ལ་སློབ་དཔོན་ཉིད་ཁམས་ཀྱི་སེ་བཙུན་དབང་ཕྱུག་གཞོན་ནུ་དང་ལ་སྟོད་ཀྱི་སྐག་སྟོན་ཆེན་པོ་སྟེ་བོད་གཉིས། པཎྜི་ཏ་སྒྲའི་ཚེར་མ་བྱ་བ་གྲགས་ལྷག་ཧ་ཅང་མི་ཆེ་བ་ཞིག་དང་ཇོ་བོ་སྟེ་རྒྱ་གར་བ་གཉིས་དང་བཞི་ལས་མི་བཞུགས། དེ་བཞི་ཅར་ལ་སངས་རྒྱས་དང་ཁྱད་མེད་པའི་དད་གུས་མཛད། དང་པོ་ཡི་གེ་བསླབས་པའི་གཡུང་དེའི་བུ་ལ་ཡང་ཇོ་བོ་ཆོས་མགོན་གསུངས་ནས་ཉེ་ཚིག་དང་མི་འབྲལ། འབྲུ་ལྡོག་རྒྱལ་བུ་བྱ་བ་དགེ་བཤེས་སྟོན་པ་ལ་ཆོས་ཞུར་བྱུང་བ། བླ་མ་སྔ་མ་ཞིག་ལ་ཞུས་ལ་ཤོག་གསུངས། བོད་དབུས་གཙང་ན་མི་བདོག་ཞུས་པས། འོ་ན་ཁམས་ན་ཡོད་དེ་འོང་བས་ཞུས་ལ་ཤོག་གསུངས། མི་བདོག་ཞུས་པས་འོ་ན་ཁྱོད་སྐྱེ་བ་ཐོབ་པ་ཡིན་ཏེ་མི་ཡོང་བས་ཡི་གེ་སློབ་པའི་སློབ་དཔོན་ཞིག་ཡོད་པ་མིན་ནམ་དེ་ལ་ཞུས་ལ་ཤོག གསུངས་པ་བཞིན་དུ་སློབ་དཔོན་སྔ་མའི་སྟེང་དུ་ཕྱི་མ་གཞན་འཚོལ་ན་ཡང་སྔ་མ་ལ་ཞུ་དགོས་པ་ངེས་དོན་ཡིན་པ་ཡུམ་གྱི་གླེང་གཞི་ལས་གསུངས་པ་དེས་ཤེས་པ་ཡིན། དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། གང་ཞིག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའི་ཚིགས་སུ་བཅད་པ་གཅིག་ཐོས་ནས། དེ་ལ་ཡིག་འབྲུ་ཇི་སྙེད་ཡོད་པའི་བསྐལ་པར་འཇིག་རྟེན་པའི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་དྲིན་མི་འཁོར། དེ་ཅིའི་ཕྱིར་ན་དེ་ནི་བསླུ་བའི་ཆོས་ཅན་ཡིན་ལ། སྔ་མ་ནི་སྟོན་མཁན་གྱི་བསམ་པ་ཅི་འདྲ་ཡང་རུང་སྟེ། ཐོས་པ་དེ་ནམ་ཞིག་ན་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུར་འགྱུར་ཏེ། ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཡིན་པའི་ཕྱིར། ཞེས་གསུངས་པ་དེ་ཀུན་ཁོ་ན་ངེས་པའི་དོན་ཡིན། ལུང་གི་ཆོས་བསྟན་པ་ཡང་དེ་འདྲ་ན་སྒྲུབ་པ་ལ་སྦྱོར་བའི་བླ་མ་དྲིན་ཆེ་བ་ལྟ་ཅི་སྨོས། དེ་ལྟར་ཡིན་པས་པུ་ཏོ་བ་ཀོ་རུ་ན་བཞུགས་ཙ་ན་ཁམས་པ་འཛི་འདུལ་བྱ་བ་ཁམས་སུ་འགྲོ་བ་ལ་གདམས་ངག་ཏུ། དབུས་འདི་ཀུན་ན་བརྟེན་ས་མེད་པས་ཁམས་སུ་སོང་ལ་སྟོན་པ་དབང་ཕྱུག་འབར་ལ་བསྟེན། ཁོང་གིས་གནང་ན་རིམ་པ་ཡང་ཞུས། ངེད་གཞན་ནི་ཕྱིའི་འཚམས་པ་ཡིན། དགེ་བཤེས་སྟོན་པའི་སློབ་མ་དངོས་ནི་ཁོང་ཡིན། དགེ་བཤེས་ཉིད་ཀྱང་གསང་སྔགས་ཀྱི་དཔོན་སློབ་བྱ་བ་ནི་རང་ཅག་གཉིས་ཡིན་གསུངས། ཁོང་ལ་བརྟེན་ནས་བཀའ་དྲིན་ཞུས་པའི་རྗེས་ལ་དད་གུས་ཆེན་པོ་ནི་བྱེད་དགོས། ངེད་ཀྱི་དགེ་བཤེས་སྟོན་པའི་ཞལ་ནས། རང་གི་བླ་མ་ལ་གཞན་གྱིས་སྐྱོན་བརྗོད་བྱེད་ན་ཐལ་མོ་སྦྱར་ནས་དེ་ངའི་བླ་མ་ཡིན་པས་མི་གསུང་བར་ཞུ་འཚལ་བྱས་ནས་གསོལ་བ་འདེབས། གསོལ་བ་མ་ཐེབས་ན་རྣ་ཁུང་བཀག་ནས་མི་ཐོས་པར་བྱེད་པ་ཡིན། ཐོས་ན་དམྱལ་བར་འགྲོ་བ་ཡིན་གསུངས། ཇོ་བོ་དབང་ཕྱུག་གཞོན་ནུས་གཡོན་ཆིངས་འདྲ་བ་ཞིག་མཛད་པས་ཕྱོགས་སུ་བསྒྱུར་བ་ཞིག་བྱུང་བར་གདའ། དེ་ཕྱིས་དགེ་བཤེས་སྟོན་པའི་སྙན་དུ་གསོལ་བ་ལ་དེ་འདྲ་བ་ང་ལ་ཡེ་མ་ཟློ་ཤིག ང་དེ་ཐོས་པ་མིན་ན་འདིར་ཡེ་མི་སྡོད་མདོ་ཁམས་སུ་འགྲོ་བ་ཡིན་ཏེ། དེ་ཐོས་པས་ཕྱིན་ན་ཇོ་བོ་ཆེན་པོའི་སྐྱོན་ནས་བརྗོད་པ་ཐོས་ནས་དམྱལ་བར་འགྲོ་བས་མ་ཕྱིན་པ་ཡིན་གསུངས་ནས་ཇོ་བོ་ཆེན་པོ་ལ་དེ་ཙམ་དུ་གུས་པར་མཛད་བགྱི་བ་གསུངས། དེ་ལྟར་བྱས་པ་ཤེས་ཤིང་བྱས་པ་དྲིན་དུ་གཟོ་བ་འདི་ཡོད་ན་དེ་ལ་བརྟེན་ནས་བྱམས་པ་དང་སྙིང་རྗེ་ནས་བྱང་ཆུབ་ཀྱི་སེམས་ཀྱི་བར་རངས་པ་ཡང་བཟང་གི་སྐྱེ་བས་ཐེག་པ་ཆེན་པོའི་ཆོས་ཀྱི་རྩ་བ་ཡང་འདི་ཡིན། གསང་སྔགས་ཀྱི་དམ་ཚིག་དང༌། དམ་པའི་ཆོས་འདུལ་བ་ནས་གནས་དང་གནས་པའི་ཚུལ་ཁྲིམས་གསུངས་པ་ཐམས་ཅད་ཀྱང་འདིར་འདུ་བ་ཡིན་གསུངས། གཉིས་པ་ཁུངས་བཙུན་པའི་དགོས་པ་ཡང༌། ཤ་ར་བ་ཉིད་ཀྱི་ཞལ་ནས། བོད་རྣམས་ཀྱང་ཆོས་ཀྱི་ཁུངས་མིན། རྒྱ་ནག་ཀྱང་རང་བཟོ་དང་བསྣོན་འདེབས་ལ་དགའ་ཞིང་ལན་གཉིས་སུ་ལྡབ་རྒྱང་དུ་བསྒྱུར་བ་ཡིན་པས་ཁུངས་མི་བཙུན། ཆོས་ཀྱི་ཁུངས་རྒྱ་གར་ཡིན་ལ། རྒྱ་གར་སྐད་ཀླད་དུ་བྲིས་པས་ཆོས་དེ་དེ་ནས་བྱུང་བ་ཡིན་པས་ཁུངས་བཙུན་པའི་དོན་དུ་སྟེ། སྔོན་རྣམ་གཞག་མ་ཉམས་པའི་དུས་ན་བོད་མ་ལ་གང་ཡང་མེད། རྒྱ་ནག་མ་ལ་རྒྱ་སྐད་དུ་ཟེར། རྒྱ་གར་ནས་འགྱུར་ཡང་སྐད་གསར་བཅད་ཀྱིས་བཅོས་མ་གྲུབ་པ་དང་ཞུ་ཆེན་མ་བྱས་པ་ལ་རྒྱ་གར་སྐད་དང་ཞུས་རྒྱ་དང་རྒྱལ་པོའི་མཐེབ་རྒྱ་ཀུན་ཕྱི་ནས་མེད། དེ་ཀུན་ཐམས་ཅད་ཀྱིས་གཏན་ལ་ཕབ་པ་ལ་དབུ་རུ་རྒྱ་གར་སྐད་བྲིས། ཞབས་སུ་ཞུས་རྒྱ་དང་རྒྱལ་པོའི་མཐེབ་རྒྱས་ཀྱང་བཏབ་ནས་བཞུགས་པ་ལགས་པར་གདའ་སྟེ། བར་དུ་བསྟན་པ་ལ་སྐེད་ཉག་བྱུང༌། རྒྱལ་པོའི་ཁྲིམས་ནི་མེད་པས་བོད་མ་ལྡག་ལྡོག་ཀུན་ལ་ཡང་རྒྱ་གར་སྐད་བཅུག རྒྱ་ནག་མ་ཀུན་ལ་ཡང་གར་དེ་ཆད་པ་ཡིན་སྙམ་ནས་བཅུག་པས་དེང་སང་ན་ཐམས་ཅད་འདྲེས་ནས་སོང་བ་ཡིན། སྐབས་དོན་དེ་ཙམ་གྱིས་ཆུན་ཏེ། ལག་ལེན་དུ་བྱ་རྒྱུ་གཞན་ཡང་སྔོན་ཙ་ན་འཇིག་རྟེན་པའི་གཉེན་འདོགས་པ་ཀུན་ཡང་ཚ་གནད་ཟེར་ནས་ཁུངས་བཙུན་པ་ཞིག་གལ་ཆེ་བར་བྱེད་ན་རང་རེ་རྣམ་པར་གྲོལ་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་ཁུངས་བཙུན་པ་མེད་པར་སུ་ཐོད་ཐོད་ཀྱི་དྲུང་དུ་ཕྱིན་གྱི་ཅི་ཐོད་ཐོད་བསླབས་པས་མི་ཡོང༌། ཁུངས་བཙུན་པ་ཞིག་གལ་ཆེ་སྟེ། དེ་ཡང་པུ་ཏོ་བའི་ཞལ་ནས། དང་པོ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་པ་ལ་སློབ་དཔོན་སངས་རྒྱས་པ་ཉིད་དུ་གྲུབ་པ་ཞིག་དགོས། དེ་ཨ་པོ་ལ་མ་གྲུབ་པས་མི་ཡོང༌། སོ་སོར་ཐར་པའི་དབང་དུ་བྱས་ན་དགེ་བསྙེན་གྱི་སྡོམ་པ་ལེན་པ་ལ། སློབ་དཔོན་ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པ་ཞིག་དགོས། རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པའི་མཁན་པོ་དང་གནས་ཀྱི་སློབ་དཔོན་ཞུ་བ་ལ་འདུལ་བ་ཉིད་ནས། ཚུལ་ཁྲིམས་ལྡན་དང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །གསུངས་པ་བཞིན་དུ་དགེ་སློང་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་ལས་གང་ཡང་རུང་བ་དང་ལྡན་པ་ཞིག་དགོས། སློབ་དཔོན་ལ་ཡང་ལྔ་ཕྲུགས་དགོས། དགེ་འདུན་ཐུགས་བརྩེ་བ་ཅན་ཟེར་བས་ཟང་ཟིང་ལ་མི་ལྟ་ཞིང་ཁ་སྐོང་གི་ཆོས་དང་ལྡན་པ་ཞིག་དགོས། ཀློག་པའི་སློབ་དཔོན་ཡང་རིགས་པ་གླེགས་བམ་ལས་བླངས་པ་དང་དཔོན་སློབ་དམ་ཚིག་ཉམས་ཤིང་རང་སྒྲུབ་པ་དང་བྲལ་བ་ལ་མཉན་པས་ཉེས་དམིགས་ལས་དངོས་སུ་ཕན་ཡོན་མི་ཡོང་བས། རྒན་རབས་བརྟེན་པ་ལས་ལུང་གིས་ཕྱུག་པར་གྱུར་ཅིང༌། རང་སྒྲུབ་པ་ལ་གནས་ནས་སྙིང་བརྩེ་བས་གཞན་ལ་སྟོན་པ་ཞིག་དགོས་གསུངས་པ་ལ། བསྒྲུབས་པས་བརྒྱན་པ་ཁོ་ནར་མི་འདུག་པ་ལ་ཐེག་པ་ཆེན་པོའི་ཆོས་འབྲེལ་དང་མང་དུ་བྱས་ན་ཇི་ལྟར་བགྱི་ཞུས་པས། གུས་པ་ཆེན་པོ་ནི་བྱ་ལ། དེ་དང་ལྷན་ཅིག་ཏུ་མི་འགྲོགས་པ་མན་ངག་ཡིན། འགྲོགས་ན་དེའི་མཛད་སྤྱོད་ལ་མ་དད་པ་སྐྱེ་ཉེན་ཡོད་གསུངས་ནས། མ་ཤེས་པའི་དུས་ན་ཆོས་འབྲེལ་བྱས་པ་ཐམས་ཅད་ལ་ཡང་དད་གུས་བྱ་བ་ལས་རང་ཅག་གི་བཀའ་གདམས་པ་ཟེར་བ་སྐད་བཅུ་བཅུ་ལ་ཆུ་ལ་བོར་ལ་བཞག་ཡེ་མི་གསུང་བས། སྔར་ཆོས་འབྲེལ་བྱས་པ་སྒྲུབ་པས་བརྒྱན་པ་ཁོ་ནར་མི་འདུག་ཀྱང་དད་གུས་ཆེན་པོ་བྱེད་དགོས་ཏེ་ཐ་ན་ཡིག་འབྲུ་གཅིག་ཙམ་གྱི་ཆོས་འབྲེལ་ལས་མེད་ཀྱང་ངོ༌། །ཞེས་གསུངས་ཤིང༌། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སྡོམ་པ་ལེན་པ་ལ་ནི་དེ་ཀུན་པས་ཆེས་ཁྱད་པར་དུ་འཕགས་པ་ཐེག་པ་ཆེན་པོའི་ཆོས་ལས་གསུངས་པའི་མཚན་ཉིད། སྡོམ་པ་ཉི་ཤུ་པར། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལ་བླང་བར་བྱ། །ཞེས་པའམ། སྤྱོད་པ་ལ་འཇུག་པ་ནས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང༌། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་བ། །ཞེས་པའམ། གཞུང་འདི་ཉིད་ནས་ཀྱང་སྟོན་པར་འགྱུར་བ་ལྟ་བུ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཉིད་དུ་འདུག་པ། སྡོམ་པ་དེ་དག་འབོགས་པའི་འོས་ཉིད་དུ་གྱུར་པ་ཞིག་དགོས། གསང་སྔགས་ཀྱི་བླ་མ་བྱེད་པ་ལ། བླ་མ་སངས་རྒྱས་ཀུན་དང་མཉམ། །བྱ་བའམ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སློབ་དཔོན་འཇིག་རྟེན་ཆོས་སྤངས་ཤིང༌། །དེ་ཉིད་བཅུ་ནི་རབ་ཏུ་རིག །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །སློབ་དཔོན་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟ་བུའི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ཉིད་ཅིག་དགོས་པ་ཡིན། ཁྱད་པར་སྒོམ་གྱི་གདམས་ངག་ཞུ་བ་ལ་ཁུངས་བཙུན་པ་མེད་པར་ཅི་ཡང་མི་ཡོང༌། ཁུངས་བཙུན་པ་དང་ཕྲད་པ་ལ་ཡང་བསོད་ནམས་བསགས་པ་ཞིག་དགོས། བསོད་ནམས་མ་བསགས་པའི་དད་དད་པོ་འདྲ་བ་རེ་བྱུང་ཙ་ན་རྣལ་འབྱོར་པ་རེའི་ཕྱིར་འབྲངས་ཏེ། རྣལ་འབྱོར་པར་བཏགས་པ་བན་དབྱིབས་ན་ཡང་རུང༌། སྐྲ་ཅན་ན་ཡང་རུང༌། མི་ཏྲི་བའི་འབྲམ་ཟེར་དང༌། མ་འདྲེས་པ་ཡེ་མི་ཡོང༌། ད་ལྟ་རང་ཅག་སྦྲེང་ལ་སོགས་པའི་མིང་མང་པོ་བཏགས་པ་ཅན་འདི་ཀུན་ཞུ་བ་ལ་ཕྱོགས་ཐམས་ཅད་ནས་སློབ་མས་ཚོད་བཟུང་བར་མི་ནུས་པ་ཞིག་དགོས་པ་ཡིན། སློབ་མས་ཚོད་བཟུང་དུ་བཏུབ་པ་ཞིག་ལ་ཞུས་པས་ཅི་ཡང་མི་ཡོང༌། ས་ལས་གང་ཟག་གི་ཉེས་པ་ཆོས་ལ་མི་འགོ་བར་གསུངས་ཏེ་དེང་སང་ནི་འགོ་བ་ཁོ་ནར་སྣང༌། ཁུངས་བཙུན་པ་དགོས་པ་འདི་ཡང་མིས་མི་གོ་བར་སྣང༌། པུ་ཏོ་བའི་སྤྱན་སྔ་ན་འདུག་པ་དེ་རྣམས་དེའི་གསུང་ལ་ཚད་མར་འཛིན་སྙམ་པ་ལ་ཡང་མི་འཛིན་པར་མཚན་གྱི་འདོགས་ལུགས་ཀུན་རང་ལ་སུན་འབྱིན་པ་ཁོ་ནར་ཡོད་ཟེར། དེ་ཉིད་ནི་དགེ་བཤེས་སྟོན་པ་ལ་ཚད་མར་འཛིན་པས་ཨ་ཕའི་སྐད་དུ་ཁྱི་ཟ་བ་དང༌། དགའ་ལྡེང་ང་ལ་ཏ་ཆ་མེད་དེ། ཨ་པོའི་ཟེར་ཚོད་ཀྱི་རི་ཕ་ཀི་རྨ་ཆེན་སྤོམ་ར་ཡིན་ཏེ་འོང༌། ཞེས་པ་ཀུན་དཔེར་མཛད་ནས༌། ང་ལ་ཏ་ཆ་མེད་དེ་དགེ་བསྙེན་རྒད་པོ་དེ་སྐད་གསུང་ཁོ་ན་གསུངས། དེ་སྙན་ཡང་སྙན། དེ་བཞིན་པ་ཞིག་གིས་ཕན་ཏེ་ཡང་ཡོང་བ་ཡིན། སློབ་དཔོན་སུན་འབྱིན་གྱིན་པ་དེ་ལ་ཅི་ཡང་མི་ཡོང༌། ཁམས་པའི་མགར་བའི་ཁབ་མིག་བཞིན་དུ་ཕ་རྗེས་ནས་བུ་སློབ་པ་ཞིག་དགོས་པ་ཡིན་གསུངས།གསུམ་པ་སྐད་ལྡོབས་པ་ལ་ཕན་པའི་དགོས་པ་ནི། རྒྱ་གར་གྱི་སྐད་དུ་བོ་དྷི་བྱ་བ་དེ་བོད་སྐད་དུ་བྱང་ཆུབ། པཱ་ཐ་ལམ་གྱི། པྲ་དཱི་པ་སྒྲོན་མ་བྱ་བར་བསྒྱུར་ཏེ། དེ་ལ་ཤ་ར་བའི་ཞལ་ནས། སྔོན་ཙ་ན་རྗེ་བློན་ལོ་ཙཱ་ཤེས་པ་ཉིད་ཀྱང་ཉི་ཤུ་རྩ་བགྲངས་པ་ཡོད། པཎྜི་ཏ་ལ་རྒྱ་དཔེ་བཀྲམ་གྱིན་ཉན་པའི་འདི་ཙམ་རེ་ཤེས་པས་ཀྱང་མང་པོ་ཕན། དེ་ལ་དགོངས་ནས་དགེ་བཤེས་སྟོན་པས་ཀྱང་འབྲུ་དང་རྒུར་བ་ཀུན་ལ་རྒྱ་གར་གྱི་ཡི་གེ་ལ་འདི་སྐད་བྱ་བ་ཞིག་ཡོད། དེ་དོན་འདི་ལ་འཇུག་པ་ཡིན། ཁོང་གི་ལ་སངས་པ་ཞིག་ཡོད་དེ་བོད་སྐད་ལ་འདི་ལས་མ་བཏུབ་བྱ་བ་རེ་གསུངས་པ་ལ། པུ་ཏོ་བའི་ཞལ་ནས། དང་པོ་ཙ་ན་བླ་ཐབས་འདྲ་བ་ཞིག་གསུང་བ་སྙམ་བྱེད། ཕྱིས་ཙ་ན་དེ་བཞིན་དུ་གསུངས་པས་དོན་དེ་སལ་གྱི་གོ་བ་རེ་བྱུང་བས་དྲིན་དུ་ཆགས་པ་རེ་བྱུང་བ་ལ་དེར་ཁོང་བྲོས་ནས་མེད་གསུངས། ཀ་མ་བ་དང་ཉང་པོ་དར་མ་བོ་དྷི་ཀུན་གྱིས་ཀྱང་རྒྱ་གར་སྐད་ཀླད་དུ་བྲིས་པ་འདི་ཀུན་ལ་བི་ཝརྡྷ་བྱས་པས་ལོ་ཙཱ་བ་ཉིད་ཀྱང་མང་པོ་མཁྱེན། གུ་རུ་ལོ་ཙཱ་བས་འདི་རྣམས་ཁོ་ན་ལ་བི་ཝརྡྷ་བྱས་པས་ལོ་ཙཱའ་ཤེས་པ་ཡིན་སྐད། ད་ལྟ་རང་ཅག་ལ་དེ་ལྟ་བུའི་ཕན་པ་དང་མི་ཡོང་སྟེ། ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་རང་ཅག་གི་འདྲེ་སྐད་འདྲ་བ་འདིས་མི་ཡོང༌། མ་འོངས་པ་ན་བུདྡྷའི་གསུང་ཉིད་དང་ཕྲད་དགོས། ད་ལྟ་ས་བོན་བཏབ་པས་མ་འོངས་པ་ན་ཚུལ་ཁྲིམས་དང་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་གཉིས་ཀྱི་གོ་བཅད་ནས་མི་ལུས་ཐོབ་ཅིང༌། བུདྡྷའི་གསུང་དང་ཕྲད་ན་ལྡོབས་སྐྱེན་པའི་རྒྱུར་འགྲོ་ལ་ཕྲད་པའི་རྐྱེན་དུ་ཡང་འགྲོ་བ་ཡིན། དེ་ལྟར་ན་སངས་རྒྱས་ཀྱིས་ཆོས་སྐད་ཐམས་ཅད་ཀྱིས་གསུང་བ་བཟང་པོ་སྤྱོད་པ་ནས་འབྱུང་བ་བཞིན་མ་ཡིན་ནམ་སྙམ་ན། སྤྱིར་དེ་ལྟར་ཡིན་ཡང་ཐེག་པ་ཆེན་པོའི་ཆོས་ལེགས་པར་སྦྱར་བའི་སྐད་ཁོ་ནས་གསུང་བ་ཡུམ་གྱི་གཞི་ཤེས་པའི་མཐོང་ལམ་གླེང་བསླང་བའི་སྐབས་ལས། མ་འོངས་པ་ན་བཅོམ་ལྡན་འདས་བྱམས་པ་ཡང་སའི་ཕྱོགས་འདི་ཉིད་དུ་མིང་འདི་དག་ཉིད་དང་ཚིག་དང་ཡི་གེ་འདི་དག་ཉིད་ཀྱིས་ཡུམ་འདི་སྟོན་པར་འགྱུར་ལ། བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་མིང་ལ་སོགས་པ་འདི་དག་ཉིད་ཀྱིས་ཡུམ་འདི་སྟོན་པ་ལྷའི་བུ་དེ་དག་གི་སེམས་ལ་སྣང་བར་གྱུར་ཏོ་ཞེས་གསུངས་པ་དང༌། དགེ་བཤེས་སྟོན་པའི་ཞལ་ནས། ཌོམྦྷི་བས་ནཱ་རོ་པའི་བྱིན་རླབས་ལ་བརྟེན་ནས་ཡོན་ཏན་ཁྱད་པར་ཅན་བརྙེས་པའི་དུས་ན་སྔགས་པ་ཞིག་གི་རྟོག་པ་ལ་ཌོམྦྷི་བས་དེ་སྔ་ནི་ཀ་ཁ་ཡང་ངོ་མི་ཤེས། ལྷ་ཤངྐ་ར་ལ་ཡིད་དད་ཙམ་ཡིན། ནཱ་རོ་པའི་བཀའ་དྲིན་གྱིས་ཏིང་ངེ་འཛིན་འདྲ་བ་ཞིག་ནི་ཐོབ་ན་ནན་ཏར་ན་འདི་ཕྱི་རོལ་པ་ཡིན་ནམ་སངས་རྒྱས་པ་ཡིན་རང་ཡང་ཆ་མེད་སྙམ་ནས་མཚན་ཡང་དག་པར་བརྗོད་པ་ན་སྒྲའི་གནད་དཀའ་བ་མང་པོ་ཡོད་པ་རྣམས་བློ་ལ་བསྡཽགས་ནས་འདྲིར་ཕྱིན་ཙ་ན་འདྲི་མ་དགོས་པར་སྒྲ་དེ་དག་ལ་བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་བཞིན་དུ་གསུངས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་འཕགས་པ་འོད་སྲུངས་ཆེན་པོ་དང་འཕགས་པ་ཀུན་དགའ་བོས་འདི་སྐད་གསུངས་བྱ་བ་ནས་ད་ལྟར་པཎྜི་ཏ་འདི་འདི་སྐད་འཆད་བྱ་བ་ཡན་ཆད་དང༌། དེ་ལྟར་ཕྱོགས་བཅུའི་སངས་རྒྱས་རྣམས་འདི་སྐད་གསུངས། དོན་འདི་ལྟ་བུ་ཅིག་ཡིན་བྱ་བ་གསུངས། དེར་སྔགས་པ་དེ་ཁོ་སྐྱིད་པས་བཟང་པོ་སྤྱོད་པ་ན་བཞུགས་པའི་སྒྲའི་གནས་དཀའ་བ་ཐམས་ཅད་ཀྱང་ཞུས་གསུངས་པ་དང༌། པུ་ཏོ་བས་ཕུ་ཆུང་ལ་ཀྱལ་ཀའི་མཚན་སྒོམ་རྙོག་གསུངས་པས། ངའི་སྒོམ་རྙོག་ན་རེ། རྒྱ་གར་དུ་སྐྱེར་བཏུབ་ན་སྐས་ཀྱི་གདང་དུ་ཐ་མ་ལ་འཛེག་ནུས་ཙ་ན་ལྡོག་ཕོར་མཐོང་ནས་ཁུས་འདེབས་པའི་དུས་ན་ཨ་མས་སློབ་ཟེར་ཏེ། ཨ་མས་སློབ་པ་དེ་འཕྲལ་སྐད་ཡིན། སཾ་སྐྲྀ་ཏའི་སྐད་ལོགས་ན་ཡོད་གསུངས་ཏེ། དོན་སྔ་མའི་ཤེད་བྱེད་ཡིན་གསུངས།

གཉིས་པ། མཚན་གྱི་དོན་བཤད་པ་ནི། ཇོ་བོ་ལ་དགེ་བཤེས་སྟོན་པས་གཞུང་འདིའི་མཚན་བྱང་ཆུབ་ལམ་གྱི་སྒྲོན་མར་གསོལ་བའི་རྒྱུ་མཚན་ཞུས་པ་ལ། རོལ་རྙེད་མ་ཕྲོགས་པ་དང་གནོད་སྦྱིན་མཁར་བ་བསད་པའི་གཏམ་རྒྱུད་བཞིན་དུ་དོན་ལས་མཚན་དུ་གསོལ་བ་ཡིན་གསུངས་པས་གཞུང་འདིའི་མཚན་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་ལས་ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་སྐད་དུ་བོ་དྷི་པ་ཐ་པྲ་དཱི་པ་ཞེས་པ་དེ་རང་ཅག་བོད་ཀྱི་སྐད་དུ་བསྒྱུར་བའི་དོན་ཐོབ་བྱའི་འབྲས་བུ་མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པ་བྱང་ཆུབ་ཆེན་པོ་དེ་ཐོབ་པར་བྱེད་པའི་ལམ་གྱི་བླང་དོར་གྱི་གནས་གསལ་བར་བྱེད་པའི་སྒྲོན་མ་ཞེས་པ་སྟེ། དེ་ཡང་དང་པོར་སྐྱེ་ཤིའི་རྒྱུན་གྱི་སྐྲག་པ་སྒོམ། དེས་སྐྲག་པ་དང་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཆེ་བ་ལ་ཡིད་ཆེས་པར་བྱས་ནས་སྐྱབས་གནས་སུ་འཛིན། སྐྱབས་སུ་སོང་ནས་སྒྲུབ་པ་བྱེད་པ་ལ་ངན་སོང་གི་རྟེན་གྱིས་མི་ཡོང་བས་ལས་དང་འབྲས་བུའི་ཆེ་བ་ལ་ཡིད་ཆེས་པ་བསྒོམས་ནས་ངན་སོང་གི་རྒྱུ་སྤོང་ཞིང་བདེ་འགྲོའི་རྒྱུ་སྒྲུབ། བདེ་འགྲོ་ཙམ་ཐོབ་ཀྱང་སྡུག་བསྔལ་དང་བསླུ་བའི་ཆོས་ཅན་དུ་ཤེས་ནས་སྲིད་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་ཤིང་དེའི་རྒྱུ་སྤོང་བ་དང༌། དེ་ལྟར་བྱས་པས་རང་གི་རྣམ་གྲོལ་ཙམ་ཐོབ་ཀྱང་ཉེ་ཐུ་བྱེད་བྱེད་པའི་སེམས་ཅན་འཁོར་བ་ན་འཁྱམ་པ་བོར་ནས་རང་ཉིད་ཐར་པ་ཙམ་སྒྲུབ་ན་དེ་ལས་ཁྲེལ་བོར་བ་ཡང་མེད་པས། རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱི་ཉམས་ལ་སྤགས་ནས་སེམས་ཅན་གྱི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེས་སེམས་ཅན་བསྒྲལ་བའི་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པས་སྦྱོར་བའི་ཆོ་ག་ཕྱག་དང་མཆོད་པ་སྔོན་དུ་འགྲོ་བས་སྐྱབས་འགྲོ་ཁྱད་པར་ཅན་བྱས་ནས་བསླབ་བྱ་ལ་སློབ་པ་དང༌། དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་སྔོན་དུ་འགྲོ་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དམ་འཆའ་བ་སྨོན་པའི་སེམས་བསྐྱེད་ནས་བསླབ་བྱ་ལྔ་ལ་སློབ་པ་དང༌། སྨོན་པ་འབྲས་བུ་ལ་དམ་བཅས་པ་ཙམ་ཡོད་ཀྱང་འཇུག་པའི་སྡོམ་པ་མ་བླངས་ན་སྨོན་པ་འཕེལ་བའི་མཐར་ཐུག་པའི་སངས་རྒྱས་མི་ཐོབ་པས། རྟེན་སོ་སོར་ཐར་པ་རིས་བདུན་གང་རུང་དང་ལྡན་པས་སྦྱོར་བའི་ཆོ་ག་ཕྱག་དང་མཆོད་པ་སྔོན་དུ་བཏང་སྟེ། ཡུལ་དགེ་བའི་བཤེས་གཉེན་མཚན་ཉིད་བཞི་ལྡན་ཡོད་ན་དེ་ཉིད་དང༌། མེད་ན་ཕྱོགས་བཅུའི་སངས་རྒྱས་ལས་རྒྱུ་ལ་དམ་འཆའ་བ་འཇུག་པའི་སྡོམ་པ་བླངས་ནས་ཚུལ་ཁྲིམས་བསླབ་པ་གསུམ་ལ་སློབ་པ་དང༌། དེ་ཙམ་ལ་བསླབས་ཀྱང་མངོན་པར་ཤེས་པ་མེད་ན་རང་གི་ཚོགས་ཀྱང་མི་རྫོགས་ལ་སེམས་ཅན་གྱི་དོན་ཡང་མི་འགྲུབ་པས་མངོན་ཤེས་སྒྲུབ་དགོས། དེ་ལ་ཞི་གནས་ཐོབ་དགོས། དེ་ལ་དེའི་ཚོགས་ལ་གནས་དགོས་པས་ཚོགས་ལ་གནས་ནས་ཞི་གནས་སྒྲུབ་པ་སྟེ་ཐབས་ཀྱི་ཆ་རྣམས་བརྟན་པར་བྱ་བ་དང༌། དེ་དག་བརྟན་པར་གྱུར་ཀྱང་ཤེས་རབ་ཀྱིས་དངོས་པོར་འཛིན་པ་མ་སྤངས་ན་ཐམས་ཅད་མཁྱེན་པ་མི་ཐོབ་པས། ཐབས་ཀྱིས་ཟིན་པའི་བདག་མེད་གཉིས་རིམ་གྱིས་བསྒོམས་པ་དང༌། དེ་ལྟར་དེ་གཉིས་ཟུང་དུ་འཇུག་པ་ཉིད་བསྒོམས་པ་ལས་དང་པོར་ཐར་པའི་ཆ་དང་མཐུན་པ་སྐྱེ། དེ་ནས་རིམ་གྱིས་དྲོད་ལ་སོགས་པ་ངེས་པར་འབྱེད་པའི་ཆ་བཞི་བགྲོད་པ་ལས་དང་པོ་རབ་ཏུ་དགའ་བ་ཐོབ་ལ། དེས་མཐོང་བའི་དོན་སྒོམ་ལམ་ས་དགུས་གོམས་པར་བྱས་པ་ལས་རྫོགས་པའི་བྱང་ཆུབ་ཐོབ་པ་ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌། གསང་སྔགས་ཀྱི་སྒོ་ནས་བྱ་བ་བྱེད་པ་ལ་དབང་ཐོབ་དགོས་པ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཚངས་སྤྱོད་པ་ཅན་གྱིས་བྱར་མི་རུང་བ་དང༌། སློབ་དཔོན་གྱི་དབང་ཐོབ་ཅིང་བླ་མ་ལས་གནང་བ་ཐོབ་པ་དང༌། སློབ་དཔོན་གྱི་ཆོས་དེ་ཉིད་བཅུ་རིག་པ་ལ་སོགས་པ་ཞིག་དགོས་པ་རྣམས་གང་ཟག་གི་རྒྱུད་ལ་རིམ་གྱིས་སྐྱེ་བ་ནི་སྒྲོན་མ་དངོས་ཡིན་ལ། དེའི་སྒྲ་དོན་གྱི་སྤྱི་བློ་ལ་སྣང་བ་དང་གཞུང་ཡི་གེར་བཀོད་པ་འདི་ལ་ཡང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བཏགས་ནས་དེ་སྐད་ཅེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བརྒྱད་སྟོང་དོན་བསྡུས་སུ། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དེ་དོན་སྦྱོར་བའི་ཕྱིར། །གཞུང་ལམ་དག་ནི་དེ་སྒྲ་ཡིན། །ཞེས་གསུངས་པ་བཞིན་ཏེ། བསྟན་བཅོས་ཀྱི་དོན་ཐམས་ཅད་མཚན་གྱི་ནང་དུ་འདུ་བར་བྱ་བའི་དོན་དུ་ཡང་མཚན་ཀླད་དུ་བྲིས་པ་ཡིན། ཞེས་ཤ་ར་བས་གསུངས་ཤིང༌། པུ་ཏོ་བའི་ཞལ་ནས། ད་འདི་མན་ཆད་ལམ་སྒྲོན་ཞིག་རེ་ན་བརྩེས་མགོ་དེ་རྣམས་ལས་མེད་གསུངས་སྐད།


previousགཅིག མཚན།next